ཨུ་རུ་སི་དང་པཱ་ཞིའི་ཙུང་ཐུང་གིས་སྣེ་མང་འཛམ་གླིང་གི་སྒྲིག་ལམ་ཞིག་འཛུགས་པར་འབད་འབུངས་བྱེད་རྒྱུའི་ཚུལ་བསྟན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 02-22


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་དྲུག་ཉིན་ཁི་ལི་མུའུ་ལིན་ཕོ་བྲང་ནས་འཚམས་འདྲིར་ཡོང་བའི་པཱ་ཞིའི་ཙུང་ཐུང་པའོ་སོ་ནཱ་ལོ་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་རྒྱལ་སྤྱིའི་བཅའ་ཁྲིམས་ཤིག་རྨང་གཞིར་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་དཀྱིལ་སྙིང་དུ་བྱས་ནས་མཐུན་སྦྱོར་བྱེད་པའི་སྣེ་མང་འཛམ་གླིང་གི་སྒྲིག་ལམ་འཛུགས་པར་འབད་འབུངས་བྱེད་རྒྱུ་ཡིན་ཟེར། 
        ཕུའུ་ཅིན་དང་པའོ་སོ་ནཱ་ལོ་ཡིས་གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྲ་བརྟན་དུ་གཏོང་བ་དང་ཆབ་སྲིད་གྲོས་མོལ་ཇེ་ཟབ་ཏུ་བཏང་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་རྩ་དོན་དང་དམིགས་ཡུལ་གཞིར་བཟུང་སྟེ། བཟོད་སྒོམ་དང་འདྲ་མཉམ། འཐུས་ཚབ་རང་བཞིན་ལྡན་པའི་རྒྱལ་སྤྱིའི་མ་ལག་ཤིག་འཕེལ་རྒྱས་སུ་གཏོང་བ་དང་། འཛམ་གླིང་གི་ཞི་བདེ་དང་དམངས་གཙོ། དར་རྒྱས་བཅས་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་འཛམ་གླིང་གི་ས་ཁུལ་སོ་སོའི་གཏན་འཇགས་མིན་པའི་སྣང་ཚུལ་ལ་སེམས་ཁུར་བྱེད་བཞིན་ཡོད་ལ། རྒྱལ་སྤྱིའི་བཅའ་ཁྲིམས་གཞིར་བཟུང་སྟེ་ཞི་བདེ་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་འཁྲུག་རྩོད་ཐག་གཅོད་བྱེད་དགོས་པའི་འདོད་བློ་བཏོན་ཡོད། 
        ཨུ་རུ་སིའི་ཙུང་ཐུང་དྲ་ཚིགས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཕུའུ་ཅིན་དང་པའོ་སོ་ནཱ་ལོ་ཡིས་གྲོས་མོལ་བྱེད་སྐབས་ཨུ་རུ་སི་དང་པཱ་ཞིའི་འཐབ་ཇུས་གྲོགས་པོའི་འབྲེལ་བར་ཤུགས་སྣོན་པར་གྲོས་བསྡུར་བྱས། རྒྱལ་ཁབབ་གཉིས་ཀྱི་དམག་དོན་ཁྱབ་ཁོངས་ཀྱི་མཉམ་ལས་དང་བརྗེ་རེས། དེ་མིན་དཔལ་འབྱོར་ཉོ་ཚོང་གི་འཕེལ་རྒྱས། ཚན་རྩལ་དང་མི་གཞུང་ཁྱབ་ཁོངས་ཀྱི་མཉམ་ལས་སོགས་གནད་དོན་ལ་ཤུགས་སྣོན་བྱེད་རྒྱུ་མ་ཟད། རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐད་ནས་བསམ་འཆར་བརྗེ་རེས་བྱས། 
        ཕུའུ་ཅིན་གྱིས་གྲོས་མོལ་མཇུག་སྒྲིལ་རྗེས་གསར་འགྱུར་ལས་རིགས་ལ་བསྟན་དོན། ཨུ་རུ་སི་དང་པཱ་ཞིའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་དེ་ཁྱབ་ཁོངས་མི་འདྲ་བར་འབྲེལ་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱིས་དཔལ་འབྱོར་མཉམ་ལས་སྔར་ལས་རྒྱ་བསྐྱེད་པར་རེ་བཞིན་ཡོད། པཱ་ཞི་ནི་ཨུ་རུ་སིའི་ལཱ་ཏེན་མེ་གླིང་ས་ཁུལ་གྱི་ཉོ་ཚོང་གྲོགས་པོ་གཙོ་བོ་ཡིན་ལ། ཕྱོགས་གཉིས་ཀྱི་ཉོ་ཚོང་འབོར་གྲངས་ཀྱིས་ཨུ་རུ་སིའི་ས་ཁུལ་དེའི་ཉོ་ཚོང་འབོར་གྲངས་ཀྱི་སུམ་ཆའི་གཅིག་ཟིན་ཡོད་ཟེར། 
        པའོ་སོ་ནཱ་ལོ་ཡིས་བསྟན་དོན། ཁོས་ཐེངས་འདིར་ཨུ་རུ་སིར་འཚམས་འདྲི་བྱས་པ་ལས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་མདུན་ལྗོངས་བཟང་བ་གསལ་བཤད་བྱས་ཡོད། ཁོས་ཕུའུ་ཅིན་དང་མཉམ་དུ་ཕན་འབྲས་ལྡན་པའི་གྲོས་མོལ་བྱས་པ་ལས་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་རྒྱ་ཆེན་མོ་མངོན་པར་བྱས་ཡོད་ཟེར། 
        བསྒྲགས་པ་ལྟར་ན། ཉིན་དེར་ཨུ་རུ་སི་དང་པཱ་ཞི་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་དང་རྒྱལ་སྲུང་བློན་ཆེན་གྱིས་མའོ་སི་ཁོ་ནས་གྲོས་མོལ་ཐོག་མ་སྤེལ། 
        པའོ་སོ་ནཱ་ལོ་ཚེས་བཅོ་ལྔ་ཉིན་མའོ་སི་ཁོ་རུ་འབྱོར་ནས། ཨུ་རུ་སིར་དངོས་གཞིའི་འཚམས་འདྲི་བྱེད་མགོ་བརྩམས་པ་དང་། དེའི་རྗེས་སུ་ཁོས་ཧང་ག་རི་ལ་འཚམས་འདྲི་བྱེད་རྒྱུ་རེད།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1