༄༅། །ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྙིང་བསྡུས།༼༢༽

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-26


གསུམ་པ། གཏིང་ཟབ་པའི་སྒོ་ནས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་བྱེད་པའི་ལས་འགན་ཁག་དང་བྱ་སྤྱོད་འགངས་ཆེན་ཁོང་དུ་ཆུད་པ་བྱེད་དགོས།

གྲོས་ཆོད།ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་ནས་འགོ་བཟུང་སྟེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བའི་བླང་བྱ་ལྟར། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཏེ། ཚན་རིག་དང་མཐུན་པའི་ངང་ཁྲིམས་འཛུགས་རྒྱུ་དང་། ཁྲིམས་ལག་བསྟར་ནན་པོ་བྱ་རྒྱུ། གཞུང་དྲང་ངང་ཁྲིམས་འཛིན་བྱ་རྒྱུ། དམངས་ཡོངས་ཀྱིས་ཁྲིམས་ལ་བརྩི་སྲུང་བྱ་རྒྱུ། ཁྲིམས་སྐྱོང་ལས་དོན་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུའི་ལས་འགན་གཙོ་བོ་བཏོན། གཏིང་ཟབ་པའི་སྒོ་ནས་སྒྲོག་འགྲེལ་བྱ་བ་བརྒྱུད་རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་ལ་ཁྲིད་སྟོན་བྱས་ཏེ། ཕྱོགས་ཡོངས་ནས་ཁྲིམས་སྐྱོང་འཛུགས་སྐྲུན་སྐུལ་སྤེལ་བྱ་བ་ནི་གོ་རིམ་ལྡན་པའི་ལས་གཞི་ཞིག་ཡིན་པ་དང་། བདག་སྐྱོང་ཁྱབ་ཁོངས་ཀྱི་ཁྱབ་རྒྱ་ཆེ་ཞིང་གཏིང་ཟབ་པའི་གསར་བརྗེ་ཐེངས་གཅིག་ཡིན། ཏང་ཡོངས་དང་སྤྱི་ཚོགས་ཡོངས་མཉམ་དུ་ཞུགས་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་བྱེད་པའི་ལས་འགན་ཁག་དོན་དུ་འཁྱོལ་བར་བྱ་དགོས་པ་ཤེས་རྟོགས་བྱུང་དུ་འཇུག་དགོས།

གཅིགཚན་རིག་དང་མཐུན་པའི་ཁྲིམས་འཛུགས་རྒྱུའི་སྐོར། གྲོས་ཆོད།ཀྱིས་རྩ་ཁྲིམས་ཀྱིས་ལྟེ་བ་བྱེད་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་མ་ལག་འཐུས་ཚང་དུ་བཏང་ནས་རྩ་ཁྲིམས་ལག་བསྟར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་ཞེས་པ་ཁ་བྱང་བྱས་ཏེ། ཚན་རིག་དང་མཐུན་པའི་ངང་ཁྲིམས་འཛུགས་རྒྱུར་སྐུལ་སྤེལ་བྱེད་པར་ཕྱོགས་བཞི་ནས་ལས་འགན་གཙོ་བོ་བཏོན་ཡོད་དེ། གཅིག་ནས་རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་གྱི་ལམ་ལུགས་འཐུས་ཚང་གཏོང་རྒྱུ། གཉིས་ནས་ཁྲིམས་འཛུགས་སྒྲིག་གཞི་འཐུས་ཚང་གཏོང་རྒྱུ། གསུམ་ནས་ཚན་རིག་དང་མཐུན་པའི་ངང་ཁྲིམས་འཛུགས་རྒྱུ་དང་ཁྲིམས་འཛུགས་དམངས་གཙོར་སྐུལ་སྤེལ་གཏིང་ཟབ་གཏོང་རྒྱུ། བཞི་ནས་ཁྱབ་ཁོངས་གཙོ་བོའི་ཁྲིམས་འཛུགས་ཐད་ཤུགས་སྣོན་རྒྱག་རྒྱུ། སྒྲོག་འགྲེལ་ཁྲོད་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་བྱེད་པར། ངེས་པར་དུ་ཁྲིམས་འཛུགས་སྔོན་སྐྱོད་རྒྱུན་འཁྱོངས་དང་། ཁྲིམས་འཛུགས་ཀྱི་སྤུས་ཚད་མཐོར་འདེགས་གཏོང་བའི་འགག་རྩ་དམ་པོར་འཛིན་པ། མི་དམངས་རྩ་བར་འཛིན་པ་དང་མི་དམངས་ཀྱི་ཆེད་དུ་ཁྲིམས་འཛུགས་པའི་འདོད་བློར་བརྩི་སྲུང་ནན་པོ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་ལེན་མཐར་ཕྱིན་བྱས་ཏེ། ཁྲིམས་འཛུགས་ཀྱི་དོན་ཚན་རེ་རེ་རྩ་ཁྲིམས་ཀྱི་དགོངས་དོན་དང་མཐུན་པ་དང་མི་དམངས་ཀྱི་འདོད་བློ་མཚོན་པ། མི་དམངས་ཀྱིས་བརྩི་བཀུར་ཐོབ་པ་བྱ་དགོས་པ་གསལ་པོར་བསྒྲག་དགོས།

གཉིས།ཁྲིམས་ལག་བསྟར་ནན་མོ་བྱ་རྒྱུའི་སྐོར། བཅའ་ཁྲིམས་ཀྱི་གསོན་ཤུགས་དེ་ལག་བསྟར་བྱེད་པར་རག་ལས་པ་དང་། བཅའ་ཁྲིམས་ཀྱི་དབང་གྲགས་ཀྱང་ལག་བསྟར་བྱེད་པར་རག་ལས་ཡོད་པས། རིམ་པ་སོ་སོའི་སྲིད་གཞུང་གིས་ངེས་པར་དུ་ཏང་གི་དབུ་ཁྲིད་འོག་རྒྱུན་འཁྱོངས་དང་། ཁྲིམས་སྐྱོང་གི་བགྲོད་ལམ་སྟེང་དུ་ལས་ཀ་བསྒྲུབས་ཏེ། འགན་ནུས་ཚན་རིག་དང་། འགན་འཁྲི་ཁྲིམས་བཀོད། ཁྲིམས་བསྟར་ནན་མོ། དྲང་བདེན་མངོན་གསལ་བཅས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་ཞིག་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་དགོས། གྲོས་ཆོད།ཀྱིས་ཁྲིམས་ལྟར་སྲིད་འཛིན་བྱེད་པར་སྐུལ་སྤེལ་ཟབ་མོ་བྱས་ཏེ་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས་ཞེས་པ་ཁ་བྱང་བྱས་ཏེ། ཁྲིམས་ལག་བསྟར་ནན་མོ་བྱ་རྒྱུར་སྐུལ་སྤེལ་བྱེད་པར་ཕྱོགས་དྲུག་གི་ཐད་ནས་ལས་འགན་གཙོ་བོ་བཏོན་ཡོད་དེ། གཅིག་ནས་ཁྲིམས་ལྟར་ཕྱོགས་ཡོངས་ནས་སྲིད་གཞུང་གི་འགན་ནུས་ལག་བསྟར་བྱ་རྒྱུ། གཉིས་ནས་ཁྲིམས་ལྟར་ཐབས་ཇུས་ནང་རྐྱེན་འཐུས་ཚང་བཟོ་རྒྱུ། གསུམ་ནས་སྲིད་འཛིན་ཁྲིམས་སྐྱོང་སྒྲིག་གཞིའི་བསྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ། བཞི་ནས་གཞུང་དྲང་ཚུལ་ལྡན་གྱི་ཁྲིམས་སྐྱོང་ཚད་ལྡན་རྒྱུན་འཁྱོངས་བྱ་རྒྱུ།  ལྔ་ནས་སྲིད་འཛིན་དབང་ཆར་ཚོད་འཛིན་དང་ལྟ་སྐུལ་ཇེ་དྲག་ཏུ་གཏོང་རྒྱུ། དྲུག་ནས་སྲིད་དོན་སྤྱི་བསྒྲགས་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་རྒྱུ། སྒྲོག་འགྲེལ་ཁྲོད་དུ་རིམ་པ་སོ་སོའི་སྲིད་གཞུང་གིས་ཏང་གི་དབུ་ཁྲིད་འོག་དང་ཁྲིམས་སྐྱོང་ལམ་བུའི་སྟེང་ལས་ཀ་སྤེལ་རྒྱུ་ངེས་པར་དུ་རྒྱུན་འཁྱོངས་བྱ་རྒྱུ་དང་། འགན་ནུས་ཚན་རིག་དང་། འགན་འཁྲི་ཁྲིམས་བཀོད། ཁྲིམས་བསྟར་ནན་མོ། དྲང་བདེན་མངོན་གསལ། སྤྱོད་གཙང་ཕྱོད་ཆེ་བ། ཁྲིམས་སྲུང་བློ་ཐུབ་ཀྱི་ཁྲིམས་སྐྱོང་སྲིད་གཞུང་ཞིག་འཛུགས་སྐྲུན་བྱ་རྒྱུ་ཇེ་མགྱོགས་སུ་གཏོང་དགོས་པ་གསལ་པོར་བསྒྲག་དགོས།

གསུམ།གཞུང་དྲང་ངང་ཁྲིམས་འཛིན་བྱ་རྒྱུའི་སྐོར། གྲོས་ཆོད།ཀྱིས་གཞུང་དྲང་ངང་ཁྲིམས་འཛིན་བྱ་རྒྱུར་ཁག་ཐེག་བྱས་ཏེ་ཁྲིམས་འཛིན་གྱི་སྤྱིའི་ཡིད་རྟོན་ཚད་མཐོ་རུ་གཏོང་དགོས་ཞེས་པ་ཁ་བྱང་བྱས་ཏེ། གཞུང་དྲང་ངང་ཁྲིམས་འཛིན་བྱ་རྒྱུར་སྐུལ་སྤེལ་བྱེད་པར་ཕྱོགས་དྲུག་གི་ཐད་ནས་ལས་འགན་གཙོ་བོ་བཏོན་པ་དང་། ངེས་པར་དུ་ཁྲིམས་འཛིན་དོ་དམ་སྒྲིག་སྲོལ་དང་ཁྲིམས་འཛིན་དབང་ཤུགས་འཁོར་སྐྱོད་ནང་རྐྱེན་འཐུས་ཚང་དུ་བཏང་ནས། ཁྲིམས་འཛིན་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས་པ་དང་། ཁྲིམས་འཛིན་བྱ་འགུལ་གྱི་ལྟ་སྐུལ་བྱ་བར་ཤུགས་བསྣན་ནས། མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་གཞིའི་ཁྲོད་ནས་དྲང་བདེན་དྲང་བཞག་ཡོང་བ་བྱེད་དགོས་པ་བསྟན་ཡོད་དེ། གཅིག་ནས་ཁྲིམས་ལྟར་འདྲི་གཅོད་དབང་ཆ་དང་ཞིབ་དཔྱོད་དབང་ཆ་སྒེར་ཚུགས་དང་དྲང་བདེན་གྱིས་ལག་བསྟར་བྱེད་པའི་ལམ་ལུགས་འཛུགས་པའི་བྱ་བར་འཐུས་ཚང་དང་འགན་སྲུང་བྱ་རྒྱུ། གཉིས་ནས་ཁྲིམས་འཛིན་འགན་དབང་བཀོད་སྒྲིག་བྱ་བ་ཇེ་ལེགས་སུ་གཏོང་རྒྱུ། གསུམ་ནས་ཁྲིམས་འཛིན་ནན་མོ་བྱེད་པར་སྐུལ་སྤེལ་གཏོང་རྒྱུ། བཞི་ནས་མི་དམངས་མང་ཚོགས་ཁྲིམས་འཛིན་བྱ་བར་ཞུགས་པར་འགན་སྲུང་བྱེད་རྒྱུ། ལྔ་ནས་འགྲོ་བ་མིའི་ཐོབ་ཐང་ཁྲིམས་འཛིན་འགན་སྲུང་བྱ་བར་ཤུགས་སྣོན་རྒྱག་རྒྱུ།  དྲུག་ནས་ཁྲིམས་འཛིན་བྱ་འགུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་རྒྱུ། སྒྲོག་འགྲེལ་ཁྲོད་དུ་ངེས་པར་དུ་ཁྲིམས་འཛིན་དོ་དམ་སྒྲིག་སྲོལ་དང་ཁྲིམས་འཛིན་དབང་ཤུགས་འཁོར་སྐྱོད་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས་པ་དང་། ཁྲིམས་འཛིན་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས་པ། ཁྲིམས་འཛིན་བྱེད་སྒོའི་ལྟ་སྐུལ་ལས་ཀར་ཤུགས་བསྣན་ནས། མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་གཞིའི་ཁྲོད་ནས་དྲང་བདེན་དྲང་བཞག་ཡོང་བ་བྱེད་དགོས་པ་གསལ་པོར་བསྒྲག་དགོས།

བཞི།དམངས་ཡོངས་ཀྱིས་ཁྲིམས་ལ་བརྩི་སྲུང་བྱ་རྒྱུའི་སྐོར། བཅའ་ཁྲིམས་ཀྱི་དབང་གྲགས་དེ་མི་དམངས་ཀྱི་གོང་བཀུར་དང་དད་མོས་ལས་བྱུང་བ་ཡིན། དམངས་ཡོངས་ཀྱིས་ཁྲིམས་ལ་བརྩི་སྲུང་བྱ་རྒྱུ་ནི་ཁྲིམས་སྐྱོང་རྒྱལ་ཁབ་དང་ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཡིན། གྲོས་ཆོད།ཀྱིས་དམངས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་མཐོར་འདེག་བཏང་སྟེ་ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན་བྱ་བར་སྐུལ་སྤེལ་གཏོང་དགོས་ཞེས་པ་ཁ་བྱང་བྱས་ཏེ། དམངས་ཡོངས་ཀྱིས་ཁྲིམས་ལ་བརྩི་སྲུང་བྱ་རྒྱུ་སྐུལ་སྤེལ་བྱེད་པར་ཕྱོགས་བཞི་ཡི་ཐད་ནས་ལས་འགན་གཙོ་བོ་བཏོན་ཡོད་དེ། གཅིག་ནས་སྤྱི་ཚོགས་ཡོངས་ལ་ཁྲིམས་སྐྱོང་འདུ་ཤེས་འཛུགས་པར་སྐུལ་སྤེལ་གཏོང་རྒྱུ། གཉིས་ནས་རིམ་པ་མང་པོའི་ཁྱབ་ཁོངས་ནས་ཁྲིམས་ལྟར་བདག་སྐྱོང་བྱེད་པར་སྐུལ་སྤེལ་གཏོང་རྒྱུ། གསུམ་ནས་བཅའ་ཁྲིམས་ཞབས་ཞུའི་མ་ལག་ཆ་ཚང་འཛུགས་སྐྲུན་གཏོང་རྒྱུ། བཞི་ནས་ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་དང་རྩོད་གཞི་འདོར་སེལ་གྱི་ནང་རྐྱེན་འཐུས་ཚང་སྐྲུན་རྒྱུ། སྒྲོག་འགྲེལ་ཁྲོད་དུ་ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་དགོངས་དོན་དར་སྤེལ་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིག་གནས་འཛུགས་སྐྲུན་བྱེད་དགོས་པ་དང་། སྤྱི་ཚོགས་ཡོངས་ཀྱིས་ཁྲིམས་སྐྱོང་བའི་བརྩོན་སེམས་དང་རང་འགུལ་གྱི་རང་བཞིན་ཇེ་དྲག་ཏུ་གཏོང་བ། ཁྲིམས་སྲུང་བ་ནི་གཟི་བརྗིད་ཡིན་ཞིང་། ཁྲིམས་དང་འགལ་བ་ནི་ངོ་ཚ་ཡིན་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་ཅིག་ཆགས་དགོས་པ་གསལ་པོར་བསྒྲག་དགོས།

ལྔ།ཁྲིམས་སྐྱོང་ལས་དོན་དཔུང་སྡེ་འཛུགས་སྐྲུན་གྱི་སྐོར། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་སྤེལ་བྱེད་དགོས་ན། སྤྱོད་ཡོན་གཉིས་ལྡན་གྱི་བྱང་ཚད་མཐོ་བའི་ཁྲིམས་སྐྱོང་ལས་དོན་དཔུང་སྡེ་ཞིག་འཛུགས་སྐྲུན་བྱེད་རྒྱུ་ནི་གལ་འགངས་ཆེ་བ་ཞིག་ཡིན། གྲོས་ཆོད།ཀྱིས་ཁྲིམས་སྐྱོང་ལས་དོན་དཔུང་སྡེ་འཛུགས་སྐྲུན་བྱེད་པར་ཕྱོགས་གསུམ་གྱི་ཐད་ནས་ལས་འགན་གཙོ་བོ་བཏོན་ཡོད་དེ། གཅིག་ནས་བྱང་ཚད་མཐོ་བའི་ཁྲིམས་སྐྱོང་ཆེད་དོན་དཔུང་སྡེ་འཛུགས་སྐྲུན་བྱེད་རྒྱུ། གཉིས་ནས་བཅའ་ཁྲིམས་ཞབས་ཞུའི་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ། གསུམ་ནས་ཁྲིམས་སྐྱོང་ཤེས་ལྡན་མི་སྣའི་གསོ་སྐྱོང་ནང་རྐྱེན་གསར་སྐྲུན་བྱེད་རྒྱུ། སྒྲོག་འགྲེལ་ཁྲོད་དུ་ངེས་པར་དུ་ཤུགས་ཆེན་པོས་ཁྲིམས་སྐྱོང་ལས་དོན་དཔུང་སྡེའི་བསམ་བློའི་ཆབ་སྲིད་ཀྱི་བྱང་ཚད་དང་། བྱེད་སྒོའི་ལས་ཀའི་ནུས་པ། ལས་རིགས་ཀུན་སྤྱོད་ཀྱི་ཆུ་ཚད་བཅས་ཇེ་མཐོར་གཏོང་བ་དང་། ཏང་ལ་བློ་དཀར་བ་དང་རྒྱལ་ཁབ་ལ་བློ་དཀར་བ། མི་དམངས་ལ་བློ་དཀར་བ། བཅའ་ཁྲིམས་ལ་བློ་དཀར་བ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལས་དོན་དཔུང་སྡེ་ཞིག་འཛུགས་སྐྲུན་བྱེད་པར་ཤུགས་འདོན་དགོས་པ་གསལ་པོར་བསྒྲག་དགོས།

བཞི་པ། ཏང་གིས་ཕྱོགས་ཡོངས་ནས་བཅོས་བསྒྱུར་དང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྣེ་ཁྲིད་བྱེད་པ་དམ་འཛིན་དང་ཤུགས་སྣོན། བཅོས་བསྒྱུར་བཅས་བྱ་དགོས།

ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གསལ་པོར་བསྟན་དོན། ཏང་གི་དབུ་ཁྲིད་རྒྱུན་འཁྱོངས་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་གི་རྩ་བའི་རེ་འདུན་ཡིན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་རྩ་བའི་རྟེན་གནས་དང་ཚེ་སྲོག་གི་གཟུང་ཐག་ཡིན་ལ།  རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཁེ་ཕན་དང་བདེ་སྐྱིད་དང་འབྲེལ་ཞིང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་སྤེལ་གཏོང་བའི་འོས་འགན་ཞིག་ཀྱང་ཡིན། ཏང་གི་དབུ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་གཉིས་ནི་གཅིག་འདྲ་ཡིན་ཏེ། སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་བྱ་དགོས་ན་ངེས་པར་ཏང་གི་དབུ་ཁྲིད་རྒྱུན་འཁྱོངས་བྱ་དགོས་ཤིང་། ཏང་གི་དབུ་ཁྲིད་རྒྱུན་འཁྱོངས་བྱ་དགོས་ན་ངེས་པར་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་ལ་བརྟེན་དགོས་ཀྱི་ཡོད། གྲོས་ཆོད།ཀྱི་ནང་དོན་ཁག་བདུན་པ་སྟེ། ཏང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་འབྲེལ་བའི་ཡིག་ཆ་ནི། ཁྲིམས་ལྟར་སྲིད་སྐྱོང་བ་རྒྱུན་འཁྱོངས་དང་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། ཏང་ཡོན་ལས་བྱེད་པའི་ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་ལྟར་ལས་དོན་སྒྲུབ་པའི་ནུས་ཤུགས་མཐོར་འདེགས་གཏོང་བ། དེ་བཞིན་གཞི་རིམ་གྱི་བདག་སྐྱོང་ཁྲིམས་སྐྱོང་ཅན་དུ་སྐུལ་སྤེལ་གཏོང་བ། ཁྲིམས་ལྟར་དམག་དཔུང་སྐྱོང་བ་དང་གཟབ་ནན་གྱིས་དམག་དཔུང་སྐྱོང་བར་སྐུལ་སྤེལ་ཟབ་མོ་གཏོང་བ། ཁྲིམས་ལྟར་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལག་བསྟར་འགན་ལེན་དང་མེས་རྒྱལ་གཅིག་གྱུར་ལ་སྐུལ་སྤེལ་གཏོང་དགོས་པ། ཕྱི་འབྲེལ་ཁྲིམས་ལུགས་ལས་ཀ་སོགས་ཀྱི་ཕྱོགས་ནས་མ་ལག་དང་ལྡན་ཞིང་འཐུས་སྒོ་ཚང་བའི་ལམ་ལུགས་ཀྱི་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ལ་དམིགས་ཡོད་ཅིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་ཐོག་གསུང་བཤད་གལ་ཆེན་གནང་ནས། ཏང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་སྤེལ་གཏོང་བའི་རྩ་འཛུགས་དབུ་ཁྲིད་ལ་རེ་འདུན་གསལ་པོར་བཏོན་གནང་ཡོད།

ལྔ་པ།  ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་སྤེལ་གཏོང་བའི་ཐད་ཀྱི་འབྲེལ་བ་ཆེན་པོ་བཞི་དག་བསྒྲིགས་བྱེད་པ།

 ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་སྤེལ་གཏོང་དགོས་ན། ངེས་པར་དུ་འབྲེལ་བ་ཆེན་པོ་བཞི་ལ་དག་བསྒྲིགས་བྱ་དགོས།

གཅིག ཕྱོགས་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་དང་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་སྤེལ་གཏོང་བ་གཉིས་ཀྱི་འབྲེལ་བ། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྐབས་སུ་ཕྱོགས་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་ལམ་སྲོལ་གསར་པ་དེ་བཏོན་ཡོད་ལ། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ནས་འགོ་བརྩམས་ཤིང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་སྤེལ་གཏོང་བའི་རིམ་པ་གསར་པ་སྟེ། ཚང་འཛོམས་གྲོས་ཚོགས་གཉིས་དང་། གཏན་འབེབས་དོན་ཚན་གཉིས། ལས་ཀ་ཆེན་པོ་གཉིས་བཅས་ཀྱི་བར་ལ་འབྲལ་མེད་ཀྱི་འབྲེལ་བ་ཞིག་ཡོད་དེ། སྤྱི་ཁོག་གཅིག་གི་འཐབ་ཇུས་བཀོད་སྒྲིག་དེ་དུས་ཚོད་གཅིག་པ་ཞིག་གི་ནང་རིམ་པ་བཞིན་ཁ་ཕྱེས་པ་ཞིག་ཡིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེ་ལ་བུ་མོ་སྤུན་གཉིས་ཀྱི་ལེའུ་ཞེས་གསུངས་ཀྱི་ཡོད། ཕྱོགས་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་དང་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་སྤེལ་གཏོང་བ་གཉིས་ཀྱི་སྤྱིའི་དམིགས་འབེན་ནི། རྩ་བའི་ཁ་ཕྱོགས་གཅིག་པ་ཡིན་ལ། དེ་གཉིས་ཀས་དམིགས་འབེན་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཛུགས་སྐྲུན་དང་འཐུས་ཚང་དུ་གཏོང་བ། རྒྱལ་ཁབ་བདག་སྐྱོང་མ་ལག་དང་བདག་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་སྤེལ་གཏོང་གི་ཡོད།  དྲིལ་བསྒྲགས་ཀྱི་ཁྲོད་དུ། ཕྱོགས་གཅིག་ནས། ཕྱོགས་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་བྱེད་པ་ལ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ཡིས་འགན་ལེན་བྱ་དགོས་ལ། ཁྲིམས་སྐྱོང་གི་ལམ་བུའི་ཐོག་མུ་མཐུད་དུ་བཅོས་བསྒྱུར་ཟབ་སྤེལ་བྱ་དགོས་པ་དང་། ཁྲིམས་སྐྱོང་གི་བསམ་བློ་དང་ཁྲིམས་སྐྱོང་གི་བྱེད་ཐབས་མཐོར་འདེགས་དང་བེད་སྤྱོད་བྱས་ཏེ། བཅོས་བསྒྱུར་གྱི་ནུས་པ་དང་ཆུ་ཚད་ལ་སྐུལ་སྤེལ་གཏོང་དགོས། ཁྲིམས་སྐྱོང་བརྒྱུད་ནས་བཅོས་བསྒྱུར་གྱི་ཐུན་མོང་ལྟ་བ་ཆགས་པ་དང་། བཅོས་བསྒྱུར་གྱི་ཉེན་ཁ་མཉམ་དུ་བསལ་བ། བཅོས་བསྒྱུར་ཟབ་སྤེལ་ལ་སྐུལ་སྤེལ་བཅས་བྱས་ནས། བཅོས་བསྒྱུར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་པ་བཅས་གསལ་པོར་བརྗོད་དགོས།  ཕྱོགས་གཞན་ཞིག་ནས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་སྤེལ་བྱེད་པ་ལ། ཕྱོགས་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་གྱིས་ཤུགས་འདོན་རོགས་བྱ་དགོས་ཤིང་། ཕྱོགས་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་གྱི་སྤྱི་ཁོག་སྒྲིག་གཞིའི་འོག་ཏུ་ལས་ཀ་ཚང་མར་སྐུལ་སྤེལ་གཏོང་དགོས་པ་གསལ་པོར་བརྗོད་དགོས། ཕྱོགས་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་དང་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་གཉིས་ནི། དཔེར་ན། བྱ་རྒོད་ཀྱི་གཤོག་ཟུང་དང་། འཐབ་འཁོར་གྱི་འཁོར་ལོ་གཉིས་དང་འདྲ་བས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་ལས་དོན་མུ་མཐུད་ནས་མདུན་དུ་བསྐྱོད་པར་མཉམ་དུ་སྐུལ་སྤེལ་གཏོང་དགོས།

གཉིས།ཏང་གི་དབུ་ཁྲིད་རྒྱུན་འཁྱོངས་དང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་གཉིས་ཀྱི་འབྲེལ་བ། ཏང་གི་དབུ་ཁྲིོད་རྒྱུན་འཁྱོངས་དང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་གཉིས་ཀྱི་འབྲེལ་བ་ནི་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་རྩ་བའི་གནད་དོན་ཞིག་ཡིན། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་དགོས་ན་ཐོག་མར་རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བྱ་དགོས་ལ། ཁྲིམས་ལྟར་སྲིད་སྐྱོང་དགོས་ན་ཐོག་མར་རྩ་ཁྲིམས་ལྟར་སྲིད་སྐྱོང་བ་རྒྱུན་འཁྱོངས་བྱ་དགོས་ཀྱི་ཡོད། རང་རྒྱལ་གྱི་རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་ཁྲིམས་ལུགས་ཀྱི་རྣམ་པའི་ཐོག་ནས་ལོ་རྒྱུས་དང་མི་དམངས་ཀྱི་གདམ་གསེས་བྱས་ཏེ་གྲུབ་ཅིང་གཏན་ལ་ཕབ་པ་ཞིག་ཡིན་ལ། དེས་ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་ཀྱི་གོ་གནས་བཟུང་ཡོད། ཏང་གི་དབུ་ཁྲིོད་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་ཁྱད་རྟགས་གཙོ་བོ་དེ་ཡིན་ལ། སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་གི་ཆེས་རྩ་བའི་འགན་སྲུང་ཡང་ཡིན། བསྒྲགས་གཏམ་གྱི་ཁྲོད་དུ། ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་རྩ་ཁྲིམས་དང་ཁྲིམས་ལུགས་གཏན་འབེབས་བྱས་པ་དེས། ཏང་དང་མི་དམངས་ཀྱི་ཐུན་མོང་གི་ཕུགས་བསམ་མངོན་ཡོད་པ་གསལ་པོར་བརྗོད་དགོས། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བརྒྱུད་རིམ་ནི། ཏང་གི་དབུ་ཁྲིད་འོག་མི་དམངས་རྒྱལ་ཁབ་ཀྱི་བདག་པོ་བྱེད་པའི་བརྒྱུད་རིམ་ཞིག་ཡིན། ཏང་གི་དབུ་ཁྲིད་རྒྱུན་འཁྱོངས་བྱེད་པ་ནི། སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་གི་རྩ་བའི་རེ་འདུན་ཡིན་ལ། ཏང་དང་རྒྱལ་ཁབ་ཀྱི་རྩ་བའི་རྟེན་ས་དང་སྲོག་རྩ་ཡང་ཡིན། དེ་བཞིན་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཁེ་ཕན་དང་བདེ་སྐྱིད་ལ་འབྲེལ་ཞིང་། དེ་ནི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་སྤེལ་གཏོང་བའི་ཐད་ཀྱི་འོས་འགན་ཡིན་པ་གསལ་བོར་བརྗོད་དགོས།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུར་བསྐྱོད་ན། ད་གཟོད་རྒྱ་ཆེའི་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་ལ་མིང་དོན་མཚུངས་པའི་འགན་སྲུང་བྱ་ཐུབ་པ་གསལ་བོར་བརྗོད་དགོས། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ནུབ་ཕྱོགས་ཀྱི་རྩ་ཁྲིམས་སྲིད་འཛིན་གཉིས་ཀྱི་རྩ་བའི་ཁྱད་པར་གཙང་མར་འབྱེད་དགོས་ཤིང་། ནུབ་ཕྱོགས་ཀྱི་རྩ་ཁྲིམས་སྲིད་འཛིན་གྱི་དམངས་གཙོའི་ཟོལ་གསོག་གི་རང་བཞིན་དང་། མགོ་བསྐོར་དང་ཚད་བཀག་གི་རང་བཞིན་སོགས་ལ་ངོས་འཛིན་གསལ་པོར་བྱ་དགོས། ཁྲིམས་ལྟར་སྲིད་སྐྱོང་དགོས་ན། ཏང་གིས་རྩ་ཁྲིམས་དང་ཁྲིམས་ལུགས་ལྟར་རྒྱལ་སྐྱོང་སྲིད་འཛིན་བྱ་དགོས་ལ། ཏང་གིས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལྟར་ཏང་སྐྱོང་དགོས་པ་གསལ་བོར་བརྗོད་དགོས།  ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལྟར་དོ་དམ་ནན་མོའི་སྒོ་ནས་ཏང་སྐྱོང་བ་རྒྱུན་འཁྱོངས་བྱས་ཚེ། ད་གཟོད་མུ་མཐུད་ནས་ཏང་གི་སྲིད་འཛིན་གོ་གནས་ཇེ་བརྟན་དུ་གཏོང་ཐུབ་པ་དང་། སྲིད་འཛིན་ནུས་པ་མཐོར་འདེགས་བཏང་ནས། ཏང་ནི་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་བཀོད་འདོམས་དང་ནང་གསེས་སྙོམ་སྒྲིག་བྱེད་མཁན་གྱི་དབུ་ཁྲིད་སྲོག་ཤིང་དུ་འགྱུར་ཐུབ།

གསུམ།  མི་དམངས་རྒྱལ་ཁབ་ཀྱི་བདག་པོ་བྱེད་པ་དང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་གཉིས་ཀྱི་འབྲེལ་བ། མི་དམངས་ནི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བདག་པོ་དང་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན་པ་མ་ཟད། སྤྱི་ཚོགས་རིང་ལུགས་དམངས་གཙོའི་ཆབ་སྲིད་ཀྱི་ངོ་བོ་དང་སྙིང་པོ་ཡང་ཡིན།  ཏང་གི་དབུ་ཁྲིད་དང་། མི་དམངས་ནི་རྒྱལ་ཁབ་ཀྱི་བདག་པོ་ཡིན་པ།  ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གསུམ་མཉམ་འབྲེལ་སྒོས་རྒྱུན་འཁྱོངས་བྱེད་པ་ནི་རང་རྒྱལ་སྤྱི་ཚོགས་རིང་ལུགས་སྲིད་ཁྲིམས་འཛུགས་སྐྲུན་གྱི་གཞི་རྩའི་ཉམས་མྱོང་ཞིག་ཡིན། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གོ་རིམ་ནི་ཏང་གི་དབུ་ཁྲིད་འོག་མི་དམངས་ནི་རྒྱལ་ཁབ་ཀྱི་བདག་པོར་འགྱུར་བའི་གོ་རིམ་ཞིག་ཡིན། མི་དམངས་དམངས་གཙོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཚེ་སྲོག་ཡིན་པ་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ནི་མི་དམངས་རྒྱལ་ཁབ་ཀྱི་བདག་པོ་བྱེད་པར་ཁག་ཐེག་བྱ་བའི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཞིག་ཡིན། ངེས་པར་ཏུ་རྒྱལ་ཁབ་ཀྱི་དབང་ཆ་ཡོད་ཚད་མི་དམངས་ལ་དབང་བ་དང་མི་དམངས་གཙོ་བདག་གི་གོ་གནས་རྒྱུན་འཁྱོངས་བྱེད་པ།  མི་དམངས་ཀྱི་རྩ་བའི་ཁེ་དབང་འགན་སྲུང་བྱ་རྒྱུ་ནི་རྐང་འཛུགས་ས་དང་གཞི་རྟེན་ས་ཡིན།  ཁྲིམས་འཛིན་འཛུགས་སྐྲུན་རྒྱུན་འཁྱོངས་བྱ་རྒྱུ་ནི་མི་དམངས་ལ་བརྟེན་པ། མི་དམངས་ལ་བདེ་སྐྱིད་བསྐྲུན་པ། མི་དམངས་ལ་སྲུང་སྐྱོབ་བྱ་ཆེད་བཅས་ཡིན་པ་གསལ་པོར་བརྗོད་དགོས། དེ་བཞིན་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་སྐུལ་སྤེལ་བྱ་དགོས་ན།  ཁྲིམས་ལུགས་ནི་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོབ་བྱེད་པའི་མཚོན་ཆ་ནུས་ལྡན་ཡིན་པ་དང་ངེས་པར་དུ་བརྩི་སྲུང་བྱ་དགོས་པའི་ཀུན་སྤྱོད་ཚད་གཞི་ཞིག་ཡིན་པ་ཤེས་སུ་འཇུག་དགོས་པ་གསལ་པོར་བརྗོད་དགོས། མིག་སྔར། སི་ཁྲོན་ཞིང་ཆེན་གྱིས་ཤུགས་ཆེན་པོས་ཁྲིམས་སྤེལ་བདུན་གྱི་བྱེད་སྒོ་སྤེལ་བཞིན་ཡོད་ལ།  དེའི་དམིགས་ཡུལ་ནི། ཁྲིམས་ལུགས་ཁྱབ་བསྒྲགས་བྱས་ནས་སྤྱི་ཚོགས་ཡོངས་ཀྱི་ཁྲིམས་བརྩི་དང་། ཁྲིམས་འཛིན། ཁྲིམས་སྲུང་བཅས་ཀྱི་འདུ་ཤེས་ཇེ་མཐོར་གཏོང་བ། ལས་ཀ་ཁྲིམས་ལྟར་སྒྲུབ་པ་དང་གནད་དོན་ཁྲིམས་ལྟར་ཐག་གཅོད་པ་སོགས་ཀྱི་ཁྲིམས་སྲུང་ཁོར་ཡུག་ལེགས་པོ་ཞིག་ཆགས་པར་སྐུལ་སྤེལ་བྱ་རྒྱུ་དེ་ཡིན། 

བཞི།ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཀུན་སྤྱོད་ལྟར་རྒྱལ་ཁབ་སྐྱོང་བ་གཉིས་ཀྱི་འབྲེལ་བ།  ཁྲིམས་ལུགས་ནི་ཡེ་གེར་ཕབ་པའི་ཀུན་སྤྱོད་ཡིན་ལ། ཀུན་སྤྱོད་ནི་ནང་སེམས་ཀྱི་ཁྲིམས་ལུགས་ལྟ་བུ་ཡིན།  ཁྲིམས་ལུགས་ཀྱིས་ཕྱིའི་རྣམ་པའི་ཐོག་ནས་ཀུན་སྤྱོད་ལ་འགན་སྲུང་གནང་བཞིན་ཡོད་ལ།  ཀུན་སྤྱོད་ནི་ཁྲིམས་ལུགས་ཀྱིས་རྒྱབ་རྟེན་ཡིན།  ཁྲིམས་སྐྱོང་ཡིན་ན་བདེན་པར་བདེན་ལུགས་ཞིག་ཡོད་དགོས་ལ།  ཉེས་པར་ཉེས་ཆད་གཅོད་ལུགས་ཤིག་ཀྱང་ཡོད་དགོས། ཀུན་སྤྱོད་ཀྱིས་མི་དག་གི་བསམ་པ་བཟང་པོར་ཡོང་བ་དང་། སྤྱོད་པ་ཚུལ་མཐུན་ཡོང་བར་ཕན་འདོགས་བཞིན་ཡོད་པས།  ཀུན་སྤྱོད་ནི་མི་རྣམས་ཀྱི་བསམ་སྤྱོད་ལ་ཚོད་འཛིན་བྱེད་པའི་སྒྲིག་ཁྲིམས་ལྟ་བུ་ཞིག་ཡིན། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་སྤེལ་གཏོང་དགོས་ན། ངེས་པར་དུ་ཕྱོགས་གཅིག་ནས་ཁྲིམས་སྐྱོང་ནན་མོ་བྱ་དགོས་པ་དང་། ཕྱོགས་གཞན་ཞིག་ནས་ཀུན་སྤྱོད་སྲུང་དགོས།  དེ་གཉིས་གཅིག་ལ་གཅིག་བརྟེན་དང་། ཕན་ཚུན་སྐུལ་སྤེལ་བྱ་དགོས་ཀྱི་ཡོད།  སྒྲོག་འགྲེལ་བྱེད་སྐབས་སུ་ཀུན་སྤྱོད་ཀྱི་ནུས་པ་གསལ་པོར་བརྗོད་དེ། སྤྱི་ཚོགས་ཡོངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་ལྟ་བ་བསྐྱེད་སྲིང་དང་ལག་ལེན་ནན་མོ་བྱེད་པར་སྣེ་ཁྲིད་བྱས་ཐོག  སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིག་གནས་དར་སྤེལ་གཏོང་བ་དང།  སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྲུན་ཤུགས་སྣོན་རྒྱག་པ། སྲོལ་ལེགས་སྤྱོད་བཟང་དར་སྤེལ་གཏོང་དགོས་པ་མ་ཟད། ཁྲིམས་ལུགས་དང་སྒྲིག་སྲོལ་གྱི་ཚོད་འཛིན་ནུས་པ་གསལ་པོར་བརྗོད་ནས། སྤྱི་ཚོགས་ཡོངས་ཀྱིས་སྤྱོད་བཟང་ལ་རྒྱབ་སྐྱོར་དང་གཟེངས་བསྟོད་བྱེད་པར་སྣེ་ཁྲིད་བྱས་ཏེ། ཀུན་སྤྱོད་ལས་བརྒལ་བའི་སྤྱོད་པ་ལ་སུན་འབྱིན་དང་ཉེས་ཆད་གཅོད་པ་དང་།  ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་དེ་སྤྱོད་ངན་དག་ཐག་གཅོད་བཅས་བྱས་ནས། སྒྲིག་ལམ་བརྩི་ཞིང་ཁྲིམས་སྲུང་བ།  སྤྱོད་པ་བཟང་ཞིང་བརྩི་བཀུར་ལྡན་པའི་འཚོ་བ་རོལ་སྟངས་ཤིག་ཆགས་པར་བྱ་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1