༄༅།།མདའ་དང་འཕང་བཤད་པ།

ཟམ་ཚ་ཚེ་རིང་དོན་གྲུབ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མཚོ་སྔོན་པོའི་དྲ་བ། སྤེལ་དུས། 02-25


    ལྡེའུ་ཆོས་འབྱུང་དུ། བརྒྱད་དུ་འཛངས་པ་རྒྱ་མོ་ཨོང་ཆུང་གིས། །གོས་ལ་ཕོ་ཆས་མོ་ཆས་སོ་སོར་ཕྱེ། །ལས་ལ་ཕོ་ལས་མོ་ལས་སོ་སོར་ཕྱེ། །ཕོ་ལ་མདའ་གཞི་མོ་ལ་འཕང་ཆ་གཏད། །དེའི་གོང་ན་ཕོ་མོ་ཆས་མ་ཕྱེད། །བུད་མེད་ཡིན་པས་ཕྱེད་དུ་བཞག་པ་ཡིན། །ཞེས་པ་ལྟར་ཕོ་ལས་དང་མོ་ལས། ཕོ་གོས་དང་མོ་གོས་སོ་སོར་ཕྱེས་ཏེ། ཕོ་ལ་མདའ་དང་མོ་ལ་འཕང་ཆ་གཏད་ཅེས་ཕོའི་ལས་ཀྱི་གཙོ་བོ་མདས་མཚོན་པའི་དགྲ་འདུལ་གཉེན་སྐྱོང་དང་། མོའི་ལས་ཀྱི་གཙོ་བོ་འཁེལ་འཐག་གིས་མཚོན་པའི་ཁྱིམ་གྱི་ཚིས་དག་ཡིན་ཏེ། མེས་སྲོང་བཙན་སྐབས་ནས་དེའི་སྲོལ་ཕྱེས་པ་དང་། དེ་འབྱེད་མཁན་མཛངས་མི་ཕྱེད་པ་རྒྱ་བཟའ་ཀོང་ཇོ་ཡིན་ཞིང་། སྐབས་དེ་ཤེད་ནས་མདས་སྐྱེས་པ་ཕོ་མཚོན་ཞིང་། འཕང་གིས་མོ་སྨན་དག་མཚོན་པའི་རིག་གནས་བྱུང་བར་ངེས་ཤིང་། ཐང་གི་ཕོ་ཉས་བཙན་པོ་རལ་བ་ཅན་མཇལ་སྐབས་བཙན་པོས་སྟག་ལྤགས་དཀར་པོའི་ན་བཟའ་གསོལ་ཅིང་ཕྱག་ཏུ་གསེར་གྱི་མདའ་ཞིག་བསྣམས་ཡོད་ཅེས་ཐང་ཡིག་གསར་རྙིང་དུ་གསལ་བས་ཀྱང་གོ་ནུས་སོ། །
        རྒྱུན་ཤེས་དཔྱད་མཛོད་ཆེན་མོར། འཕང་ཤིང་ལ་མདའི་བཟོ་དབྱིབས་ཡར་ལྡན་དུ་ཚང་བ་རྟོགས་སླ་ཞེས་པ་ལྟར། དུས་ཕྱིས་འཕང་ཤིང་གིས་མདའ་དང་འཕང་རྡོས་འཕང་མཚོན་པར་བྱས་པ་དང་། ཡང་དེ་ཉིད་ལས། དང་པོ་སྐྱེས་པ་སོ་སོར་སྐྱེས། །བར་དུ་སྨིན་པ་སོ་སོར་སྨིན། །ཐ་མར་བསྡུས་པ་གཅིག་ཏུ་བསྡུས། །ཞེས་འཕང་ཤིང་དང་འཕང་རྡོ་གཉིས་ཕོ་མོ་གཉིས་དང་འདྲ་བར་དང་པོ་སོ་སོར་སྐྱེས། བར་དུ་སོ་སོར་སྨིན། ཐ་མར་འཕང་ལོའི་མིག་ཏུ་འཕང་མདའ་སྤྲད་ནས་འབྲལ་མེད་དུ་བལ་སྐུད་དང་རྩིད་སྐུད་ཅི་རིགས་རིང་ནས་རིང་དུ་རྨེལ་པ་ལྟར། ཕོ་མོ་གཉིས་ཀྱང་དེ་བཞིན་ཁྱིམ་གཅིག་ཏུ་འདུས་ནས་མདའ་དང་འཕང་ལྟར་གཅིག་ལ་གཅིག་བརྟེན་ནམ་འབྲལ་མེད་དུ་ཁྱིམ་སྲིད་སྐྱོང་དགོས་པས། དེའི་བརྡ་མཚོན་མདའ་དང་འཕང་གིས་བྱས་པ་ནི་ཁ་བ་རི་བའི་ཐོན་སྐྱེད་ངལ་རྩོལ་ལས་བྱུང་བའི་ཐུན་མོང་མ་ཡིན་པའི་རིག་གནས་ཤིག་དང་། དཔྱད་མཛོད་ཆེན་མོར། ཕོ་སྲོག་དེ་ནི་མདའ་ལ་བརྟེན། །མོ་སྲོག་དེ་ནི་འཕང་ལ་བརྟེན། །མདའ་འཕང་གཉིས་ནི་ལྷ་ལ་བཅོལ། །མདའ་འཕང་དེ་ནི་མ་འབྲལ་ཅིག །ཅེས་མདའ་འཕང་གཉིས་མི་འབྲལ་བ་ནི་ཐོན་སྐྱེད་རིགས་གཉིས་མི་གཏོང་བའི་ཐབས་དམ་པ་སྟེ། ཐོན་སྐྱེད་ལ་དངོས་པོའི་ཐོན་སྐྱེད་དང་རིགས་རྒྱུད་ཀྱི་ཐོན་སྐྱེད་གཉིས་ཡོད་པ་དང་། མདའ་དང་འཕང་གིས་དེ་གཉིས་རིང་ནས་རིང་དུའམ། ཐབ་དུ་བའི་སྔོ་མ་ཆད། སླ་ངའི་ཏིང་མ་ཆད་པར་ཕོ་མོ་གཉིས་མདའ་འཕང་མི་འབྲལ་བ་ལྟར་ཁྱིམ་སྲིད་ཐབས་ཤེས་ཟུང་འབྲེལ་གྱིས་སྐྱོང་དགོས་པའི་བརྡ་རེད་ཨང་།   མཁར་རྨེའུ་བསམ་གཏན་ལགས་ཀྱིས་མདའ་དང་འཕང་ཞེས་བསྟན་བཅོས་ཀྱི་མཚན་བྱང་གསོལ་བ་ནི་ཅི་བས་ཀྱང་ལེགས་ཏེ། བོད་ཀྱི་ཤེས་རིག་གང་ཡིན་ཡང་རྩ་བ་མདའ་དང་འཕང་གིས་མཚོན་པའི་ཐོན་སྐྱེད་རིགས་གཉིས་གཞི་བྱས་ནས་དེའི་འཁོར་དུ་བྱུང་བའི་རིག་གནས་ཀྱི་མ་ལག་ཡིན་པས་སོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1