དུས་རབས་གསར་བའི་སློབ་གསོའི་འགན་འཁྲི་དང་ སློབ་གསོའི་ལག་ལེན་སྐོར་རགས་ཙམ་གླེང་བ།

རྣལ་འབྱོར་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-25


[གནད་བཏུས] དཔྱད་རྩོམ་འདིར་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སློབ་གསོའི་ཐད་ཀྱི་གྲོས་ཚོགས་དང་ཡིག་ཆའི་དགོངས་དོན་རབ་དང་རིམ་པ་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང་བཏོན་པའི་མི་རིགས་སློབ་གསོའི་ལས་དོན་ཐད་ཀྱི་དགོངས་དོན་གལ་ཆེན་དག་གཞིར་བཟུང་སྟེ། ཡུལ་དངོས་བརྟག་དཔྱད་ཀྱི་ཐབས་ལམ་བརྒྱུད་ནས་དུས་རབས་གསར་བའི་མི་རིགས་སློབ་གསོའི་འགན་འཁྲི་དང་སློབ་གསོའི་ལག་ལེན་གྱིས་རྒྱལ་གཅེས་ཏང་གཅེས་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་གཏོང་བའི་ཕྱོགས་ལ་ཤུགས་རྒྱག་དགོས་པ་གསལ་བོར་བསྟན་པའི་ཞོར་དུ། མི་རིགས་ས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གིས་ཇི་ལྟར་དུས་རབས་གསར་བའི་ཏང་གི་མི་རིགས་སློབ་གསོའི་སྲིད་ཇུས་ལག་ལེན་བྱ་དགོས་པའི་སྐོར་ལ་རང་གི་བསམ་ཚུལ་ཕྲན་ཙམ་བརྗོད་ཡོད།

[གནད་ཚིག] མི་རིགས་སློབ་གསོ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ། སློབ་གསོའི་ལག་ལེན། མི་རིགས་སྲོལ་རྒྱུན་རིག་གནས།

དང་པོ། མི་རིགས་སློབ་གསོའི་བཤོལ་མེད་ཀྱི་ལོ་རྒྱུས་འགན་འཁྲི།

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པའི་དུས་སྐབས་འདིར། མི་རིགས་རིག་གནས་ཀྱི་ངོས་འཛིན་གཅིག་མཐུན་ཡོང་བར་སྐུལ་འདེད་དང་།ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་སྐུལ་འདེད་བྱེད་རྒྱུ་ནི་དུས་རབས་གསར་བའི་ལོ་རྒྱུས་ཀྱི་འགན་འཁྲི་བླ་ན་མེད་པ་དེ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང“ཏང་གི་མི་རིགས་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་དགོས”ཞེས་གསལ་བོར་བསྟན་ཡོད་ལ། མི་རིགས་སློབ་གསོའི་ལས་དོན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གོ་རིམ་ཁྲོད་འདེགས་ཤུགས་ཆེས་ཆེ་བའི་རྨང་གཞིའི་ནུས་པ་འདོན་དགོས་ཤིང་། ད་ལོ་ནི་ལོ་ལྔའི་འཆར་གཞི་བཅུ་བཞི་པ་མགོ་རྩོམ་པའི་ཐོག་མའི་ལོ་ཡིན་པས། སློབ་གསོའི་ལས་དོན་གྱི་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད་ཀྱིས་ཏང་གི་མི་རིགས་སློབ་གསོའི་སྲིད་ཇུས་ཀྱི་འགན་འཁྲི་དང་དུ་བླངས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་སློབ་གསོར་ཤུགས་སྣོན་པ། མི་རིགས་ས་ཁུལ་གྱི་སློབ་གསོ་དེང་རབས་ཅན་དུ་བསྒྱུར་བ་སོགས་ཀྱི་ཕྱོགས་ལ་ཤུགས་སྣོན་བྱས་ཏེ་བྱ་བའི་ལས་དོན་སྤེལ་དགོས་པ་ནི་གནད་ཀྱི་དམ་པ་ཡིན་ནོ། །

མི་རིགས་སློབ་གསོའི་བྱ་བར་གཟབ་ནན་དང་སྣ་མང་ཟུང་ལྡན་གྱི་ཁྱད་ཆོས་ཡོད་ཅིང་། ལྷག་པར་དུ་ཏང་གི་མི་རིགས་སློབ་གསོའི་སྲིད་ཇུས་ཀྱི་དགོངས་དོན་ལ་གཏིང་ཟབ་སྒོས་རྒྱུས་ལོན་བྱས་ཏེ། ཏང་གི་དགོངས་དོན་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་མངོན་པར་མཚོན་པས། ད་གཟོད་སྤྱི་ཡོངས་དང་ས་གནས་ཀྱི་འབྲེལ་བ་རྩོད་སྒྲུབ་གཅིག་གྱུར་གྱིས་ཐག་གཅོད་ལེགས་པོ་བྱེད་ཐུབ་པར་མ་ཟད། དེ་གཉིས་བར་དུ་ཕན་ཚུན་གཅིག་འབྲེལ་གྱི་རིག་གནས་ཀྱི་ངོས་འཛིན་གཅིག་མཐུན་མ་ལག་ཆགས་ཐུབ་པ་ཡིན། མི་རིགས་སློབ་གསོ་ནི་དོན་མཐུན་འཆར་འགོད་ཀྱི་རང་བཞིན་ལྡན་པའི་མི་གསོ་སྐྱོང་བྱེད་པའི་སྤྱི་ཚོགས་ཀྱི་ལས་དོན་ཞིག་ཡིན་ལ། དེས་སྤྱི་ཚོགས་ཐོན་སྐྱེད་ཀྱི་ཉམས་མྱོང་རྒྱུན་འཛིན་དང་མི་རིགས་རིག་གནས་དར་སྤེལ་བྱེད་པ་དེ་གཞི་རྩའི་བྱེད་ཐབས་སུ་བཟུང་སྟེ། སྣ་མང་རང་བཞིན་གྱི་འཇོན་མི་གསོ་སྐྱོང་བྱེད་པ་ནི་མི་རིགས་སློབ་གསོའི་དམིགས་འབེན་གཙོ་བོ་དེ་ཡིན་པ་ཤེས་དགོས། སྤྱི་ཚོགས་ལས་འགུལ་ལ་བརྟེན་ནས་རིག་གནས་གཅིག་པའི་མི་རིགས་སམ་ཚོགས་སྡེ་དག་དེང་རབས་སྤྱི་ཚོགས་དང་འཚམ་པོ་ཡོང་བར་གསོ་སྐྱོང་བྱས་ཏེ། ཁོ་ཚོའི་འཚོ་སྡོད་དང་འཕེལ་རྒྱས་སྔར་ལས་བཟང་བ་ཞིག་ཏུ་གཏོང་དགོས་པའི་དུས་མཚུངས་སུ། མི་རིགས་རིག་གནས་དང་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱེད་དགོས་ཤིང་། མི་རིགས་སློབ་གསོའི་སྲིད་ཇུས་གཟབ་ནན་གྱིས་ལག་བསྟར་བྱས་པའི་རྨང་གཞིའི་སྟེང་། ཡུལ་བབ་དང་བསྟུན་པའི་བྱེད་ཐབས་ལག་ལེན་བསྟར་རྒྱུ་ནི་གནད་འཁེལ་དང་ཡུན་རིང་ལ་ཕན་པའི་སློབ་གསོའི་ལམ་སྲོལ་འཛུགས་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཏུ་གྱུར་ཡོད། དུས་རབས་གསར་བའི་མི་རིགས་རང་སྐྱོང་ས་ཁུལ་གྱི་སློབ་གསོས་སྔར་ལས་ལྷག་པའི་སྒོ་ནས་མི་རིགས་ཕན་ཚུན་བར་གྱི་རིག་གནས་བརྗེ་རེས་དང་། མི་རིགས་ཕན་ཚུན་བར་དཀྱེལ་ཡངས་དང་གོང་བཀུར་བྱེད་པ། འཆམ་མཐུན་མཉམ་གནས་ཀྱི་འགན་འཁྲི་བླ་ན་མེད་པ་ཁུར་དུ་བཞེས་དགོས། སྒོས་སུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་རྒྱབ་ལྗོངས་འོག མི་རིགས་ས་ཁུལ་གྱི་སློབ་གསོའི་ལས་དོན་དེ་ཀྲུང་ཧྭ་མི་རིགས་ཀྱི་ཡུན་རིང་བདེ་འཁོད་དང་རྒྱུན་མཐུད་འཕེལ་རྒྱས་དང་འབྲེལ་བ་དམ་ཟབ་ཡོད་པར་མ་ཟད། འདྲ་མཉམ་དང་མཐུན་སྒྲིལ། ཕན་ཚུན་རོགས་རེས་ཀྱི་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བའི་ཐབས་ལམ་གལ་ཆེན་དེའང་ཡིན་ནོ། །

གཉིས་པ། མི་རིགས་རང་སྐྱོང་ས་ཁུལ་གྱི་སློབ་གསོའི་ཁྲིམས་ལུགས་ཀྱི་གཞི་འཛིན་ས།

2020ལོའི་ཟླ11པའི་ཚེས24ཉིན། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་བྱ་བའི་མགོ་ཁྲིད་ཚོ་ཆུང་གི་ཚོགས་འདུའི་ཁྲོད“སྒྲིག་གཞི་བཅོས་སྒྱུར་བྱེད་པར་སྐུལ་འདེད་གཏིང་ཟབ་བྱས་ཏེ། དེར་བསྟུན་གྱི་བྱ་བའི་ལམ་ལུགས་དང་ཞིབ་འཇུག་ལམ་ལུགས། སློབ་གསོའི་ལམ་ལུགས་བཅས་གསར་འཛུགས་དང་འཐུས་ཚང་དུ་གཏོང་དགོས”པ་བསྟན་ཡོད་ཅིང་། ཚོགས་འདུའི་སྟེང་དུས་རབས་གསར་བའི་ནང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་ནི་མི་རིགས་ས་ཁུལ་གྱི་སློབ་གསོའི་ལས་དོན་གྱི་འགན་འཁྲི་གལ་ཆེན་དེ་ཡིན་པ་གཏན་འཁེལ་བྱས་པ་དང་། དེའི་ཁྲོད་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡི་གེ་གཉིས་ཀྱི་འཕེལ་རྒྱས་ལ་རྩོད་སྒྲུབ་གཅིག་གྱུར་གྱི་འབྲེལ་བ་ཡོད་པ་བསྟན་ཡོད་ལ། དེ་གཉིས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ལས་དབང་གི་འདུ་ཤེས་འཛུགས་པའི་གོ་རིམ་ཁྲོད་ནུས་པ་གལ་ཆེན་འདོན་དགོས་པ་བསྟན་ཡོད། དེའི་ཡར་སྔོན་ཏེ། 2014ལོའི་ཟླ9པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་མི་རིགས་བྱ་བའི་ཚོགས་འདུའི་སྟེང“སྐད་ཆའི་གོ་བརྡ་འཕྲོད་རྒྱུ་ནི་མི་དང་མིའི་དབར་འབྲེལ་འདྲིས་བྱེད་པའི་བརྒྱུད་རིམ་གལ་ཆེན་དེ་ཡིན་ལ། སྐད་ཆ་མ་གོ་ན་འབྲེལ་འདྲིས་བྱ་ཐུབ་མེད་པས། ང་ཚོས་གྲངས་ཉུང་མི་རིགས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྦྱོང་དགོས་པའི་བླང་བྱ་འདོན་དགོས་ཤིང་། དེ་དང་མཉམ་དུ་མི་རིགས་ས་ཁུལ་དུ་སྡོད་པའི་རྒྱ་རིགས་མི་དམངས་ཀྱིས་ཀྱང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྦྱོང་བར་སྐུལ་སློང་བྱེད་དགོས”ཞེས་གསལ་བོར་བསྟན་ཡོད། དེའི་ཕྱིར་མི་རིགས་དར་རྒྱས་དང་སྤྱི་ཚོགས་གཏན་འཇགས་འཆམ་མཐུན་ཡོང་བའི་དམིགས་འབེན་མངོན་འགྱུར་བྱ་ཆེད། རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་ཁྲིམས་སྲོལ་གཏན་འབེབས་མི་རིགས་སློབ་གསོའི་བྱ་བ་དེ་ཚད་ལྡན་དང་མ་ལག་རང་བཞིན་ཅན་དུ་བཏང་ཡོད་པ་རེད། གྲངས་ཉུང་མི་རིགས་ཀྱི་སློབ་གསོའི་ཁྲིམས་འཛུགས་ནི་རྒྱལ་ཁབ་ཀྱི་སློབ་གསོའི་ཁྲིམས་འཛུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ང་ཚོས་ཁྲིམས་ལུགས་ཀྱི་བྱེད་ཐབས་ཀྱིས་གྲངས་ཉུང་མི་རིགས་ས་ཁུལ་གྱི་སློབ་གསོ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་དང་འཐུས་ཚང་དུ་བཏང་ཚེ། ད་གཟོད་མི་རིགས་སློབ་གསོའི་ལས་དོན་དེ་རྩ་བའི་ཆ་ནས་འཐོར་འདེགས་དང་བཅོས་སྒྱུར་བྱེད་ཐུབ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》ཀྱི་དོན་ཚན་སོ་བདུན་པར།“གྲངས་ཉུང་མི་རིགས་ཀྱི་སློབ་མ་བསྡུ་བའི་སློབ་གྲྭ་དང་དེ་ལས་གཞན་པའི་སློབ་གསོའི་ལས་ཁུངས་ཆ་རྐྱེན་ཡོད་མཁན་དག་གིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གི་སློབ་དེབ་སྤྱད་དེ་གྲངས་ཉུང་མི་རིགས་ཀྱི་སྐད་ཆས་སློབ་ཁྲིད་བྱེད་དགོས་ཤིང་། གནས་ཚུལ་ལ་བསྟུན་ནས་སློབ་ཆུང་ལོ་རིམ་དམའ་མོའམ་ཡང་ན་སློབ་རིམ་མཐོན་པོའི་བར་རྒྱ་ཡིག་གི་སློབ་ཁྲིད་བཀོད་སྒྲིག་བྱས་ཏེ། རྒྱལ་ཡོངས་ཐུན་མོང་གིས་སྤྱོད་པའི་སྤྱི་སྐད་དང་རྒྱལ་ཁབ་ཀྱི་ཚད་ལྡན་ཡི་གེ་སྤྱོད་དགོས”པ་གཏན་འཁེལ་བྱས་ཡོད། གཞན་ད་དུང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་གསོའི་བཅའ་ཁྲིམས》དོན་ཚན་བཅུ་གཉིས་པའི་ ཁྲོད“རྒྱལ་ཡོངས་ཀྱི་སྤྱི་སྤྱོད་སྐད་ཡིག་ནི་སློབ་གྲྭ་དང་དེ་ལས་གཞན་པའི་སློབ་གསོའི་སྡེ་ཁག་གི་སློབ་གསོ་དང་སློབ་ཁྲིད་ཀྱི་གཞི་རྩའི་སྐད་ཡིག་ཡིན”ཞེས་གསལ་བོར་བསྟན་ཡོད་དོ། །

ཀྲུང་གོ་གསར་བ་དབུ་བརྙེས་པ་ནས་བཟུང་། ཏང་དང་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཀྱི་སློབ་གསོའི་ལས་དོན་ལ་ཧ་ཅང་གཙིགས་ཆེན་བྱས་ཡོད་ཅིང་། ཐེངས་མང་པོར་ཆེད་དོན་གྲོས་ཚོགས་བསྡུས་ཏེ་ཆེད་དོན་ཡིག་ཆའི་རྣམ་པས་གྲངས་ཉུང་མི་རིགས་ཀྱི་སློབ་གསོའི་ལས་དོན་གཏིང་ཟབ་སྒོས་སྤེལ་བར་མཛུབ་སྟོན་བླ་མེད་གནང་ཡོད། 1951ལོར་ཐེངས་བཅུ་གཉིས་པའི་སྲིད་དོན་གྲོས་ཚོགས་སྟེང་གྲོས་འཆམ་བྱུང་བའི《ཀྲུང་དབྱང་མི་དམངས་སྲིད་གཞུང་སློབ་གསོ་པུའུ་ཡི་རྒྱལ་ཡོངས་མི་རིགས་སློབ་གསོའི་གྲོས་ཚོགས་ཐེངས་པོའི་སྐོར་གྱི་སྙན་ཞུ》ཡི་ནང་བསྟན་དོན།“སློབ་གསོས་ངེས་པར་དུ་མི་རིགས་ཀྱི་རྣམ་པར་བསྟུན་ནས་མི་རིགས་ཀྱི་ཁྱད་ཆོས་རྒྱུན་འཛིན་བྱས་ན།ད་གཟོད་གྲངས་ཉུང་མི་རིགས་ཀྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱེད་ཐུབ”ཅེས་དང་། 1981ལོར་རྒྱལ་ཡོངས་མི་རིགས་སློབ་གསོའི་བྱ་བའི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་ཀྲུང་གོ་གསར་བ་དབུ་བརྙེས་པའི་ཚུན་ལ་གྲངས་ཉུང་མི་རིགས་ས་ཁུལ་གྱི་སློབ་གསོའི་ལས་དོན་གྱི་ཉམས་མྱོང་སྤྱི་སྡོམ་བྱས་ཡོད་ཅིང་། དེང་རབས་ཅན་འཛུགས་སྐྲུན་གྱི་དགོས་མཁོ་ལྟར་མི་རིགས་དང་ས་ཁུལ་གྱི་ཁྱད་ཆོས་དང་དངོས་ཡོད་གནས་ཚུལ་ལ་བརྩི་བཀུར་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་དང་མི་རིགས་ཀྱི་ད་ལྟའི་གནས་བབ་གཉིས་ཟུང་འབྲེལ་གང་ལེགས་སྒོས་མི་ཤུགས་དང་རྒྱུ་ཤུགས། དངོས་ཤུགས་སོགས་ཀྱིས་རོགས་སྐྱོར་གང་ལེགས་བྱས་ཏེ།མི་རིགས་གྲངས་ཉུང་ས་ཁུལ་གྱི་སློབ་གསོའི་ལས་དོན་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱེད་དགོས་པ་བསྟན་ཡོད། 2002ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི《བཅོས་སྒྱུར་གཏིང་ཟབ་སྒོས་མི་རིགས་སློབ་གསོའི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་ཐག་གཅོད》ཁྱབ་སྒྲོག་བྱས་ཤིང་། དེའི་ཁྲོད་སློབ་གྲྭས་མི་རིགས་མཐུན་སྒྲིལ་སློབ་གསོའི་ཁྲོད་ནུས་པ་གལ་ཆེན་འདོན་དགོས་ཤིང་། སྔར་ལས་ལྷག་པའི་སྒོ་ནས་རིགས་སོ་སོའི་དགེ་སློབ་ཡོངས་ཀྱི“འབྲལ་ཐབས་མེད་པ་གསུམ”གྱི་འདུ་ཤེས་ཤུགས་དྲག་ཏུ་བཏང་སྟེ། རང་རྟོགས་ཀྱིས་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་ཁ་བྲལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་བསམ་བློའི་འདུ་ཤེས་ཆགས་སུ་འཇུག་དགོས་པ་ནན་གྱིས་བསྟན་ཡོད། དུས་རབས་གསར་བའི་འགྱུར་ལྡོག་ལ་དམིགས་ནས། རྒྱལ་ཁབ་ཀྱིས་ཉེ་བའི་ལོ་འདི་འགའི་རིང་། 《རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དོ་དམ་བྱ་བ་ལེགས་པོར་བསྒྲུབ་དགོས་པའི་སྐོར་གྱི་བསམ་འཆར》དང་། 《རྒྱལ་ཁབ་ཀྱི་དུས་ཡུན་རིང་འབྲིང་གི་སྐད་ཡིག་ལས་དོན་བཅོས་སྒྱུར་དང་འཕེལ་རྒྱས་འཆར་འགོད་རྩ་གནད(2012-2020)》 《རྒྱལ་ཁབ་ཀྱི་སྐད་ཡིག་ལས་དོན་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཕེལ་རྒྱས་འཆར་འགོད》སོགས་སུ་སྲིད་ཇུས་རབ་དང་རིམ་པ་བཏོན་ཡོད། དེ་དང་ཆབས་ཅིག་ཁྲིམས་འཛུགས་ལ་གཞོགས་འདེགས་བྱས་ཏེ་བྱེད་ཐབས་སྣ་མང་སྒྲིག་བཟོ་བྱས་ཡོད་པ་དང་། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྐོར་གྱི་སྲིད་ཇུས་ལག་ལེན་དངོས་འབེབས་བྱས་པའི་དུས་མཚུངས་སུ། རིག་གནས་སྣ་མང་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་ཐོབ་སྟེ། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་གཏན་འཇགས་ལ་ཕན་བདེ་མི་དམན་པ་བྱུང་ཡོད་དོ། །

གོང་དུ་གླེང་བའི་མི་རིགས་ས་ཁུལ་གྱི་སློབ་གསོའི་གལ་ཆེན་རང་བཞིན་དང་དུས་རབས་ཀྱི་རྒྱབ་ལྗོངས་ལ་བསམ་གཞིག་བྱས་ཚེ། གྲངས་ཉུང་མི་རིགས་ས་ཁུལ་གྱི་མི་རིགས་སློབ་གསོའི་ལག་ལེན་གནས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ་དེར་ཧ་ཅང་དོན་སྙིང་གལ་ཆེན་ལྡན་པ་རྟོགས་ཐུབ། མི་རིགས་རང་སྐྱོང་ས་ཁུལ་གྱི་སློབ་གསོའི་ལས་དོན་ནི་ངེས་པར་དུ་རྒྱལ་ཁབ་ཀྱི་ཞིབ་ཕྲའི་གནས་ཚུལ་དང་མི་རིགས་ས་ཁུལ་གྱི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་མགོ་རྩོམ་དགོས་ཤིང་།བརྟག་དཔྱད་དང་ཞིབ་འཇུག་གི་ཐབས་ལམ་ལ་བརྟེན་ནས་མི་རིགས་རང་སྐྱོང་ས་ཁུལ་གྱི་སློབ་གསོའི་ལས་དོན་གྱི་དངོས་ཡོད་གནས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་བྱས་ཏེ། དོན་དངོས་དང་ཕན་ནུས་ཡོད་པའི་མི་རིགས་སློབ་གསོ་འཕེལ་རྒྱས་གཏོང་བའི་སྲིད་ཇུས་བྱེད་ཐབས་དང་བྱེ་བྲག་གི་ཐབས་ལམ་གཏན་འབེབས་བྱས་ཏེ། མི་རིགས་སློབ་གསོའི་ལས་དོན་ཡུན་ཕན་འཕེལ་རྒྱས་ཡོང་བའི་དམིགས་འབེན་མངོན་འགྱུར་བྱེད་དགོས་སོ། །

གསུམ་པ། ཏང་གི་མི་རིགས་སློབ་གསོའི་ལས་དོན་ཐད་ཡུལ་དངོས་བརྟག་དཔྱད་བྱས་ཚུལ།
ང་རང་མཚོ་ལྷོ་ཁུལ་གུང་ཧོ་རྫོང་མཁར་བྱང་ལོ་དགུའི་ལུགས་ཀྱི་མི་རིགས་སློབ་གྲྭར་སོང་ནས་ཡུལ་དངོས་བརྟག་དཔྱད་ཀྱི་ཐབས་ལམ་བརྒྱུད་ནས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་སློབ་ཁྲིད་དང་མི་རིགས་སྐད་ཡིག་གི་སློབ་ཁྲིད་དངོས་ལ་ཞུགས་ཏེ། དུས་རབས་གསར་བའི་མི་རིགས་རང་སྐྱོང་ས་ཁུལ་གྱི་སློབ་གསོའི་གྲུབ་འབྲས་དང་མི་རིགས་སློབ་གྲྭའི་སློབ་རའི་རིག་གནས་ལ་རྒྱུས་ལོན་ཐེངས་ཤིག་བྱས། གུང་ཧོ་རྫོང་མཁར་བྱང་ལོ་དགུའི་ལུགས་ཀྱི་མི་རིགས་སློབ་གྲྭས་མི་རིགས་སློབ་གསོའི་ཐོན་ཁུངས་དང་ཏང་གི་མི་རིགས་སློབ་གསོའི་སྲིད་ཇུས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་དང་། ཁྱད་ཆོས་མངོན་པར་ལྡན་པའི་སློབ་རའི་རིག་གནས་བསྐྲུན་པའི་ཐབས་ལམ་བརྒྱུད་ནས་སློབ་མའི་རྒྱལ་གཅེས་ཏང་གཅེས་དང་མི་རིགས་ལ་དགའ་བའི་བསམ་པའི་འདུ་ཤེས་བརྟན་པོ་ཆགས་སུ་འཇུག་པར་འབད་འབུངས་ལྷོད་མེད་བྱས་ཡོད་པ་དང་།ཁོ་ཚོས་སྔོན་གྱི་སློབ་ཁྲིད་བྱེད་སྟངས་རྙིང་བ་ལ་འགྱུར་བ་བཏང་ནས་སློབ་མ་རྣམས་ཀྱིས་ལག་ལེན་དངོས་བརྒྱུད་དེ་ཏང་དང་རྒྱལ་ཁབ་ཀྱི་དངོས་ཡོད་གནས་ཚུལ་ལ་ཤེས་རྟོགས་བྱེད་པ་དང་། སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ལ་ཟབ་ཞུགས་བྱེད་དུ་བཅུག་ཡོད་པ་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་འགན་འཁྲི་གཏིང་ཟབ་སྒོས་ལག་ལེན་དུ་བསྟར་ཆེད།སློབ་གྲྭས་གཟའ་འཁོར་རེར་ལོ་རྒྱུས་སྟེང་ཀྲུང་ཧྭ་མི་རིགས་ཀྱི་མི་རིགས་སོ་སོ་ཇི་ལྟར་མཉམ་འདྲེས་བྱུང་བའི་ལོ་རྒྱུས་དང་། ཏང་གི་ལོ་བརྒྱའི་རིང་གི་དཀའ་སྡུག་དང་འོད་སྟོང་འབར་བའི་ལོ་རྒྱུས། གསར་བརྗེའི་སྔོན་གཤེགས་དཔའ་བོའི་ལོ་རྒྱུས་སོགས་འཆད་ཁྲིད་དངོས་དང་སྐད་གྲགས་ཅན་གྱི་གསར་བརྗེའི་རྗེས་དྲན་གློག་བརྙན་སོགས་ལ་བལྟ་རུ་བཅུག་པ་བརྒྱུད་ནས། སློབ་མ་རྣམས་ཀྱི་རྒྱལ་གཅེས་ཏང་གཅེས་ཀྱི་བསམ་བློའི་གསོ་སྐྱོང་ཐད་ལ་ཤུགས་རྒྱག་བཞིན་ཡོད་པར་མ་ཟད། མི་རིགས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་གྱི་ཕྱོགས་ལ་ཡང་དེར་བསྟུན་གྱི་སློབ་ཁྲིད་བཀོད་སྒྲིག་བྱས་ཡོད་དེ། ཉིན་རེའི་སློབ་ཐུན་བདུན་པ་ནི་ལག་ལེན་སློབ་ཁྲིད་དུ་བཀོད་སྒྲིག་བྱས་ཡོད་པ་སྟེ། དཔེར་ན། ཡིག་གཟུགས་སྦྱོང་བ་དང་ཞབས་བྲོ་འཁྲབ་པ། དམངས་གླུ་སྦྱོང་བ། གནའ་གཏམ་བཤད་པ། རོང་འབྲོག་པའི་སྲོལ་རྒྱུན་ཇ་ལག་ཡོ་བྱད་ངོས་འཛིན་བྱེད་པ། མི་རིགས་རང་གི་ཐུན་མོང་མ་ཡིན་པའི་ལུས་རྩལ་དང་རོལ་རྩེད་རྩེ་བ་སོགས་གསོན་ཉམས་ལྡན་པའི་སློབ་ཁྲིད་ཁྲོད་སློབ་མ་རྣམས་ཀྱིས་རང་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་སློབ་སྦྱོང་དང་ཟབ་ཞུགས་བྱེད་ཐུབ་པས། སློབ་ཁྲིད་བཀོད་སྒྲིག་བྱེད་སྟངས་འདིར་རོང་འབྲོག་མང་ཚོགས་ཀྱིས་དགའ་བསུ་ཆེས་ཆེར་ཐོབ་ཡོད། གཞན། སློབ་རའི་ཁོར་ཡུག་དང་སློབ་ཁང་གི་བཀོད་སྒྲིག་སོགས་ལ་ཁྱད་ཆོས་ཕུན་སུམ་ཚོགས་པ་ལྡན་ཞིང་། སློབ་རའི་ནང་དུ་གོམ་ཁ་སྤོས་མ་ཐག་རྒྱ་བོད་ཤན་སྦྱར་གྱི་གནའ་དེང་ཕྱི་ནང་གི་མཁས་དབང་མང་པོའི་ལེགས་བཤད་རྨད་བྱུང་སྦྱར་ཡོད་པ་མིག་གི་མཐོང་ལམ་དུ་མངོན་ཡོང་ཞིང་། རྩལ་སྦྱོང་ར་བའི་གྱང་ངོས་སོ་སོར་ཚོན་མདོག་སྣ་ཚོགས་ཀྱིས་སྤྲོས་པའི་སྲོལ་རྒྱུན་རི་མོ་མང་པོ་བྲིས་ཡོད་ལ། དེར་མ་ཟད་སློབ་གྲྭའི་ནང་གི་སློབ་ཁང་དང་ཁང་མིག ཕྱོགས་སྟོན་བྱང་བུ་སོགས་སྦྱར་བྱང་ཡོད་ཚད་ཡིག་ནོར་མེད་ཅིང་ལོ་ཙཱ་ཡང་དག་པ། རྒྱ་བོད་ཤན་སྦྱར་གྱི་རྣམ་པ་ཡིན་པས། མི་རིགས་སློབ་གསོའི་ལག་ལེན་ཁྲོད་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སློབ་གསོ་གཉིས་བར་གྱི་འཆམ་མཐུན་གཅིག་གྱུར་གྱི་འབྲེལ་བ་མངོན་པར་མཚོན་ཡོད། མི་རིགས་སློབ་གསོའི་ལས་དོན་དེང་རབས་ཅན་དུ་བསྒྱུར་བར་ཏང་དང་རྒྱལ་ཁབ་ཀྱི་ཡང་དག་པའི་མགོ་ཁྲིད་དང་ཁ་འབྲལ་ཐབས་མེད་ལ། མི་རིགས་རང་སྐྱོང་ས་ཁུལ་གྱི་སློབ་གསོའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ཕྱོགས་ཀྱི་དམིགས་འབེན་གཙོ་བོ་སྟེ་སློབ་མ་རྣམས་ལ་མི་རིགས་ཀྱི་ཕུལ་དུ་བྱུང་བའི་ཤུལ་བཞག་རིག་གནས་ལ་རྒྱུས་ལོན་བྱེད་དུ་བཅུག་ནས། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་ངོས་འཛིན་ཡང་དག་བྱེད་པའི་འདུ་ཤེས་དང་བསམ་བློ་བསྐྱེད་པའི་ཡང་དག་པའི་ཁ་ཕྱོགས་དང་ཡང་འབྲལ་ཐབས་མེད་སྙམ་མོ། །
མཇུག་བསྡུ་བ།
གནའ་ནས་ད་ལྟའི་བར། སློབ་གསོ་ནི་མི་རིགས་དར་རྒྱས་དང་སྤྱི་ཚོགས་ཡར་ཐོན་ཡོང་བའི་རྨང་རྡོ་ལྟ་བུ་ཡིན་ལ། དུས་རབས་གསར་བའི་མི་རིགས་སློབ་གསོར་མཚོན་ན་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཆེ་རུ་བསྐྱེད་པ་དང་། མི་རིགས་ཀྱི་ངོས་འཛིན་གཅིག་མཐུན་གཏིང་ཟབ་ཏུ་གཏོང་བའི་ཐབས་ལམ་གལ་ཆེན་དེ་ཡིན་པ་བསྙོན་དུ་མེད། མི་རིགས་རང་སྐྱོང་ས་ཁུལ་གྱིས་སློབ་གསོར་བརྟེན་ནས་སློབ་མར་ཏང་དང་མེས་རྒྱལ་ལ་དགའ་ཞེན་དང་མི་རིགས་མང་པོའི་རིག་གནས་མི་འདྲ་བར་བརྩི་འཇོག་བྱེད་པའི་བསམ་བློའི་འདུ་ཤེས་ཆགས་སུ་འཇུག་པ་ཧ་ཅང་འགངས་ཆེ། སྒོས་སུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་སློབ་གསོས་ཐོག་མཐའ་བར་གསུམ་དུ་ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་དོན་འཁྱོལ་ཡོང་བ་རྒྱུན་འཁྱོངས་བྱེད་དགོས་པ་དང་། མི་རིགས་རིག་གནས་དང་ཐུན་མོང་རིག་གནས་མཉམ་གནས་ཀྱི་སློབ་གྲྭའི་ཁོར་ཡུག་ཁྲོད། མི་རིགས་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་ལྷད་མེད་དང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པའི་འདུ་ཤེས་གཉིས་དུས་གཅིག་ཏུ་ཇེ་ཟབ་ཏུ་བཏང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་རླབས་ཆེན་གྱི་སློབ་གསོའི་འགན་འཁྲི་ཁུར་དུ་བཞེས་དགོས་སོ། །


* རྣལ་འབྱོར་རྒྱལ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི2019ལོའི་རབ་འབྱམས་ཞིབ་འཇུག་སློབ་མ་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1