ཨུ་རུ་སི་ཡིས་ཝུའུ་ཁི་ལན་དང་གྲོས་མོལ་བྱེད་པར་ཆ་རྐྱེན་བཏོན་པ་དང་ཕྱོགས་གཉིས་ཀྱི་དམག་དཔུང་གིས་ཅི་ཧྥུའུ་མངའ་སྡེ་རུ་འཐབ་འཁྲུག་དྲག་པོ་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 02-28


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཆེན་མོ་ཕའེ་སི་ཁི་ཧྥུའུ་ཡིས་ཚེས་ཉེར་བཞི་ཉིན་བསྟན་དོན། གལ་ཏེ་ཝུའུ་ཁི་ལན་གྱིས་རང་གི་དབུས་གནས་གོ་གནས་དང་རང་གི་མངའ་ཁོངས་སུ་མཚོན་ཆ་བཀོད་སྒྲིག་མི་བྱེད་པར་གྲོས་མོལ་བྱེད་པར་གྲ་སྒྲིག་བྱས་ཡོད་ན། ཨུ་རུ་སི་ཡིས་ཝུའུ་ཁི་ལན་དང་གྲོས་མོལ་བྱེད་འདོད་ཡོད་ཟེར། ཝུའུ་ཁི་ལན་གྱི་ཙུང་ཐུང་གཞུང་སྒྲུབ་ཁང་གི་བློ་འདོན་པ་པའོ་ཏའོ་ལེ་ཡཱ་ཁི་ཡིས་ཉིན་དེར་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གིས་ཅི་ཧྥུའུ་མངའ་སྡེ་རུ་འཐབ་འཁྲུག་དྲག་པོ་བྱས་སོང་ཟེར། 
        ཕའེ་སི་ཁི་ཧྥུའུ་ཡིས་ཚེས་ཉེར་བཞི་ཉིན་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱི་དབུས་གནས་གོ་གནས་དང་ཝུའུ་ཁི་ལན་གྱིས་རང་གི་མངའ་ཁོངས་སུ་མཚོན་ཆ་བཀོད་སྒྲིག་མི་བྱེད་པ་སོགས་མ་མཐའི་གནད་དོན་ཐག་གཅོད་བྱེད་འདོད་ཡོད་པ་དང་། གནད་དོན་དེ་དག་གི་ཐད་ནས་ཝུའུ་ཁི་ལན་དང་གྲོས་མོལ་བྱེད་འདོད་ཡོད་ཀྱང་། གནད་འགག་ནི་ཝུའུ་ཁི་ལན་གྱི་མགོ་ཁྲིད་རིམ་པས་གྲོས་མོལ་གྱི་གྲ་སྒྲིག་བྱས་ཡོད་མིན་ལ་རག་ལས་ཡོད་ཟེར། ཁོས་བཤད་རྒྱུར། ཨུ་རུ་སི་ཡིས་ཝུའུ་ཁི་ལན་ལ་དམིགས་བསལ་འགུལ་སྐྱོད་སྤེལ་བའི་དམིགས་ཡུལ་ནི་ཝུའུ་ཁི་ལན་དམག་དོན་མ་ཡིན་པར་བྱས་ཏེ་ཨུ་རུ་སིའི་བདེ་འཇགས་ལ་འགན་སྲུང་བྱེད་ཆེད་ཡིན་ཟེར། 
        ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་གསར་འགྱུར་མགྲིན་ཚབ་པ་ཁི་ནཱ་ཧྲིན་ཁི་ཧྥུའུ་ཡིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཨུ་རུ་སིའི་དྲག་ཆས་དམག་དཔུང་གི་རོགས་སྐྱོར་འོག ཏོན་ནེ་ཚི་ཁི་དང་ལུའུ་ཀན་སི་ཁིའི་ས་གནས་དྲག་ཆས་པས་ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་གི་འགོག་སྲུང་ལམ་ཐིག་གཏོར་ཡོད་ཟེར། ཁི་ནཱ་ཧྲིན་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་ཧྲའོ་དབྱེ་ཀུའུ་ཡིས་བཀའ་རྒྱ་བཏང་སྟེ། མཚོན་ཆ་བསྐྱུར་བའི་ཝུའུ་ཁི་ལན་གྱི་དམག་མི་དག་འཐབ་འཁྲུག་ས་ཁུལ་ནས་ཕྱིར་འཐེན་བྱེད་པར་བདེ་འཇགས་རྒྱུ་ལམ་བཀོད་སྒྲིག་བྱས་ཏེ་ཁོ་ཚོ་བདེ་འཇགས་ངང་ཕྱིར་རང་ཁྱིམ་དུ་ལོག་པར་སྟབས་བདེ་བཟོ་རྒྱུའི་རེ་བ་བཏོན། 
        ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོའི་དུས་ཚོད་གཅིག་སྟེང་། ཨུ་རུ་སིའི་དམག་དཔུང་གིས་ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་ཡི་པའོ་ལི་སི་པའོ་ཨར་རྒྱལ་སྤྱིའི་གནམ་གྲུ་ཐང་དང་བཅས་པའི་གནས་མང་བོར་བར་སྣང་འཇབ་རྒོལ་ཐེངས་སུམ་ཅུ་ལྷག་བྱས་པ་དང་། ཨུ་རུ་སིའི་དམག་དཔུང་ཨོ་ཏི་སཱ་ནས་སྐམ་སར་བུད་པའི་གནས་ཚུལ་དེ་བདེན་པ་མིན་ཟེར། ཝུའུ་ཁི་ལན་མཉམ་འབྲེལ་དམག་དཔུང་གི་དམག་སྤྱི་ཁང་གིས་ཀྱང་ཉིན་དེར་བསྒྲགས་པའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་དམག་དཔུང་གིས་ཝུའུ་ཁི་ལན་དམག་དཔུང་གི་སི་ཐཱ་ལོ་པུས་ཨར་སི་ཁི་ཉེ་འདབས་ས་ཁུལ་གྱི་གཡུལ་སར་ཡོད་པའི་དམག་མིར་དཔུང་འཇུག་བྱས་པ་དང་། འཐབ་འཁྲུག་སྔར་བཞིན་མུ་མཐུད་དུ་སྤེལ་བཞིན་ཡོད་ཟེར། 
        ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་ཉེར་བཞི་ཉིན་ཝུའུ་ཁི་ལན་དུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་གི་དྲ་ཚིགས་སུ་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁས་ཉིན་དེའི་ཉིན་གུང་ཝུའུ་ཁི་ལན་གྱི་གཞུང་ཚབ་ཁང་གི་ཞབས་ཞུ་མཚམས་བཞག་ཡོད་ཟེར། ཨ་མེ་རི་ཁའི་སྲིད་གཞུང་གིས་ཨ་མེ་རི་ཁའི་སྤྱི་དམངས་དག་ཝུའུ་ཁི་ལན་ནས་ཕྱིར་འཐེན་བྱེད་པར་རོགས་འདེགས་བྱེད་ཐབས་མེད། ཝུའུ་ཁི་ལན་དུ་ཡོད་པའི་ཨ་མེ་རི་ཁའི་སྤྱི་དམངས་ལ་དམིགས་པའི་གཞུང་དོན་ཞབས་ཞུ་དེ་ཧང་ག་རི་དང་མའོ་ཨར་ཏའོ་ཝ། ཕོ་ལན། རོ་མཱ་ནི་ཡཱ། སི་ལོ་ཝུན་ནེ་ཡཱ་སོགས་རྒྱལ་ཁབ་ཏུ་སྡོད་པའི་གཞུང་ཚབ་ཁང་ཆེན་མོས་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1