མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ནས་ཝུའུ་ཁི་ལན་གྱི་གནས་བབ་ཐད་ནས་བྲེལ་མྱུར་དམིགས་བསལ་གྱི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྤེལ་བའི་གྲོས་ཆོད་ལ་གྲོས་འཆམ་བྱུང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 03-01




        ཟླ2པའི་ཚེས27ཉིན། ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་འཆར་ཟིན་ལ་བརྡས་ཐག་བཅད། 
        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་ཉེར་བདུན་ཉིན་གྲོས་ཚོགས་བསྡུས་ཏེ། ཝུའུ་ཁི་ལན་གྱི་གནས་བབ་ཐད་ནས་བྲེལ་མྱུར་དམིགས་བསལ་གྱི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྤེལ་བར་རེ་བཏོན་པའི་གྲོས་ཆོད་གཉིས་དྲུག་གཉིས་གསུམ་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་། དེ་ནི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ལོ་ངོ་བཞི་བཅུའི་རིང་གྲོས་མཐུན་བཀོད་པའི་བྲེལ་མྱུར་དམིགས་བསལ་གྱི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྤེལ་བའི་གྲོས་ཆོད་ཐོག་མ་རེད།
        གྲོས་ཆོད་དེའི་འཆར་ཟིན་དེ་ཨ་མེ་རི་ཁ་དང་ཨར་པཱ་ནི་ཡཱ་ཡིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་སྤྲད་པ་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཚེས་ཉེར་བརྒྱད་ཉིན་བྲེལ་མྱུར་དམིགས་བསལ་གྲོས་ཚོགས་སྤེལ་ནས། ཝུའུ་ཁི་ལན་གྱི་གནས་བབ་ཐད་ཐུན་མོང་གི་འགུལ་སྐྱོད་ཇི་ལྟར་སྤེལ་བར་གྲོས་བསྡུར་བྱེད་དགོས་པའི་རེ་བ་བཏོན། 
        བརྡས་ཐག་བཅད་པའི་མཇུག་འབྲས་ལྟར་ན། རྒྱལ་ཁབ་བཅུ་གཅིག་ཡིད་འཐད་བྱུང་བ་དང་། ཨུ་རུ་སི་ཡིས་ངོ་རྒོལ་བྱེད་པའི་འདེམ་ཤོག་འཕངས། ཀྲུང་གོ་དང་རྒྱ་གར། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བཅས་ཀྱིས་འདེམ་ཤོག་འཕེན་པའི་དབང་ཆ་བསྐྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ལྟར་ན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ལྔ་སྟེ་ཨུ་རུ་སི་དང་ཧྥ་རན་སི། དབྱིན་ཇི། ཨ་མེ་རི་ཁ། ཀྲུང་གོ་བཅས་ཀྱིས་འདེམ་ཤོག་འཕེན་སྐབས་ཁས་ལེན་མི་བྱེད་པའི་དབང་ཆ་ལག་བསྟར་བྱས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1