ཨུ་རུ་སི་དང་ཝུའུ་ཁི་ལན་ཕྱོགས་གཉིས་ཀྱིས་ཏོན་པཱ་སིའི་གྲོང་ཁྱེར་གཉིས་ཀྱི་མི་ཆོས་རིང་ལུགས་ཀྱི་རྒྱུ་ལམ་བཏོད་པར་བཀག་རྒྱ་ཐེབས་པའི་ཚུལ་བསྟན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 03-07


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་རྒྱལ་ཁབ་འགོག་སྲུང་བཀོད་འདོམ་ལྟེ་གནས་ཀྱི་འགན་ཁུར་བ་མུས་ཅིན་ཚེ་ཧྥུའུ་ཡིས་ཚེས་ལྔ་ཉིན་མའོ་སི་ཁོ་ནས་བསྟན་དོན། ཏོན་པཱ་སི་ས་ཁུལ་གྱི་གྲོང་ཁྱེར་མཱ་ལི་ཝུའུ་པའོ་ཨར་དང་བོ་ཨར་ནོའུ་ཝ་ཧཱ་ཡི་མི་ཆོས་རིང་ལུགས་ཀྱི་རྒྱུ་ལམ་བཏོད་པར་བཀག་རྒྱ་ཐེབས་ཡོད་ཟེར། ཝུའུ་ཁི་ལན་གྱི་ཕྱི་འབྲེལ་པུའུ་ཡིས་ཀྱང་ཉིན་དེར་ཁས་ལེན་བྱས་དོན། ཝུའུ་ཁི་ལན་གྱིས་མི་ཆོས་རིང་ལུགས་ཀྱི་རྒྱུ་ལམ་ནས་མི་སེར་དཀྱུས་མ་བདེ་འཇགས་ངང་ཕྱིར་འཐེན་བྱེད་ཐབས་མེད་ཟེར། 
        མུས་ཅིན་ཚེ་ཧྥུའུ་ཡིས་ཉིན་དེར་མི་ཆོས་རིང་ལུགས་ཀྱི་འཕྲལ་སྒྲུབ་བྱ་བའི་སྡེ་ཁག་བརྒལ་བའི་མཐུན་སྦྱོར་བཀོད་འདོམ་པུའུ་ཡི་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱི་འབྲེལ་ཡོད་རེ་ཞུ་ལྟར། མའོ་སི་ཁོའི་དུས་ཚོད་ཉིན་དེའི་དུས་ཚོད་བཅུའི་སྟེང་འཁྲུག་རྩོད་མཚམས་བཞག་སྟེ། ཏོན་པཱ་སི་ས་ཁུལ་གྱི་གྲོང་ཁྱེར་མཱ་ལི་ཝུའུ་པའོ་ཨར་དང་བོ་ཨར་ནོའུ་ཝ་ཧཱ་ཡི་མང་ཚོགས་ལ་མི་ཆོས་རིང་ལུགས་ཀྱི་རྒྱུ་ལམ་བཏོད་ཡོད་ཟེར། ཨུ་རུ་སི་དང་ཝུའུ་ཁི་ལན་ཕྱོགས་གཉིས་ཀྱིས་ལམ་ཐིག་དང་སྐྱེལ་འདྲེན་གནད་དོན་ལ་གྲོས་བསྡུར་བྱས་པ་དང་། ཨུ་རུ་སིའི་དྲག་ཆས་དམག་དཔུང་གིས་མི་ཆོས་རིང་ལུགས་ཀྱི་རྒྱུ་ལམ་བདེ་འཇགས་ལ་འགན་སྲུང་བྱེད་པའི་འགན་ཁུར་ཡོད་ཟེར། 
        མུས་ཅིན་ཚེ་ཧྥུའུ་ཡིས་བཤད་རྒྱུར། མཱ་ལི་ཝུའུ་པའོ་ཨར་དང་བོ་ཨར་ནོའུ་ཝ་ཧཱ་ཞེས་པའི་གྲོང་ཁྱེར་གཉིས་སུ་འཁྲུག་རྩོད་དང་རིང་དུ་གྱེས་འདོད་པའི་སྡོད་དམངས་སོ་སོར་འབུམ་གཉིས་དང་ཁྲི་གཅིག་དང་སྟོང་ལྔ་ཡོད། མིག་སྔའི་བར་དུ་མི་དེ་དག་ད་རུང་མི་ཆོས་རིང་ལུགས་ཀྱི་རྒྱུ་ལམ་དུ་འབྱོར་མེད། ཁོས་བཤད་རྒྱུར། མའོ་སི་ཁོའི་དུས་ཚོད་བཅུ་ཡས་མས་སུ། ཨུ་རུ་སིའི་དྲག་ཆས་དམག་དཔུང་གི་འཐབ་རར་ས་ཁུལ་དེ་གཉིས་ལས་ཡོང་བའི་མེ་ཤུགས་འཇབ་རྒོལ་ཐེབས་ཡོད། ཝུའུ་ཁི་ལན་ཕྱོགས་ཀྱིས་ཉིན་དེའི་འཁྲུག་རྩོད་མཚམས་བཞག་པའི་གོ་སྐབས་བེད་སྤྱད་དེ་ཡང་བསྐྱར་བཀོད་སྒྲིག་དང་དམག་དཔུང་ལེགས་སྒྲིག་བྱས་ཏེ། མཱ་ལི་ཝུའུ་པའོ་ཨར་དང་བོ་ཨར་ནོའུ་ཝ་ཧཱ་ཡི་འཐབ་རར་ཤུགས་སྣོན་བྱས། 
        ཝུའུ་ཁི་ལན་གྱི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ནས། ཨུ་རུ་སིའི་དམག་དཔུང་གིས་ཉིན་དེར་ཝུའུ་ཁི་ལན་དང་ཨུ་རུ་སི་ཕྱོགས་གཉིས་ཀྱིས་བཀོད་པའི་གྲོས་མཐུན་དང་འགལ་ནས། མུ་མཐུད་དུ་མཱ་ལི་ཝུའུ་པའོ་ཨར་དང་བོ་ཨར་ནོའུ་ཝ་ཧཱ་སོགས་གྲོང་ཁྱེར་ལ་མེ་སྒྱོགས་ཀྱི་འཇབ་རྒོལ་བྱས་ཏེ། ཝུའུ་ཁི་ལན་ཕྱོགས་ཀྱིས་མི་ཆོས་རིང་ལུགས་ཀྱི་རྒྱུ་ལམ་བརྒྱུད་དེ་མི་སེར་དཀྱུས་མ་བདེ་འཇགས་ངང་ཕྱིར་འཐེན་བྱེད་པ་དང་། སྨན་རྫས་དང་ཟས་རིགས་སོགས་སྐྱེལ་འདྲེན་བྱེད་ཐབས་མེད་པར་བྱས་ཡོད་ཟེར། གསལ་སྒྲོག་ལས་ཨུ་རུ་སིའི་དམག་དཔུང་གིས་མྱུར་མོར་འཁྲུག་རྩོད་མཚམས་འཇོག་དགོས་པའི་རེ་བ་བཏོན་ཡོད། 
        ཝུའུ་ཁི་ལན་གྱི་ཕྱི་འབྲེལ་པུའུ་ཡིས་ནན་གྱིས་བསྟན་དོན། བདེ་འཇགས་ཆ་རྐྱེན་འཛོམས་ན། ཝུའུ་ཁི་ལན་ཕྱོགས་ཀྱིས་མི་ཆོས་རིང་ལུགས་ཀྱི་རྩ་འཛུགས་དང་མཉམ་དུ་མི་སེར་དཀྱུས་མ་ཕྱིར་འཐེན་བྱེད་རྩིས་ཡོད་ཟེར། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1