༄༅།།གཙོད་སྲུང་སྐྱོང་སྐོར་གྱི་བསམ་ཕྱོགས་གསར་པ།

རྩོམ་པ་པོ། འཇམ་དར་གྱིས་བསྒྱུར། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། 03-08


བོད་ལྗོངས་ཀྱི་བྱང་ཐང་དང་ཨ་ཆེན་གངས་རྒྱབ་སོགས་ཚང་མར་ཆེད་དམིགས་མི་སྣས་གཙོད་སྲུང་སྐྱོང་བྱེད་བཞིན་ཡོད་མོད།གཙོད་ལྐོག་རྔོན་བྱེད་ཚུལ་སྔར་བཞིན་རྒྱུན་པར་འབྱུང་བཞིན་ཡོད།དེ་ནི་གཙོད་ཀྱི་ཁུ་ལུ་དང་པགས་པར་ཚོང་ལས་ཀྱི་རིན་ཐང་ཧ་ཅང་ཆེན་པོ་ལྡན་པས་རེད།
གཙོད་ཀྱི་རིན་ཐང་ཆེན་པོ་དང་སྐྱོ་གར།
གཙོད་ཀྱི་རིན་ཐང་ནི་ཐོག་མར་དེའི་ཁུ་ལུ་ཕྲ་ཞིང་ཚགས་དམ་ལ་དྲོད་འཛིན་པའི་ནུས་པ་ཆེ་བའི་ཐོག་ཏུ་ཡོད།གཙོད་ཀྱི་ཁུ་ལུའི་སྦོམ་ཕྲར་སྐྲའི་ལྔ་ཆ་གཅིག་ལས་མེད་པས་དྲོད་འཛིན་པའི་ནུས་པ་ཤིན་ཏུ་ཆེ།གཙོད་ཁུལ་ལས་སྣོན་གྱིས་བཟོས་པའི་ཕྲག་ཁེབས་ལ་ཧྲ་ཐུ་ཧྲི་ཟེར།དེ་ནི་པར་སིག་གི་སྐད་ཡིན་ཞིང་ཁུ་ལུའི་རྒྱལ་པོ་ཞེས་པའི་དོན་ཡིན།གཙོད་ཁུལ་དཀོན་པའི་རྐྱེན་གྱིས་ཧྲ་ཐུ་ཧྲི་གཅིག་བཟོ་བར་ཉུང་མཐར་ཡང་གཙོད་གསུམ་གསོད་དགོས་པ་རེད།གཙོད་ཁུལ་ལས་གྲུབ་པའི་ཧྲ་ཐུ་ཧྲི་ཕྲག་ཁེབས་ཀྱི་ལྗིད་ཚད་ཁེ༡༠༠ཡས་མས་ལས་མེད་པ་དང་སོར་གདུབ་ཀྱི་ཁོང་གསེང་ནས་ཐོགས་མེད་དུ་རྒྱུ་ཐབ་པས་དེར་སོར་གདུབ་ཕྲག་ཁེབས་ཀྱང་ཟེར་ཞིང་འཛམ་གླིང་གི་ཕྲག་ཁེབས་མཛེས་ཤོས་དང་འཇམ་ཞིང་མཉེན་ཤོས་སུ་བརྩིས་ཆོག གཙོད་ཀྱི་ཁུ་ལུའི་དྲོད་འཛིན་པའི་ནུས་པ་དང་མིག་ལ་མཛེས་པའི་ཁྱད་ཆོས་དེས་གཙོད་རང་ཉིད་སྐྱོ་གར་གྱི་ཀློང་ལ་དྲངས་པ་རེད།སྐྱེས་མའི་ཧྲ་ཐུ་ཧྲི་ཕྲག་ཁེབས་ཤིག་ལ་ཕལ་ཆེར་གཙོད་ཀྱི་ཁུ་ལུ་ཁེ༣༠༠དང་༤༠༠དགོས་པས།དེ་འགྲུབ་པར་གཙོད་གསུམ་གྱི་སྲོག་གཅོད་དགོས་པ་དང་།སྐྱེས་པའི་ཕྲག་ཁེབས་ཤིག་ལ་གཙོད་ལྔའི་ཁུ་ལུ་དགོས།རྒྱལ་སྤྱིའི་ཚོང་རར་གཙོད་ཀྱི་ཁུ་ལུ་ཁེ༡༠༠༠ལ་ཨ་སྒོར་༡༠༠༠ནས༢༠༠༠རི་བ་དང་།ཁེ༣༠༠ནས༤༠༠བར་གྱི་གཙོད་ཁུལ་ལས་བཏགས་པའི་ཧྲ་ཐུ་ཧྲིར་ཨ་སྒོར་༥༠༠༠ནས་༣༠༠༠༠རི་བ་རེད།དེ་བས་ཧྲ་ཐུ་ཧྲི་ཕྲག་ཁེབས་ནི་མཐོ་རིམ་སྤྱི་ཚོགས་དང་དར་སྲོལ་གསར་པའི་སྣེ་འཁྲིད་མཁན་ཚོས་རང་གི་ཐོབ་ཐང་མཚོན་བྱེད་ཅིག་དང་།འབྱོར་བས་ཕྱུག་པ་ཚོས་ཧབ་ཐོབ་རྒྱག་པའི་འཛད་སྤྱོད་དངོས་པོ་ཞིག་ཏུ་གྱུར་པ་རེད།ཧྲ་ཐུ་ཧྲི་དགོས་མཁོ་དེ་ལྟར་ཆེ་བའི་རྐྱེན་གྱིས་ལྐོག་རྔོན་རྒྱག་མཁན་ཚོས་གཙོད་འབོར་ཆེན་འཆི་ལམ་དུ་བརྫངས་པ་རེད།ཀྲུང་གོས་འདས་པའི་ལོ་འགའི་རིང་ལ་ཞིབ་བཤེར་བྱས་ནས་ཐོབ་པའི་གཙོད་ལྤགས་དང་གཙོད་ཁུལ་དང་།འབྲེལ་ཡོད་སྡེ་ཚན་གྱིས་གཙོད་འཚོ་ས་ནས་རྙེད་པའི་གཙོད་ཀྱི་བེམ་རོ་དང་རུས་པར་དབྱེ་ཞིབ་བྱས་པ་ལྟར་ན།ལོ་རེར་ཆ་སྙོམས་སུ་གཙོད་ཁྲི༢ལྐོག་རྔོན་ཐེབས་ཡོད་པ་དང་གཙོད་ཀྱི་འཚོ་སྟངས་དང་གྲངས་འབོར་མང་དུ་འཕེལ་བར་གནོད་སྐྱོན་ཚབས་ཆེན་བཟོས་པ་རེད།
༡༩༩༡ལོར་བྱང་ཐང་གི་རང་བྱུང་སྲུང་སྐྱོང་ཁུལ་ཤར་རྒྱུད་དུ་ཆ་སྙོམས་སུ་སྟོང་སྨི་གྲུ་བཞི་མ་རེའི་ནང་གཙོད0.2ཡོད་པ་དང་།གཙོད་གྲངས་༢༠༠༠བརྒལ་བའི་གཙོད་ཁྱུ་ཡང་མཐོང་རྒྱུ་ཡོད།༡༩༩༤ལོར་ཞིན་ཅང་གི་རི་བོ་ཁུ་ནུའི་རྒྱུད་དུ་བརྟག་དཔྱད་ཐེངས་གཅིག་བྱས་པ་དང་།དེ་ཁུལ་དུ་གཙོད༤༣༧༠༠ཙམ་ཡོད་པར་ཚོད་དཔག་བྱས།འོན་ཀྱང་དུས་ཡུན་རིང་པོར་མཚོ་བོད་མཐོ་སྒང་དུ་རི་སྐྱེས་སྲོག་ཆགས་ལ་ཞིབ་འཇུག་བྱེད་པའི་ཆེད་མཁས་པས་ཚོད་དཔག་བྱས་པ་ལྟར་ན།༡༩༩༥ལོར་ཀྲུང་གོའི་གཙོད་ཀྱི་བསྡོམས་འབོར་ཁྲི༥དང་༧བར་མྱུར་དུ་ཆག་པར་མ་ཟད་ད་ལྟ་དུང་མུ་མཐུད་དུ་ཆག་བཞིན་ཡོད་པ་དང་།ལོ་འདི་འགའི་ནང་གཙོད་གྲངས་༢༠༠༠བརྒལ་བའི་གཙོད་ཁྱུ་མཐོང་རྒྱུ་མེད་པར་གྱུར་ཡོད།

གཙོད་སྲུང་སྐྱོང་སྐོར་གྱི་བསམ་ཕྱོགས་གསར་པ།

གཙོད་ཀྱི་གཞི་རྒྱུའི་གསང་བ།
ཚན་རིག་པས་གཙོད་ཀྱི་གཞི་རྒྱུའི་ཚན་པར་བརྟག་དཔྱད་བྱས་པ་བརྒྱུད་ནས་གཙོད་ཀྱི་ཁུ་ལུ་ཧ་ཅང་འཇམ་ཞིང་མཉེན་པར་འགྱུར་བྱེད་ཀྱི་གཞི་རྒྱུ་གཉིས་གསར་དུ་རྟོགས།གལ་ཏེ་གཞི་རྒྱུ་དེ་གཉིས་ར་མ་དང་ལུག་སོགས་ཀྱི་ལུས་ལ་སྤོས་ཚེ་ར་ལུག་ལའང་གཙོད་དང་འདྲ་བའི་ཁུ་ལུ་སྐྱེ་སྲིད།དེའི་བྱེད་ཐབས་འདི་ལྟར།ར་ལུག་ལ་མངལ་ཆགས་དུས་ཐོག་མར་གཞི་རྒྱུ་དེ་གཉིས་ར་ལུག་གི་སྦྲུམ་རྟེན་དུ་སྤོ་དགོས་ཤིང་།བཙས་པའི་རེའུ་འམ་ལུ་གུ་འཚར་ལོངས་བྱུང་རྗེས་རིན་ཐང་ཆེ་བའི་གཙོད་ཁུལ་དང་ཕྱོགས་མཚུངས་པ་སྐྱེ་བར་འགྱུར་ལ་དེ་ཉིད་ཧྲ་ཐུ་ཧྲི་ལྟ་བུའི་དངོས་པོ་ཐོན་སྐྱེད་བྱེད་པར་སྤྱད་ཆོག
གཙོད་ཀྱི་གཞི་རྒྱུའི་ཚན་པའི་གསང་བ་རྟོགས་པ་དེས་གཙོད་ལ་ཁུ་ལུ་སྐྱེ་བའི་གཞི་རྒྱུ་ཁོ་ན་རྙེད་པ་མ་ཡིན་པར།གཙོད་ཀྱི་ལུས་ཁམས་ཀྱི་ཁྱད་ཆོས་དང་འབྲེལ་བའི་གཞི་རྒྱུ་མང་པོ་རྟོགས་པ་རེད།ཁྱད་ཆོས་དེ་དག་བེད་སྤྱོད་གང་ལེགས་བྱེད་ཐུབ་ཚེ་མི་དང་གཙོད་གཉིས་ཀར་ཕན་པ་རྒྱ་ཆེན་པོ་འབྱུང་ཐུབ། དཔེར་ན་གཙོད་དབྱང་རླུང་མི་འདང་ས་དང་གྲང་ངར་ཆེ་བའི་ས་ཆར་ཡང་བདེ་བར་འཚོ་ཐུབ་པའི་རྒྱུ་མཚན་ཡང་གཙོད་ཀྱི་གཞི་རྒྱུ་དང་ལུས་ཁམས་ཀྱི་ཁྱད་ཆོས་ལས་རྙེད་ཐུབ་པ་སྟེ།གཙོད་དུས་ཡུན་རིང་པོར་མཐོ་སྒང་གི་ཁོར་ཡུག་ཏུ་གནས་པའི་རྐྱེན་གྱིས་འཕེལ་འགྱུར་གྱི་གོ་རིམ་ཁྲོད་དུ་ཁོར་ཡུག་དེ་ལྟ་བུ་དང་འཚམ་པའི་གཞི་རྒྱུའི་རྨང་གཞི་ཆགས་ཡོད་པ་རེད།གཙོད་ཀྱི་ལུས་ཁམས་དང་གཞི་རྒྱུར་ཞིབ་འཇུག་དང་དབྱེ་ཞིབ་བྱས་པ་བརྒྱུད།ཞིབ་འཇུག་མི་སྣས་དེར་ཚོས་ལེན་རྫས་ཕྲ་ཆ༣༠ཡོད་པ་རྟོགས།(མིར་ཚོས་ལེན་རྫས་ཕྲ་ཆ༢༣ལས་མེད།)གཞི་རྒྱུའི་ཚན་པའི་ཆེ་ཆུང་དེ་མིའི་རིགས་དང་མཚུངས་ཤིང་།བུལ་གཞི་ཆ་དུང་ཕྱུར་༢༨ཙམ་ཡོད་རྒྱུ་པ་དང་།(མིར་བུལ་གཞི་ཆ་དུང་ཕྱུར༣༠ཙམ་ཡོད།)གཞི་རྒྱུ་ཁྲི་2.4ཙམ་ཡོད་པ་རེད།(མིར་གཞི་རྒྱུ་ཁྲི༣ཙམ་ཡོད)སྐྱེ་བོ་སྤྱིར་བཏང་བ་རྣམས་མཐོ་སྒང་ས་ཆར་རྐང་ཐང་དུ་འགྲོ་བ་ཙམ་ལའང་དཀའ་ཚེགས་ཆེ་མོད།གཙོད་ནི་ས་བབ་མཐོ་སར་ཡང་འཕུར་བ་ལྟར་རྒྱུག་ཐུབ།དེའི་རྒྱུ་མཚན་ཅི་ཡིན་ཞེ་ན།གཅིག་ནི་གཙོད་ཀྱི་གློ་བ་མཐོ་སྒང་གི་སྲོག་ཆགས་གཞན་ལས་མངོན་གསལ་དུ་ཆེ་བས་དབྱང་རླུང་དཀོན་པའི་མཐོ་སྒང་དུ་དབུགས་འབྱིན་རྔུབ་ཚེགས་མེད་བྱེད་ཐུབ་པ་རེད།གཉིས་ནི་གཙོད་ཀྱི་ལུས་སུ་དབུགས་ཐུམ་བཞི་ཡོད་པ་སྟེ།ལུས་སྟོད་ཀྱི་གཞོགས་གཉིས་ཀྱི་པགས་པའི་འོག་ཏུ་དབུགས་ཐུམ་གཉིས་ཡོད་པ་དང་ཨོང་ཤའི་གཞོགས་གཉིས་སུའང་དབུགས་ཐུམ་ཆེན་པོ་གཉིས་ཡོད།དབུགས་ཐུམ་དེ་བཞི་ལས་དབུགས་ཕྱིར་བཏང་ཚེ་ལུས་པོ་མདུན་དུ་རྒྱུ་བར་རམ་འདེགས་བྱེད་ཐུབ་པས་གཙོད་ཀྱི་འགྲོས་འཕུར་བ་ལྟར་མགྱོགས་པར་གྱུར།
གཞི་རྒྱུ་ཕུན་སུམ་ཚོགས་པ་དང་།གློ་བའི་ནུས་པ་ཆེ་བ།ལུས་ལ་འཇམ་ཞིང་མཉེན་ལ་དྲོད་འཛིན་ཐུབ་པའི་ཁུ་ལུ་སྐྱེས་ཡོད་པའི་རྐྱེན་གྱིས་དེ་ཉིད་དབྱང་རླུང་དཀོན་པ་དང་གྲང་ངར་ཆེ་བའི་མཐོ་སྒང་དུ་བདེ་བར་འཚོ་ཐུབ་པ་དང་།དབུགས་ཐུམ་བཞི་ལ་བརྟེན་ནས་གཙོད་ཀྱི་འགྲོས་གཞན་ལས་མྱུར་བར་གྱུར་པ་རེད།
 གཞི་རྒྱུའི་ལས་གྲྭས་གཙོད་སྲུང་སྐྱོང་བྱེད་ཐུབ་བམ།གཙོད་ཀྱི་གཞི་རྒྱུའི་ཚན་པའི་གསང་བ་བརྟོལ་ཅིང་དེའི་སྤུས་ཀ་ལེགས་པའི་ཁུ་ལུའི་གཞི་རྒྱུ་རྟོགས་རྗེས།གཙོད་སྲུང་སྐྱོང་གི་ལས་ཀར་ཐད་བརྒལ་གསར་པ་ཞིག་བྱས་ཆོག་ཅིང་།མིའི་ཐབས་ཀྱིས་གསོས་ཏེ་མིའི་རིགས་ཀྱི་དགོས་མཁོ་སྐོང་ཐབས་བྱེད་པ་སྟེ།གཞི་རྒྱུའི་ལས་གྲྭར་བརྟེན་ནས་གཙོད་ཀྱི་ཁུ་ལུའི་གཞི་རྒྱུ་ར་ལུག་གི་ལུས་ལ་སྤོ་བ་དང་།ར་ལུག་གི་ལུས་ནས་ཐོན་པའི་གཙོད་ཁུལ་ལྟར་སྤུས་ཀ་ལེགས་པའི་ཁུ་ལུས་ཧྲ་ཐུ་ཧྲི་ཐོན་སྐྱེད་བྱས་ཆོག དེ་ལྟར་བྱས་ཚེ་གཙོད་སྲུང་སྐྱོང་བྱེད་ཐུབ་པ་མ་ཟད་ཐོན་ལས་ཤིག་ལ་སྐུལ་མ་བཏང་ནས་དཔལ་འབྱོར་གོང་དུ་སྤེལ་ཐུབ།
དེའི་སྐོར་ལ་རྩོད་གཞི་ཡོད་ཀྱང་སྲིད་དེ།རྒྱལ་སྤྱིའི་ཚོང་རའི་ཐོག་སྔ་ཕྱི་བར་དུ་གཙོད་ཀྱི་ཁུ་ལུ་ལས་སྣོན་དང་ཉོ་འཚོང་བྱེད་བཞིན་ཡོད་ཀྱང་དེ་ནི་ཁྲིམས་དང་འགལ་བ་ཞིག་ཡིན་པ་སྟེ།གཙོད་ནི《རིགས་རྒྱུན་འཆད་ཉེན་ཡོད་པའི་རི་སྐྱེས་སྲོག་ཆགས་སྐོར་གྱི་རྒྱལ་སྤྱིའི་ཉོ་འཚོང་སྤྱི་ཆིངས》ཀྱི་ཟུར་བཀོད་དང་པོའི་ནང་དུ་སྔ་མོ་ནས་བཀོད་ཡོད་ཅིང་།གསོད་རྨས་འཚོང་གསུམ་བྱེད་མི་ཆོག་པ་རེད།དེར་བརྟེན་སྐྱེ་བོ་ལ་ལས་གླང་ཆེན་རྔོན་རྒྱག་པ་དང་གླང་ཆེན་གྱི་ཐོན་ཟོག་འཚོང་བར་གཏན་འགོག་བྱེད་པ་ལྟར་རྒྱལ་སྤྱིའི་ཐོག་གཙོད་ཀྱི་ཁུ་ལུ་ལས་སྣོན་དང་ཉོ་འཚོང་རྩ་བ་ནས་མེད་པར་བཟོས་ཚེ་གཞི་ནས་གཙོད་སྲུང་སྐྱོང་ཡག་པོ་བྱེད་ཐུབ་པར་འདོད།
དེ་ལྟ་ན་ཡང་།གལ་ཏེ་མིའི་ཐབས་ཀྱིས་གསོས་པ་བརྒྱུད་ནས་གཙོད་དང་ཕྱོགས་མཚུངས་ཀྱི་རིགས་རྒྱུད་བསྐྱེད་ཐུབ་ཚེ།དེ་ནི་དོན་དངོས་སུ་གཙོད་སྲུང་སྐྱོང་བྱས་པ་ཞིག་རེད། སྤྱི་ལོ༢༠༠༤ལོ་ནས་ཀོང་ཏུང་ཞིང་ཆེན་གྱིས་ཤྭ་བ་ཁྲ་རིས་ཚུད་པའི་རི་སྐྱེས་སྲོག་ཆགས་རིགས༥༤ཡི་ཤ་རིགས་ཟས་ཅོག་ཐོག་འདོན་ཆོག་པ་བྱས་ཡོད།འོན་ཀྱང་དེ་དག་ལ་རི་སྐྱེས་སྲོག་ཆགས་ཞེས་བརྗོད་ཀྱང་དོན་དངོས་སུ་མིས་གསོས་པ་རེད།ཉེ་ལམ་ལོ་འགའི་རིང་ལ་ཀྲུང་གོའི་རི་སྐྱེས་སྲོག་ཆགས་གསོ་སྤེལ་ཧ་ཅང་འཕེལ་མགྱོགས་པ་སྟེ།ཤྭ་བ།དོམ།ཝ།ཨོག་དཀར།རྨ་བྱ།མཆིག་སོགས་རི་སྐྱེས་སྲོག་ཆགས་རིགས༧༠ལྷག་མིས་གསོ་བཞིན་ཡོད་པ་དང་ས་ཆ་ལ་ལར་གཞི་ཁྱོན་ཆེན་པོ་ཆགས་ཡོད།ཀོང་ཏུང་གི་གསོ་སྤེལ་ར་བ༢༠༠ལལྷག་ཏུ་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་གསོ་བཞིན་ཡོད་ཅིང་།དེ་དག་གི་ནང་རྒྱལ་ཁབ་ཀྱི་སྲུང་སྐྱོང་རིམ་པ་དང་པོ་དང་གཉིས་པའི་མིང་ཐོར་བཀོད་པའི་རིགས་ཀྱང་ཡོད།ཕྱི་རུ་མཐོང་རྒྱུ་དཀོན་པའི་སྲོག་ཆགས་འདི་རིགས་མིས་རྩོལ་བར་བརྟེན་ནས་གསོས་རྗེས་གྲངས་འབོར་ཅུང་མང་དུ་འཕར་ཡོད།ཀོང་ཏུང་ཞིང་ཆེན་ནགས་ལས་ཅུས་ཀྱིས་བརྗོད་པ་ལྟར་ན།རི་སྐྱེས་སྲོག་ཆགས་འདི་རིགས་གཞི་ཁྱོན་ཆེན་པོའི་སྒོ་ནས་གསོས་ཚེ་ཕྱི་ནས་རྔོན་པ་ལས་མ་གནས་ཧ་ཅང་དམའ་བ་དང་།དེ་ལྟར་བྱས་ན་རྔོན་རྒྱག་ཚད་ཉུང་དུ་འགྲོ་ཐུབ་པས་དོན་དངོས་ཐོག་འདི་ཡང་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་སྲུང་སྐྱོང་བྱེད་སྟངས་ཤིག་རེད་ཟེར།
༢༠༠༦ལོར་ཧའེ་ནན་ཞིང་ཆེན་ལ་ཁྱོན་བསྡོམས་རི་སྐྱེས་སྲོག་ཆགས་གསོ་སྤེལ་བྱེད་མཁན་དུད་ཁྱིམ༢༣༠༠༠ཡོད་ཅིང་།སྦལ་བ་སྟག་རིས་དང་།ཉ་ཆེན་རྨིགས་པ།སྤྲེའུ།རུས་སྦལ།སྦྲུལ་ཆེན།རྩངས་པ་ཆེན་པོ་སོགས་གསོས་ཡོད་ཅིང་།ལོ་རེའི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར༡༠ཟིན་པ་རེད།ཀྲུང་གོའི་ས་ཆ་གཞན་དག་ཏུ་ད་དུང་དབྱང་ཙི་ཉ་ཆེན་རྨིགས་པ་སོགས་ཀྱང་གསོ་བཞིན་ཡོད་པ་རེད།༢༠༠༦ལོར་ཀྲུང་གོའི་རི་སྐྱེས་སྲོག་ཆགས་གསོ་སྤེལ་བེད་སྤྱོད་ཀྱི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་༢༠༠༠ཟིན།དེ་ཙམ་དུ་མ་ཟད་རབས་གཉིས་པའི་དབྱང་ཙི་ཉ་ཆེན་རྨིགས་པའི་ཚོང་ལས་གསར་སྤེལ་བྱེད་རྒྱུའང༡༩༩༢ལོའི་འཇར་པན་གྱི་ཅིང་ཏུའུ་རྒྱལ་སྤྱིའི་ཉ་ཆེན་རྨིགས་པའི་ཆེད་མཁས་པའི་ཚོགས་ཆུང་གི་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བ་རེད།

ཀྲུང་གོའི《རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བཅའ་ཁྲིམས》ནང་ཐོན་ཁུངས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་།གསོ་སྤེལ་ཧུར་ཐག གསར་སྤེལ་དང་བེད་སྤྱོད་ལུགས་མཐུན་བཅས་བྱེད་དགོས་པ་གཏན་ལ་ཕབ་ཡོད་པར་མ་ཟད།མིས་རྩོལ་བར་བརྟེན་ནས་གསོས་པའི་རིག་སྐྱེས་སྲོག་ཆགས་ཀྱི་རབས་གཉིས་པ་གསོ་གཉེར་དང་ཉོ་འཚོང་བྱས་ཆོག་ཅེས་གཏན་ལ་ཕབ་ཡོད།༡༩༧༣ལོའི་ཟླ༢པར་རྒྱལ་ཁབ་༨༨ཀྱིས་ཨ་མེ་རི་ཁའི་རྒྱལ་ས་ཝ་ཤིན་ཀྲོན་དུ་མིང་རྟགས་བཀོད་པའི་《རིགས་རྒྱུན་འཆད་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྐོར་གྱི་རྒྱལ་སྤྱིའི་སྤྱི་ཆིངས།》(《ཝ་ཤིན་ཀྲོན་སྤྱི་ཆིངས》ཀྱང་ཟེར་)

སུའང་རི་སྐྱེས་སྲོག་ཆགས་མིའི་རྩོལ་བར་བརྟེན་ནས་རབས་གཉིས་ཡན་ལ་གསོས་པ་མིས་གསོ་སྤེལ་བྱས་པར་རྩི་ཞིང་རྒྱལ་སྤྱིའི་ཐོག་ཉོ་འཚོང་བྱས་ཆོག་མོད།ཕྱིར་གཏོང་ངམ་ནང་འདྲེན་བྱེད་མཁན་རྒྱལ་ཁབ་ཀྱི་ཆོག་འཐུས་ལག་ཁྱེར་དགོས་ཞེས་གཏན་ལ་ཕབ་ཡོད།
སྲོག་ཆགས་སྲུང་སྐྱོང་བྱེད་སྟངས་ལ་ཕྱིར་རྟོག་བྱེད་པ།
གཙོད་ཀྱི་གཞི་རྒྱུའི་ཚན་པའི་གསང་བ་བརྟོལ་པ་དང་འབྱུང་འགྱུར་གྱི་དུས་སུ་གཞི་རྒྱུ་སྤོ་སྤྱོད་ཐུབ་པ་དེས་བསམ་ཕྱོགས་གཞན་ཞིག་བསྐྱེས་པ་ནི།རིགས་རྒྱུན་འཆད་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལག་རྩལ་ལ་བརྟེན་ནས་སྐྱོབ་རྒྱུ་དེ་རེད། སའི་གོ་ལའི་ཐོག་གི་མི་འབོར་གང་མགྱོགས་འཕར་བ་དང་ཆབས་ཅིག་མིའི་རིགས་ཀྱིས་འཚོ་གནས་དང་འཛད་སྤྱོད་བྱེད་ཚད་ཀྱང་ཆེ་རུ་འགྲོ་བཞིན་ཡོད་པས་མི་དང་རང་བྱུང་ཁམས་བར་གྱི་འགལ་བ་མངོན་གསལ་གྱིས་ཛ་དྲག་ཏུ་འགྱུར་བཞིན་ཡོད།དེ་གཙོ་བོར་མིའི་རིགས་ཀྱིས་རང་བྱུང་ཁམས་ལས་ཚད་ལས་བརྒལ་བར་བླངས་པ་དང་ལེན་བཞིན་པ་དེས་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་བཏང་བ་དང་སྲོག་ཆགས་དང་རྩི་ཤིང་ཉུང་དུ་སོང་བའམ་ཐ་ན་རྒྱུན་ཆད་པར་གྱུར།འཛམ་གླིང་གི་
《རྒྱབ་ཤ་དམར་པོའི་དེབ》ནང་བསྡོམས་རྩིས་བརྒྱབ་པ་ལྟར་ན།དུས་རབས༢༠པའི་ཚུན་ལ་འོ་ནུ་སྲོག་ཆགས་རིགས༡༡༠དང་།བྱ་རིགས་༡༣༩སའི་གོ་ལའི་སྟེང་ནས་མེད་པར་གྱུར་ཟིན་ལ།ད་ལྟ་སྲོག་ཆགས་རིགས༦༠༠རིགས་རྒྱུན་འཆད་ལ་ཉེ་བའི་ཉེན་ཁའི་གནས་སུ་གྱར་ཡོད་པ་རེད།
གནས་ཚུལ་འདི་དག་གིས་མི་རྣམས་ཀྱི་ཁོར་ཡུག་དང་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་ཁ་ཚ་དགོས་གཏུགས་ཀྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་བཏང་ཡོད་པ་སྨོས་ཅི་དགོས་མོད།ཁོར་ཡུག་དང་སྐྱེ་ཁམས་སྲུང་སྐྱོང་ཇི་ལྟར་བྱས་ན་གཞི་ནས་ཕན་འབྲས་སྔར་བས་ལེགས་པ་འབྱུང་བ་དེ་ནི་དཔྱད་གླེང་བྱེད་རིན་ཡོད་པའི་གནད་དོན་ཞིག་རེད།
རི་སྐྱེས་སྲོག་ཆགས་དཀོན་པོ་རྔོན་རྒྱག་པ་འགོག་པ་དང་།རི་རྒྱ་བསྡམས་ནས་ནགས་ཚལ་གསོ་བ།རང་བྱུང་སྲུང་སྐྱོང་ཁུལ་འཛུགས་པ།གནས་སྤོ་སྲུང་སྐྱོང་བྱེད་པ་སོགས་ཚང་མ་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་བྱེད་པ་ཡིན་མོད།དེ་ལས་ཀྱང་ལེགས་པའི་བྱེད་ཐབས་ཤིག་ཡོད་པ་ནི་མིའི་རྩོལ་བར་བརྟེན་ནས་གསོ་སྤེལ་བྱ་རྒྱུ་དེ་རེད།མིས་གསོ་སྤེལ་བྱེད་པའི་དམིགས་ཡུལ་ནི་ཚོང་རར་མཁོ་འདོན་བྱེད་ཚད་མང་དུ་གཏོང་བར་བརྟེན་ནས་མི་རྣམས་ཀྱི་དགོས་མཁོ་བསྐངས་ཏེ་མཁོ་སྤྲོད་འབྲེལ་བའི་ཐད་ནས་སྲོག་ཆགས་དང་རྩི་ཤིང་གི་དགོས་མཁོ་ཆུང་དུ་གཏོང་རྒྱུ་དེ་རེད།
མིའི་རྩོལ་བར་བརྟེན་ནས་སྲོག་ཆགས་དང་རྩི་ཤིང་དཀོན་པོ་གསོ་སྤེལ་བྱེད་པ་དེ་གཅིག་ནས་མིའི་རིགས་ཀྱིས་སྲོག་ཆགས་གསོ་བ་དང་རྩི་ཤིང་འདེབས་གསོ་བྱས་ནས་རང་ཉིད་ཀྱི་དགོས་མཁོ་སྐོང་བར་ཕན་པའི་བྱེད་སྟངས་ཤིག་ཡིན་པ་དང་།གཉིས་ནས་ཁྱིམ་ནས་གསོ་བ་དང་གཞི་རྒྱུ་སྤོ་བ་སོགས་ཀྱི་ལག་རྩལ་ལ་བརྟེན་ནས་རང་བྱུང་ཐོན་ཁུངས་དཀོན་པོ་སྔར་ལས་ཁྱབ་གདལ་དུ་གཏོང་ཐུབ་ཅིང་།དེར་བརྟེན་ནས་མི་རྣམས་ཀྱིས་ཁྲིམས་དང་འགལ་ཏེ་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལས་ཁེ་སྤོགས་ཆེན་པོ་ལེན་པ་ཉུང་དུ་བཏང་ནས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་བྱེད་པའི་དམིགས་ཡུལ་འགྲུབ་ཐུབ།གསུམ་ནས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཁྱིམ་ནས་གསོ་བ་དང་བེད་སྤྱོད་བྱས་ཚེ།སྲོག་ཆགས་དང་རྩི་ཤིང་དཀོན་རིགས་སྲུང་སྐྱོང་བྱེད་པའི་དུས་མཚུངས་སུ་དཔལ་འབྱོར་ཡང་འཕེལ་རྒྱས་སུ་བཏང་བ་རེད།
རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ཁུལ་དུ་རྒྱལ་ཁབ་ཀྱིས་མི་ཤུགས་དང་རྒྱུ་ཤུགས་འབོར་ཆེན་བཏང་ནས་སྲུང་སྐྱོང་བྱས་དང་བྱེད་བཞིན་ཡོད་མོད།ཁེ་བཟང་ལ་རྔམ་པར་བརྟེན་ཁྲིམས་འགལ་གྱིས་ལྐོག་རྔོན་རྒྱག་པའི་སྣང་ཚུལ་ཧ་ཅང་ཚབས་ཆེ་བ་རེད།རིགས་རྒྱུན་འཆད་ལ་ཉེ་བའི་སྲོག་ཆགས་ཚང་མར་ཡང་ན་སྨན་རྫས་དང་།ཡང་ན་ཁ་ཟས།ཡང་ན་གྱོན་གོས།ཡང་ན་རོལ་རྩེད་བཅས་ཀྱི་རིན་ཐང་གང་རུང་ཞིག་ཡོད་པས།ཁྲིམས་འགལ་སྐྱེ་བོ་ཁ་ཅིག་གིས་ཁེ་བཟང་ལ་སྲེད་པའི་བསམ་ཚུལ་བཅངས་པ་དང་།སྐྱེ་བོ་ཉུང་ཤས་ལ་འཛད་སྤྱོད་མཐོན་པོ་དང་མཚར་སྣང་གཉིས་ལྷན་འབྲེལ་བྱུང་བར་བརྟེན།རི་སྐྱེས་སྲོག་ཆགས་རྔོན་པ་དང་འཚོང་བའི་གནས་ཚུལ་རྒྱུན་ཆད་མེད་པར་འབྱུང་བཞིན་ཡོད།དེ་བས་རྒྱལ་ཁབ་ཀྱིས་མི་རྒྱུད་དངོས་གསུམ་འབོར་ཆེན་བཏང་ཡང་ཁྲིམས་འགལ་བྱ་སྤྱོད་འདི་རིགས་ཀྱི་རྒྱུན་ཡོངས་སུ་གཅོད་ཐུབ་མེད་པ་དང་ཐ་ན་སྲུང་སྐྱོང་སྡེ་ཁག་ལ་ལས་ཀྱང་སྤྱོད་ངན་དེ་འདྲ་སྤེལ་བཞིན་ཡོད།
གཞི་རྒྱུའི་ལས་གྲྭར་བརྟེན་ནས་གསོ་སྤེལ་དང་མིའི་རྩོལ་བར་བརྟེན་ནས་རི་སྐྱེས་སྲོག་ཆགས་དཀོན་རིགས་གསོ་བ་ནི་རིགས་རྒྱུན་འཆད་ལ་ཉེ་བའི་སྲོག་ཆགས་ཉེན་ཁའི་གནས་ལས་སྐྱོབ་པ་ཞིག་རེད།གཙོད་དཔེར་བཞག་ནས་བཤད་ན།གལ་ཏེ་གཞི་རྒྱུའི་ལས་གྲྭར་བརྟེན་ནས་ར་ལུག་གི་ལུས་ནས་གཙོད་ཁུལ་དང་ཕྱོགས་མཚུངས་པའི་ཁུ་ལུ་སྐྱེད་ཐུབ་པ་དང་དེ་ལས་ཧྲ་ཐུ་ཧྲི་ཕྲག་ཁེབས་ཐོན་སྐྱེད་བྱས་ཚེ།མཁོ་འདོན་བྱེད་ཚང་མང་དུ་སོང་བའི་རྐྱེན་གྱིས་དེའི་རིན་གོང་ཆུང་དུ་འགྲོ་ཐུབ་པར་མ་ཟད་གཙོད་ལའང་སྲུང་སྐྱོང་བཟང་པོ་འཐོབ་ཐུབ་པས།མིའི་རིགས་ཀྱི་དགོས་མཁོར་སྐོང་བར་ཐབས་ལམ་གསར་པ་ཞིག་བཏོད་ཡོད་ལ།མི་དང་རང་བྱུང་ཁམས་མཐུན་པོར་གནས་པའི་ཐབས་ལམ་གསར་པ་ཞིག་ཀྱང་བཏོད་པ་རེད།དེར་བརྟེན་གཙོད་ཀྱི་གཞི་རྒྱུའི་ཚན་པ་ཤེས་རྟོགས་དང་མ་འོངས་པར་གཞི་རྒྱུའི་ལས་གྲྭ་དོན་དུ་གཉེར་རྒྱུ་ནི་གཙོད་སྲུང་སྐྱོང་དང་།མིའི་རིགས་ཀྱི་དགོས་མཁོ་སྐོར་བ།མི་དང་རང་བྱུང་ཁམས་བར་གྱི་འབྲེལ་བ་ལེགས་སྒྲིག་བཅས་བྱེད་པའི་ཐབས་ཤེས་ནུས་ལྡན་ཞིག་རེད།དོན་སྙིང་དེའི་ཐད་ནས་བཤད་ན་ལག་རྩལ་གྱི་ནུས་པ་ནི་བསུབ་ཐབས་མེད་པ་ཞིག་ཡིན་པ་དང་།ལག་རྩལ་གྱིས་མིའི་རིགས་ཀྱིས་རི་སྐྱེས་སྲོག་ཆགས་དཀོན་པོ་སྲུང་སྐྱོང་བྱེད་སྟངས་དེ་ལེགས་ལམ་དུ་འགྲོ་བར་བྱེད་ཐུབ་བོ།། 


རྩོམ་ཡིག་རྗེས་མ།
༄༅།།དོམ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1