གཙོ་ངོས།>> དེང་རབས་མི་སྣ།>>རིག་གནས་སློབ་གསོ།

སྒྲོལ་མ་ཚེ་བརྟན། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༢ལོའི་ཟླ་བ་༠༣ཚེས་༡༡ཉིན།

༄༅།། བདུད་ལྷ་རྒྱལ།

ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་བདུད་ལྷ་རྒྱལ།

སྒྲོལ་མ་ཚེ་བརྟན། 

ཐོག་མའི་གཏམ་གྱི་བདེ་བ་ཕྱིར་དྲན་ཀློང་ནས་འབྱེད། 
        དེ་ཡང་དབྱར་གསུམ་ཁུ་བྱུག་མ་གྲགས་གོང་། སྦྲང་ཆར་བསིལ་མར་རེ་སྒུག་ཡོད། སྟོན་གསུམ་སེར་བུ་མ་གཡུགས་གོང་། འབྲས་བུ་ལྕི་མོར་རེ་སྒུག་ཡོད་ཅེས་པ་ལྟར། རེ་སྨོན་ཞིག་དང་དགའ་ཕྱོགས་ཤིག །ཡང་ན་ལས་དབང་ཡག་པོ་ཞིག་གི་དབང་གིས། ལོ་དེར་ནུབ་བྱང་མི་རིགས་སློབ་ཆེན་དུ་སློབ་གཉེར་དུ་འགྲོ་ཐུབ་པའི་སྐལ་བ་ལྡན། སེམས་ཀྱི་རེ་སྨོན་དེ་ཡང་འདོད་ཐོག་ལ་ཆར་དང་བསམ་ཐོག་ལ་རྟ་ཡི་དཔེ་རུ་གྱུར། མ་ཟད་རྨི་ལམ་དུ་འཁོར་མ་མྱོང་པའི་རྒན་དམ་པ་བདུད་ལྷ་རྒྱལ་ལགས་ཕྲན་ཆུང་ངུའི་རྩོམ་རིག་གི་དགེ་རྒན་དུ་གྱུར། ཞོགས་པ་དེར། ངའི་སེམས་ངོས་སུ་སྨྲ་མི་ཤེས་པའི་སྤྲོ་བ་ཞིག་དང་བརྗོད་མི་ཤེས་པའི་ཚོར་བ་ཞིག་གིས་ཁེངས། ཏག་ཏག་སློབ་ཁྲིད་ཀྱི་དུང་བརྡ་གྲགས་མ་ཐག །མི་བུ་ཞིག་ང་ཚོའི་སློབ་ཁང་དུ་སླེབས་བྱུང་། ལོ་ན་སུམ་ཅུ་ནས་བཞི་བཅུར་བུད་ལ་ཁད། དབུ་སྐྲ་ཐུང་ལ་ཅུང་ཟད་སུ་ལུའམ་སུ་ལུ་མ་ཡིན་པའི་དབྱིབས་སུ་མངོན་ལ། ཐོད་པའི་གཉེར་རིས་དེ་གསལ་མི་གསལ་འདྲ་ཡིན་མོད། སྐད་ཆ་བཤད་སྐབས་ཀྱི་ལག་པའི་འགུལ་སྟངས་དང་བཞིན་རས་ཀྱི་འགུལ་སྐྱོད་སོགས་ཀྱི་དབང་གིས་སྐབས་འགར་ཧ་ཅང་གསལ་ལ། སྐབས་འགར་ཧ་ལམ་མེད་པ་འདྲ། ཏུའུ་གྲངས་ག་ཚོད་ཡིན་པ་མ་ཤེས་མོད། མིག་ཤེལ་སྟབས་བདེ་ཞིག་ནམ་ཡིན་རུང་ཧ་ལམ་གྱོན་ཡོད་པ་འདྲ། ངས་བསམ་ན་འདི་ལྟའི་དཔེ་གཟིགས་པ་ཞིག་གི་མིག་ཤེལ་ཏུའུ་གྲངས་ཧ་ལས་པ་མཐོ་རྒྱུ་རེ་བསམ། མ་ཟད་ཁ་སྤུ་ཞིག་ཁ་ཡི་སྟེང་དང་སྣ་ཡི་འོག་ཏུ་ཧ་ལས་པའི་ཆ་འགྲིག་ཡང་འགྲིག་གིས་སྐྱེས་འདུག །སྐབས་འགར་ལག་པས་དེ་ལ་བྱིལ་བྱིལ་རེ་བྱ་ངེས། ཁ་སྤུ་ཡི་སྐྱེ་ནུས་ཞན་པའམ་ཡང་ན་རྒན་ཁོང་གིས་དཔེ་གཟིགས་ཚད་ཆེ་དྲགས་པ་གང་ཡིན་མི་ཤེས་མོད་སློབ་ཆེན་ལོ་ངོ་བཞི་ཡི་རིང་ལ། ཁ་སྤུ་ཇེ་རིང་དུ་གྱུར་མ་མྱོང་ལ་ཇེ་ཐུང་དུའང་གྱུར་མ་མྱོང་བ་འདྲ། སྟོད་གོས་སྐྱ་མདོག་སྔོ་ནག་ཞིག་དང་དཀར་པོའི་ནང་དུ་ཅུང་ཟད་སྐྱ་བོ་འདྲེས་མའི་ནང་གོས་ཞིག །རྐང་སྣམ་ནག་པོ་དཀྱུས་མ་ཞིག ། ཀོ་ལྷམ་ནག་པོ་ཞིག་སྟེ་ཕལ་ཆེར་ཉོས་ནས་ལོ་འགའ་འགོར་ཡོད་པ་འདྲ། སོ་མའི་འོད་དེ་མི་སྣང་ལ་རྙིང་པའི་ཁ་དོག་ཅིག་མངོན་འདུག །ཀོ་བའི་རྒྱབ་ཁུག་སྟབས་བདེ་ཞིག་སྟེ་བལྟེབས་ཤུར་དང་ཀྱོག་འཕྲོ་མང་པོ་ཅན་ཞིག །ངག་རྒྱུན་དང་སོ་སོའི་སེམས་ཁོང་གི་སློབ་གྲྭ་ཆེན་མོའི་དགེ་རྒན་གཞན་རྣམས་དང་མི་འདྲ་སྟེ། དབུ་སྐྲ་སེང་གེའི་ཅོད་པན། སྟོད་ལྭ་ལྭ་རིང་གོང་ཆེན། རྒྱབ་ཁུག་གོང་རྟགས་རྩ་ཆེན། འཇུར་རྟ་ཀོ་བ་འོད་འཁྱུད། དེ་ལྟ་བུའི་རྗེས་ཤུལ་ཙམ་ཡང་མཐོང་རྒྱུ་མི་འདུག་ལ། ཕལ་པའི་ནང་གི་ཕལ་པ་སྟེ་སློབ་ཆེན་དགེ་རྒན་གྱི་མིང་རྟགས་ཙམ་ཡོད་པའི་མི་སེར་དཀྱུས་མ་ཞིག་དང་ཨ་ན་མ་ན་རེད།
        ད་ནི་སློབ་ཆེན་སློབ་མཐར་ཕྱིན་ནས་ལོ་མང་པོ་འགོར་སོང་བས། དྲན་སྣང་དེ་འདྲ་མི་གསལ་མོད། སྐབས་ལན་རེར་དུས་ཚིགས་ཀྱི་འགྱུར་ལྡོག་དབང་གིས་ནང་གོས་དེ་ཐེངས་གཅིག་གཉིས་ལ་བརྗེས་པ་མ་གཏོགས། ཕལ་ཆེར་སློབ་ཆེན་ལོ་ངོ་བཞི་ཡི་རིང་ལ། གོས་ལྭ་དེ་བརྗེས་མ་མྱོང་པ་འདྲ། མི་རིང་མི་ཐུང་བའི་སློབ་ཆེན་ལོ་ངོ་བཞི་ལ། སྔོན་བསགས་ལས་ཀྱི་དབང་གིས་རྒན་ལགས་ཀྱི་མདུན་ནས་རྩོམ་རིག་གཙོ་བྱས་པའི་གསུང་གི་བདུད་རྩི་འཐུང་ཐུབ་སོང་ལ། མི་རིང་མི་ཐུང་པའི་སློབ་ཆེན་ལོ་ངོ་བཞི་ཡི་སློབ་ཁྲིད་དུ་ཐེངས་གཅིག་ལ་ཡང་ཕལ་ཆེར་ཆད་མ་མྱོང་ཟེར་ན་རྫུན་དུ་མི་འགྲོ་བ་ངའི་སློབ་གྲོགས་མང་པོས་བདེན་དཔང་བྱེད་ཐུབ་པ་འདྲ། སློབ་གསོ་ཡི་གཞིས་ཁྱིམ་འདིའི་རྩོམ་རིག་གི་གཤིན་ས་རྒོད་པོ་ན་རྟག་ཏུ་རྨོ་འདེབས་ཀྱི་ལས་ལ་བརྩོན་བཞིན་པའི་རྒན་དམ་པ་ཁོང་གི་གྲིབ་གཟུགས་ཏེ། རྩོམ་རིག་མིག་གིས་འཚོལ་བ་དང་། རྩོམ་རིག་ཅེས་པ་དེར་སེམས་ཀྱིས་མྱོང་མཁན། རྩོམ་རིག་གི་ཞིང་ས་ན་འཚོ་བའི་མི་ཞིག་ཡིན་ཕྱིན། མཐོང་སྲིད་པ་དེ་ངས་ལབ་དང་འུད་སྒྲོག་ཏུ་བཤད་པ་མ་ཡིན་པ་ཚང་མར་གསལ།


བར་གྱི་སྙིང་གཏམ་དྲོན་མོ་བཅར་འདྲིའི་ལམ་དུ་ཞུགས།
        རྒན་ལགས་ཁམས་བཟང་། ང་ནི་སི་ཁྲོན་ཏང་གི་འཛུགས་སྐྲུན་དུས་དེབ་ཁང་གི་གསར་འགོད་པ་ཅོ་བྱང་སྐར་ཡིན།
        དྲི་བ། རྒན་ལགས། ཁྱེད་རང་རྩོམ་རིག་ལ་འཇུག་པའི་སྐབས་དང་དེང་སང་གི་རྩོམ་རིག་གི་མཁའ་དབུགས་གཉིས་བསྡུར་ན། དམིགས་གསལ་གྱི་ཁྱད་པར་སོགས་ག་རེ་འདུག་གམ།
        ལན། ང་རང་རྩོམ་རིག་ལ་འཇུག་པའི་དུས་ནི་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་ནང་རེད། དེའི་དུས་ནི་ཀྲུང་གོ་རྒྱལ་ཁབ་ཡོངས་ལ་རྩོམ་རིག་ཤིན་ཏུ་དར་ཏེ། ཐ་ན་རྩོམ་རིག་དང་མཚན་ཉིད་རིག་པ་ཁོ་ན་དར་བའི་དུས་ཤིག་རེད་ཅེས་བརྗོད་ཆོག །དེང་སང་ནི་རིག་ཚན་དེ་གཉིས་དམན་སར་ལྷུང་ནས། རྩིས་ཚན་དང་བཅས་པའི་ཉེར་མཁོའི་རིག་པ་ཤིན་ཏུ་དར་བའི་དུས་ཤིག་རེད། ལོ་རབས་བརྒྱད་ཅུ་པའི་རྩོམ་རིག་གིས་མི་རིགས་དང་རྒྱལ་ཁབ་ཀྱི་བྱ་བཞག་ལ་དོ་ཁུར་ཆེན་པོ་བྱེད་པ་དེ། སྐབས་དེའི་བོད་ཀྱི་སློབ་ཆེན་པ་མང་པོ་ཞིག་གི་བློ་དང་ཤིན་ཏུ་འཚམས་ནས་ཡོད། དེང་སང་ནི་མ་མཐའ་ཡང་མི་རིགས་ཀྱི་ཕན་ན་ད་དུང་མི་བུ་རང་གི་འཚོ་ཚིས་ཀྱི་སེམས་ཁུར་རམ་གནོན་ཤུགས་ཤིག་ཡོད་པས། འཚོ་ཚིས་དང་ཉེ་བའི་རིག་ཚན་ལ་ལྟ་རྟོག་བྱེད་དགོས་པར་གྱུར་འདུག །


        དྲི་བ། རྒན་ལགས་ཀྱིས་རྐྱེན་དང་དུས་གང་འདྲ་ཞིག་གི་འོག་ནས་རྩོམ་རིག་ལ་སྦྱངས་པ་ཡིན། མ་ཟད་རྩོམ་རིག་དཔྱད་བརྗོད་པའི་ཆོ་ལོ་འདི་དུས་ནམ་ཞིག་ལ་ཐོབ་པ་རེད་ལགས།

        ལན། ལོ་རབས་བརྒྱད་ཅུ་པའི་ཁོར་ཡུག་དེ་རྩོམ་རིག་དར་ཁྱབ་ཆེ་བའི་ཁོར་ཡུག་ཅིག་ཡིན་པས། གཅིག་ན་ཁོར་ཡུག་དེའི་དབང་དུ་གྱུར་བ་རེད། གཉིས་ན། སྐབས་དེའི་ཀྲུང་གོའི་བསྒྱུར་བཅོས་ལྷུག་གཏོང་གི་བསམ་བློའི་ཤན་སྟོབས་ཀྱིས་བོད་ཀྱི་སློབ་ཆེན་སློབ་མ་དག་གི་རྒྱུད་ལ་ལོ་རྒྱུས་ཀྱི་འགན་འཁྲིའི་འདུ་ཤེས་སྐྱེས་ཤིང་། དེ་ལས་བྱུང་བའི་ཁོ་ཚོའི་ཕུགས་བསམ་དང་ངར་ཞགས་དང་བཅས་པའི་དྲན་རྟོག་མང་པོ་རྩོམ་རིག་གིས་མཚོན་ཐུབ་པས། རྩོམ་རིག་ལ་འགུགས་ཤུགས་ཆེན་པོ་ལྡན། སྐབས་དེའི་གནས་བབ་དེ་ལོ་རབས་བརྒྱད་ཅུ་པའི་བོད་ཀྱི་སྙན་ངག་གསར་པས་ཚུར་སྣང་བྱས་ནས་འདུག །གསུམ་ན། རྩོམ་རིག་གསར་པ་དེར་དེ་འདྲའི་ཡོན་ཏན་ཡོད་ཀྱང་། བོད་ལ་གསར་དུ་དར་མགོ་ཚུགས་པ་ཙམ་ཡིན་པས། ང་རང་གིས་དེ་ཉིད་བོད་དུ་དར་བའི་ཐད་ནས་ནུས་པ་ཅུང་ཟད་ཐོན་ན་སྙམ་པ་བཅས་ཀྱིས་རྩོམ་རིག་གི་ལས་སུ་ཞུགས་ཤིང་དེ་སྦྱང་པ་རེད། དཔྱད་བརྗོད་པའི་ཆོ་ལོ་ནི་ང་ལ་ཐོབ་ཡོད་པ་འདྲ། མང་པོས་དེ་ལྟར་བཤད་བཞིན་འདུག །ཡིན་ན་ཡང་དེ་ནི་དཔྱད་བརྗོད་ཀྱི་རྩོམ་དུ་མ་ཞིག་བྲིས་པ་དང་། རྩོམ་རིག་གི་ཐད་ནས་གཏམ་ཁ་ཤས་བཤད་པ་དང་། བརྩམས་ཆོས་སློབ་ཁྲིད་བྱས་པའི་སྟབས་ཀྱིས་བྱུང་བར་འདྲ། དེ་དག་ཚང་མ་དོན་གྱིས་རྒྱ་ཆེན་པོ་དང་གཏིང་ཟབ་ས་ཞིག་ཏུ་ཕྱིན་མི་འདུག།།དེ་བས་དཔྱད་བརྗོད་པ་ཞེས་འབོད་པ་ནི་ས་ཆའི་ཚོད་ཀྱི་རི་དྭགས་ཙམ་རེད། དུས་ནམ་ཞིག་ནས་ཡིན་པ་ང་ལའང་བཤད་རྒྱུ་མི་འདུག །
        དྲི་བ། རྒན་ལགས་ཀྱིས་བོད་ཀྱི་རྩོམ་རིག་ཅེས་པ་འདིའི་མ་འོངས་འཕེལ་རྒྱས་དང་ཕྱོགས་གང་ནས་འབད་པ་བྱས་ན་རྩོམ་རིག་ལ་འཕེལ་རྒྱས་བྱུང་མིན་སྐོར་ནས་ཅུང་ཙམ་གླེང་ན།
        ལན། བོད་ཀྱི་དེང་རབས་རྩོམ་རིག་གིས་བོད་ཀྱི་གནའ་རབས་རྩོམ་རིག་ལ་ཐོད་བརྒལ་བྱས་ཏེ། སྔོན་དང་མི་འདྲ་བའི་རྣམ་པ་གསར་པ་ཞིག་བྱུང་བ་རེད། དེ་ནི་རྩ་བའི་ཆ་ནས་བསམ་བློའི་ནང་དོན་འདི་སྣང་གི་མཐོང་ཆོས་ལ་བསྒྱུར་བ་དང་། སྒྱུ་རྩལ་གྱི་རྣམ་པའི་ཐད་ནས་བྱུང་རིམ་ལ་དང་དོད་དང་། ཞིབ་འབྲི་ལ་དང་དོད་དང་། སྙན་ངག་གི་ཡིད་བརྙན་ལ་འཕོ་འགྱུར་བྱུང་སྟེ། སྔར་མེད་ཀྱི་ཡིད་བརྙན་གསར་པ་མང་པོོ་ཞིག་ཐོན་པ་དང་། སྙན་ངག་གི་སྐད་ཆ་ལའང་སྔོན་དང་མི་མཚུངས་པའི་རྒྱུས་མེད་ཀྱི་རྣམ་པ་བྱུང་བ་སོགས་ཀྱིས་སྲོལ་རྒྱུན་མི་འདྲ་བའི་གནས་སྟངས་གསར་པ་ཞིག་གྲུབ་པ་རེད། ཡིན་ན་ཡང་། ད་དུང་ཡང་སྒྱུ་རྩལ་གྱི་ཆུ་ཚད་མཐོ་སར་མ་སོན་པར་སྲོལ་རྒྱུན་གྱི་གྲུབ་ཆ་གཙོ་བོ་དག་ལ་གནས་འགྱུར་བཟོ་མ་ཐུབ་པས་བསྐྱར་བའི་རྣམ་པ་ཡང་ཡོད། དཔེར་ན། བརྩམས་སྒྲུང་ལ་མཚོན་ན། རྩོམ་པ་པོ་སོ་སོས་རང་གི་ལྟ་གྲུབ་གང་ཞིག་སྟོན་པར་བྱེད་པ་ལས། ཡུལ་ལ་གཞོལ་ཏེ་ཕྱི་དོན་ཤེད་ཆེ་བའི་ཚུལ་དུ་འབྲི་མི་ཐུབ་པ་དང། ནམ་ཡང་ཀུན་སྤྱོད་ཀྱི་རྒྱ་ལས་འགོངས་མི་ཐུབ་པར། རྩོམ་རིག་ཀུན་སྤྱོད་རིག་པ་དང་འདྲ་མཉམ་བྱེད་པ་ལྟ་བུ་དང་། སྙན་ངག་གིས་ཚིག་ལ་དང་དོད་བྱེད་དྲག་སྟེ། ཚིག་གིས་གྲུབ་པའི་ངག་གམ་སྙན་ངག་ཧྲིལ་གྱིས་པའི་ཁམས་ལ་དང་དོད་མི་བྱེད་པ་དང་། ཚིག་ལ་གསལ་བྱེད་དང་རིགས་པའི་ཤེད་ཆེ་སྟེ་ཚོར་བས་མ་ཟིན་པའི་སྐམ་པོ་དང་ཁོང་སྟོང་གི་སྐྱོན་ཆེ་བ་ལྟ་བུ་སོགས་ནི་བསྒྱུར་བཅོས་བྱེད་དགོས་པའི་གནས་དང་། དེ་དག་དོན་གྱིས་སྲོལ་རྒྱུན་སྙན་ངག་ལ་མངའ་བའི་ཁྱད་ཆོས་རེད། དེ་བས། དཔེ་ཀློག་མང་དུ་བྱེད་པའི་གོ་རིམ་གྱི་ཁྲོད་ནས་སྒྱུ་རྩལ་གྱི་ཆུ་ཚད་མཐོ་སར་བགྲོད་པའི་ལམ་བུ་ཞིག་རྙེད་པར་བྱ་རྒྱུ་དང་། རང་སྐྱོན་གཞན་ཡོན་མཐོང་བའི་སྒོ་ནས་རང་དང་སྔར་ཡོད་ཀྱི་སྒྱུ་རྩལ་ཆུ་ཚད་ཀྱི་རྣམ་པ་ལ་ཐོད་བརྒལ་བྱ་བའི་གནད་དངོས་རྙེད་རྒྱུ་ནི་བོད་རྩོམ་འཕེལ་རྒྱས་ཀྱི་རྩ་བ་རེད་སྙམ། རྩོམ་རིག་གི་འཛེམ་བྱ་ནི་བསྐྱར་ཟློས་དང་། བླང་བྱ་ནི་གསར་གཏོད་ཡིན།
        དྲི་བ། རྒན་ལགས་ཀྱིས་བོད་ཀྱི་རྩོམ་རིག་གི་སྡེ་ན། གཞན་ཡིག་གིས་འབྲི་མཁན་དང་རང་ཡིག་གིས་འབྲི་མཁན། རང་ཡིག་གཞན་ཡིག་ཏུ་སྒྱུར་མཁན་དང་གཞན་ཡིག་རང་ཡིག་ཏུ་བསྒྱུར་མཁན་ལས། གང་གཙོ་བོ་དང་གང་ཕལ་བར་འཛིན་བཞིན་ཡོད།
ལན། རང་ཡིག་གིས་འབྲི་མཁན་དང་གཞན་ཡིག་རང་ཡིག་ཏུ་བསྒྱུར་མཁན་གཉིས་མཁོ་སྙམ། དེ་གཉིས་བོད་ཀྱི་རྩོམ་རིག་གི་ཆུ་ཚད་གོང་མཐོར་འདེགས་མཁན་དངོས་དང་། དེ་གཉིས་ཀྱིས་བོད་མི་དམངས་ལ་ཐད་ཀར་ཞབས་འདེགས་ཞུ་བའི་རྐྱེན་གྱིས་སོ། །
དྲི་བ། སྒྲུང་གཏམ་དང་ལྷུག་རྩོམ། དཔྱད་རྩོམ། དགག་སྒྲུབ། སྙན་རྩོམ། ལྗོངས་རྒྱུ་སོགས་རྩོམ་ལུས་མི་འདྲ་བ་སྣ་མང་ལས་སྙན་རྩོམ་གྲངས་མང་བར་མ་ཟད་རང་མོས་ཀྱི་གྲངས་དེ་ལས་མང་བ་དང། གཞན་རྣམས་གྲངས་ཉུང་པའི་སྐོར་ནས་རྒན་ལགས་ཀྱིས་ཁ་བརྡ་རེ་བྱས་ན།
        ལན། རྩ་བའི་ཆ་ནས་རང་མོས་སམ་སྙན་ངག་བྲི་སླ་བའི་རྐྱེན་གྱིས་རེད། སྙན་ངག་དེ་གོ་དཀའ་བ་ཞིག་བྲིས་པའི་ཚེ་ན། བྲིས་པ་མི་ལེགས་ཀྱང་དེ་ལ་གང་ཞིག་གིས་སྐྱོན་བརྗོད་དཀའ། སྐྱོན་སྦ་གསང་བྱེད་སླ། ཐ་ན་ཚིག་སྦྱོར་ལ་སྐྱོན་ཡོད་ཀྱང་སྙན་ངག་གི་སྐད་ཆ་ནི་ལྷུག་པའི་སྐད་ཆ་ལྟར་གཏན་ཚིགས་ཡོད་མི་དགོས་ལ། བརྡ་སྤྲོད་ཀྱི་སྦྱོར་བ་དང་འགལ་ཆོག་པས། སྙན་ངག་བྲི་སླ་བར་སྣང་། ཡིན་ན་ཡང་། ངེས་པ་དོན་གྱི་སྙན་ངག་ནི་འབྲི་དཀའ། དེས་སྙན་ངག་པ་ལ་ཕྱོགས་མང་པོ་ཞིག་ནས་རེ་བ་བཏོན་ཡོད། དེ་བས། བོད་ལ་སྙན་ངག་མང་ཡང་སྙན་ངག་ཡག་པོ་མང་པོ་མེད་པའི་སྣང་ཚུལ་བྱུང་བ་རེད། དེ་བཞིན་དུ་བོད་ཀྱི་སྙན་ངག་ཕལ་ཆེར་གོ་དཀའ་བ་ཡིན་པའི་རྒྱུ་མཚན་ཀྱང་འདིར་ཐུག་ཡོད། ངས་སྙན་ངག་དེ་དག་ལ་གཡོ་སྒྱུའི་སྙན་ངག་ཅེས་འབོད་ན་འདོད།
        དྲི་བ། རྒན་ལགས་ཀྱིས་བོད་ཀྱི་རྩོམ་རིག་ཅེས་པ་ནི་སྤྱིའི་རྗོད་བྱེད་དང་རྣམ་པའི་ཐོག་ནས་བཤད་པ་ཡིན་ནམ། ཡང་ན་ནང་གི་བརྗོད་བྱ་དང་སྒྱུ་རྩལ་གྱི་ཐོག་ནས་བཤད་པ་ཡིན།
        ལན། དེ་དེ་འདྲའི་སོ་སོར་ཕྱེ་ནས་བཤད་དཀའ་བ་ཞིག་རེད། ཐོག་མར་བོད་ཡིག་གི་ལམ་ནས་བྲིས་པ་ཡིན་དགོས། བྲིས་ཟིན་པའི་བརྩམས་ཆོས་གང་དེས་ཀློག་པ་པོ་གང་ལ་ཞབས་འདེགས་ཞུ་བ་དེ་ཅུང་གཙོ། དེ་ནས་ནང་དོན་ལ་བོད་མི་རིགས་ཀྱི་འཚོ་བའི་བདེ་སྡུག་གཙོར་བྱས་པ་དང་། གཞན་རིགས་ལ་བོད་ཀྱི་ལྟད་མོ་སྟོན་པ་འདྲ་ཞིག་མ་ཡིན་པར། མི་རིགས་ཀྱི་འཚོ་བ་ལ་གཟབ་ནན་གྱིས་བསམ་གཞིགས་བྱས་པ་ཡིན་ན། དེ་ནི་གཞན་སྐད་ཀྱིས་བྲིས་ཀྱང་བོད་ཀྱི་རྩོམ་རིག་ཏུ་འདོད་པ་ཡིན།
        དྲི་བ། དེང་སང་བརྩམས་སྒྲུང་ལ་ལ་ནི་ལྷུག་རྩོམ་གྱི་ཤས་ཆེ་བས་དེའི་ཐད་ལ་རྒན་ལགས་ཀྱི་དགོངས་ཚུལ་གང་འདྲ་ཡོད།
        ལན། ལྷུག་རྩོམ་གྱི་ཤེད་ཆེ་བ་དེ་བརྩམས་སྒྲུང་གི་འཕེལ་རྒྱས་ཤིག་ལ་ངོས་བཟུང་ཆོག །བོད་རྩོམ་དེ་ད་བར་དུ་གཏམ་རྒྱུད་ཀྱི་ཤེད་ཆེ་བ་དང་། དོན་དག་དང་འགལ་བ་ཤེད་ཆེ་བའི་ངོས་ནས་ལྷུག་བརྗོད་བྱེད་བཞིན་པ་དེས། བརྩམས་སྒྲུང་ལ་དགོས་ངེས་ཀྱི་བཀོད་འབྲི་དང་། མི་ལ་གཞོལ་བ་དང་སེམས་ལ་གཞོལ་བ་སོགས་བཏང་སྙོམས་སུ་མ་གྱུར་རང་གྱུར་རེད། དེ་འདྲ་ཡིན་ན་བརྩམས་སྒྲུང་ལ་མཛེས་རྟོག་གི་ཆ་ཞན་པར་འགྱུར་ངེས། དེ་བཞིན་དུ་ཀློག་པ་པོའི་ཐད་ནས་ཀྱང་། གཏམ་རྒྱུད་རང་བཞིན་ཤེད་ཆེ་བའི་བརྩམས་སྒྲུང་ལས་ལྷུག་རྩོམ་གྱི་ཆ་ཡོད་པའི་རྩོམ་ལ་མྱོང་རོལ་བྱེད་ཐུབ་པར་གྱུར་ཚེ། རང་གི་མྱོང་རོལ་གྱི་ཆུ་ཚད་མཐོ་རུ་ཕྱིན་པའི་རྟགས་ཤར་བ་ཡིན།
        དྲི་བ། བོད་ཀྱི་དེང་རབས་རྩོམ་རིག་ལའང་རྒྱུད་འཛིན་དང་གསར་གཏོད་དགོས་པས་སྲོལ་རྒྱུན་རྩོམ་རིག་ལས་གང་དག་རྒྱུད་འཛིན་བྱས་ན་འགྲིག །
        ལན། རྒྱུད་འཛིན་གྱི་རྨང་གཞིའི་སྟེང་གསར་གཏོད་ཡོད་ན་མཆོག་དང་རབ་ཡིན། དེ་འདྲ་ཡོང་དགོས་ཚེ་ཐོག་མར་ང་ཚོས་སྲོལ་རྒྱུན་རྩོམ་རིག་གི་ལེགས་ཆ་དང་། དེང་གི་རྩོམ་རིག་འཕེལ་རྒྱས་ཀྱི་རྐྱེན་ཏུ་འགྱུར་བའི་གྲུབ་ཆ་དེ་ངོས་འཛིན་ཐུབ་དགོས། དེ་ནི་རྩོམ་པ་པོ་དག་གི་སྲོལ་རྒྱུན་རྩོམ་རིག་བཀླགས་པའི་བློ་བསྐྱེད་དང་། རྩོམ་རིག་ཞིབ་འཇུག་པའི་ཞིབ་འཇུག་གི་འབྲས་བུ་ལས་གསལ་པོར་བསྟན་དུ་ཡོད་དགོས། ད་སྔ་ཡན་ཆོད་དུ་རྩོམ་པ་པོ་དང་ཞིབ་འཇུག་པ་སུས་ཀྱང་དེ་ལྟའི་གྲུབ་ཆ་དེ་བསྟན་མི་འདུག །ཚང་མས་རིགས་ཞེན་གྱི་དབང་གིས་རྒྱུན་འཛིན་གྱི་སྟེང་གསར་གཏོད་ཡོད་དགོས་ཞེས་འབོད་སྒྲ་སྒྲོག་བཞིན་པ་ལས་གང་ཞིག་ཡིན་པ་བསྟན་དུ་མེད། མ་མཐའ་ཡང་ང་ལ་གནས་སྐབས་ཙམ་དུ་ད་དུང་དེ་འདྲ་བསྟན་དུ་མེད། སྤྱིར་ན་སྲོལ་རྒྱུན་རྩོམ་རིག་གི་རྒྱུད་འཛིན་བྱེད་ཆོག་པའི་ཆ་དེ་ཤེས་རབ་ཀྱི་སྟོབས་ཀྱིས་བསྔོག་དགོས་པ་ཞིག་དང་།
གསར་གཏོད་རང་བཞིན་གྱིས་གནས་འགྱུར་བཟོ་དགོས་པ་ཞིག་ལས། འདིའོ་གའོ་ཞེས་ལྷུན་གྲུབ་ཏུ་ཡོད་པ་ཞིག་ཡིན་མི་སྲིད། སྔར་གྱི་རྩོམ་དང་རྩོམ་པ་པོ་གང་ཞིག་གི་རྗེས་སུ་འབྲང་དགོས་པ་ལྟ་བུ་ཞིག་གི་ཚོད་དུ་ཡོད་པ་མ་རེད། དྲི་བ་འདི་རྙོག་འཛིང་ཅན་བཤད་བདེ་མོ་ཞིག་མ་རེད་སྙམ།
        དྲི་བ། རྒན་ལགས། ཁྱེད་ནི་རྩོམ་རིག་དཔྱད་བརྗོད་པ་ཞིག་ཡིན་པའི་ངོས་ནས། བོད་ཀྱི་དེང་རབས་རྩོམ་རིག་གི་གནས་བབ་གང་འདྲ་ཞིག་རེད།
        ལན། འདི་ནི་དྲི་བ་ཅུང་རྒྱ་ཆེན་པོ་ཞིག་རེད། སྤྱིར་བཤད་ན། བོད་ཀྱི་ཀློག་པ་པོ་བྱིངས་ཀྱི་རྒྱུད་ན་ཡོད་པའི་རྩོམ་རིག་གི་ལྟ་བ་ལྟར་ན། དེང་གི་རྩོམ་རིག་གི་འཕེལ་རྒྱས་ཚད་ཅུང་མཐོ་ས་ཞིག་ཏུ་སོན་འདུག་ཅེས་བཤད་ཆོག །བརྩམས་ཆོས་ལེགས་པོ་དུ་མ་བྱུང་ཡོད་ལ། རྩོམ་པ་པོ་ལེགས་པོའང་རེ་འགའ་བྱུང་འདུག །རྩོམ་གྱི་བསམ་བློ་སྣ་མང་ཅན་དུ་གྱུར་བ་དང་། མི་སྣའི་སྣང་བརྙན་གསར་པ་བྱུང་བ། ལྷུག་བརྗོད་ལ་མཁས་པ། སྒྲིག་གཞི་དོ་མཉམ་པ་སོགས་ཉམས་དགའ་བའི་རྣམ་པ་དུ་མ་བྱུང་ཡོད། ཡིན་ན་ཡང་། དེང་རབས་མཛེས་རྟོག་རིག་པའི་རེ་བ་ལྟར་ན། ཐོད་བརྒལ་བྱ་དགོས་པའི་སྟོང་ཆ་ཆེན་པོ་འདུག །བསམ་བློའི་ཐད་ནས་སྒེར་གཤིས་མངོན་ཏེ་ཀུན་མཐུན་གྱི་ལྟ་གྲུབ་ལ་འདའ་འགོངས་བཟོ་བ་དང་། དོན་བརྗོད་གཏམ་སྦྱོར་སྣ་མང་ཅན་དུ་འགྲོ་བ། རང་གི་ལྟ་གྲུབ་སྟོན་པ་ལས་གཞི་ལ་གཞོལ་བ། བཀོད་འབྲིའི་ནུས་པ་ལ་ཤུགས་རྒྱག་པ། རྩོམ་རིག་གི་སྐད་ཆ་ལ་རང་གིས་ཚོར་བས་ཟིན་པ་སོགས་བྱས་ནས། ད་ཡོད་ཀྱི་རྩོམ་རིག་མཛེས་རྟོག་གི་འཁྱེར་ཕྱོགས་ལ་ངེས་པ་དོན་གྱིས་ཐོད་བརྒལ་བྱ་དགོས་པའི་དགོས་ངེས་རང་བཞིན་འདུག །
        དྲི་བ། རྒན་ལགས། དེང་སང་རྩོམ་པ་པོ་རྣམས་ཀྱི་བརྩམས་ཆོས་ཀྱི་རྗོད་བྱེད་ཚིག་ལ་སྐྱོན་ཡོན་གང་འདྲ་འདུག །
        ལན། དེང་སང་གི་རྩོམ་པ་པོའི་རྩོམ་རིག་གི་སྐད་ཆ་བོད་ཀྱི་དེང་རབས་རྩོམ་རིག་གི་ཐོག་མའི་སྐབས་དང་བསྡུར་ན་འཕེལ་རྒྱས་སམ་ཇེ་ལེགས་སུ་ཕྱིན་འདུག །སྔར་ཡོད་བསྟན་བཅོས་ཀྱི་སྐད་དུ་མ་ཟད། དམངས་ཁྲོད་སྐད་ཀྱི་ཐ་སྙད་བེད་སྤྱོད་གཏོང་ཚད་ཇེ་ཆེར་འགྲོ་བ་དང་། མིང་གསར་བཟོའི་སྣང་ཚུལ་ཀྱང་ཡོད་པས། རྩོམ་རིག་གི་སྐད་ཆ་སྔར་བས་ཕུན་སུམ་ཚོགས་པར་འགྲོ་བཞིན་འདུག །ཡིན་ན་ཡང་། ད་དུང་ཡང་ཐ་སྙད་ཕུན་ཚོགས་དང་དེའི་སྒོ་ནས་དོན་གྱི་གནད་དུ་སྨིན་པའི་འཕེལ་ཚད་ཅུང་དལ་བ་རེད། འདི་ནི་ང་ཚོའི་སྐད་ཆའི་ལྟ་ཚུལ་ཞིག་ལ་རག་ལས་ཡོད་དེ། མང་ཤོས་ཀྱིས་ཡུལ་སྐད་ལུང་སྐད་བེད་སྤྱོད་གཏོང་བ་སྐྱོན་དུ་འཛིན་པས། ཐ་སྙད་གསར་པའི་ཐོན་གྲངས་ལ་ཚད་བཀག་ཐེབས་པ་རེད། རྩོམ་རིག་གི་སྐད་ཆ་ལ་བཀོད་འབྲིའི་ནུས་པ་དང་། མཚོན་སྟོབས་ཀྱི་ནུས་པ་དགོས་པ་ལ། ཐ་སྙད་མོད་པོ་ཞིག་མེད་ཚེ་ཞིབ་ཕྲའི་དོན་འབྲི་བ་མི་ནུས་པས། ཡུལ་སྐད་དང་ལུང་སྐད་ཁྲོད་ཀྱི་མཚོན་སྟོབས་ཡོད་པའི་སྐད་ཆ་བེད་སྤྱོད་བཏང་ན་འགྲིག །གནད་དོན་ཆེན་པོ་དེ་སྙན་ངག་གི་སྐད་ཆ་ལ་རང་གི་ཚོར་བས་མ་ཟིན་པ་མང་བ་དང་། བརྩམས་སྒྲུང་དང་ལྷུག་རྩོམ་གྱི་སྐད་ཆར་རང་ལྡང་ཅན(ཙྼལྷེཏྲཱཾ)གྱི་སྣང་ཚུལ་བྱུང་བ་དང་། ད་དུང་བརྩམས་སྒྲུང་གི་མི་སྣའི་ཁ་བརྡའི་སྐབས་སུ་མི་སྣའི་རྟེན་དང་འཚམས་པའི་ཁ་བརྡའི་སྐད་ཆ་ལ་དང་དོད་མི་བྱེད་པ་འདི་དག་རེད།
        དྲི་བ། རྒན་ལགས། སྲོལ་རྒྱུན་སྙན་ངག་དང་དེང་རབས་སྙན་ངག་གཉིས་ཀྱི་རྩ་བའི་ཁྱད་པར་གང་དུ་འདུག །དེང་གི་ཡིད་བརྙན་ཟེར་བ་དེས་སྙན་ངག་ལ་ནུས་པ་ག་འདྲ་ཐོན་བཞིན་ཡོད་དམ།
        ལན། དེ་གཉིས་ཀྱི་ཁྱད་པར་ཕྱོགས་མང་པོ་ཞིག་ནས་མངོན་ཡོད། སྙན་ངག་གི་རྣམ་པར་རྟོག་སྟངས་དང་སྙན་ངག་གི་ཁ་གཏོད་ཡུལ། ཐ་ན་སྙན་ངག་ཁྲོད་ཀྱི་དཔེའི་འཇོག་ཚུལ་སོགས་མང་པོ་ཞིག་ནས་ཡོད། ངའི་རབ་འབྱམས་པའི་མཐར་ཕྱིན་དཔྱད་རྩོམ《སྙན་ངག་གསར་རྙིང་གི་ཐོག་མའི་གཤིབ་བསྡུར།》གྱིས་གཙོ་བོ་དེ་བཤད་འདོད་པ་ཡིན། དོན་གྱིས་ཁོ་གཉིས་ཀྱི་ཁྱད་པར་དེ་ཚིགས་སུ་གཅོད་ལུགས་ཙམ་དང་བསམ་བློའི་ནང་དོན་གྱི་ཁྱད་པར་ཙམ་ཞིག་མ་རེད། དེ་ནས་ཡིད་བརྙན་ཞེས་པ་དེ་རགས་ཤིང་རྩིང་བར་བཤད་ན་སྙན་ངག་ཁྲོད་ཀྱི་དཔེ་ལྟ་བུ་རེད། ཡིན་ཡང་། དཔེ་ཙམ་ཡིན་ན་དཔེ་རང་སྟེང་ན་དབྱིབས་དང་གཟུགས་དང་། ལྷག་པར་ཏུ་སེམས་རྣམ་གྱི་མཛེས་པ་མེད་དེ། རང་ཉིད་ཀྱི་དགོས་པ་དེ་དོན་གསལ་བྱེད་རེད། ཡིད་བརྙན་གྱིས་ནི་དོན་གང་ཞིག་སྟོན་པ་མ་ཟད། རང་སྟེང་ན་དབྱིབས་གཟུགས་ཀྱི་གསོན་ཉམས་ཡོད་ལ། སྒོས་སུ་སེམས་རྣམ(ཋཱགྻུ)གྱི་ཞེན་དོན་ཁོའི་སྟེང་དུ་ཐིམ་ནས་ཡོད་པས། དེར་མཛེས་རྟོག་གི་རིན་ཐང་ཆེ་བར་ཡོད་པ་ཡིན།
        དྲི་བ། རྒན་ལགས། བལྟས་ཚོད་ལ་བོད་ལའང་སྙན་ངག་པ་ཧ་ཅང་མང་བ་འདྲ་ཡང་ཞིབ་ཏུ་བསམ་ན་མང་ཤོས་ཤིག་རྩེད་མཚར་གྱི་ལས་སུ་གཡེང་འདུག །
དེའི་ཐད་དུ་རྒན་ལགས་ཀྱི་དགོངས་འཆར་ཞིག་གནང་རོགས།
        ལན། སྐད་ཆ་དེ་འདྲ་ནི་ཅུང་ཐལ་དྲག་པ་འདྲ་ཞིག་རེད། ཡིན་ཡང་། དེ་འདྲའི་སྣང་ཚུལ་ནི་དངོས་སུ་འདུག །གཙོ་བོ་རང་ལ་རེ་བ་ནན་མོ་མི་འཛིན་པ་དང་། དཔེ་ཀློག་སོགས་ཀྱི་ཐད་ནས་དཀའ་བ་སྤྱོད་མི་ཐུབ་པར། རང་གི་སྣང་བ་ཐན་ཐུན་ཞིག་ལ་ཚིག་གི་མཛེས་རྒྱན་སྤྲས་ཅི་ཐུབ་བྱས་ཏེ། འཕྲལ་མ་འཕྲལ་དུ་སྙན་ངག་མང་པོ་འབྲི་བ་དེར་གོང་འཕེལ་ཡོད་མི་སྲིད་པས། དེ་འདྲ་ཞིག་ལ་རྩེད་མཚར་ཞེས་སུ་བཤད་པ་ཡིན། གོང་དུ་བཤད་པ་བཞིན། སྙན་ངག་འབྲི་དུས་གཟབ་ནན་མི་བྱེད་པར། གཞན་གྱིས་སྐྱོན་སྟོན་མི་ཐུབ་སྙམ་པའི་སྟེང་ནས་གཡོ་སྒྱུའི་སྙན་ངག་བྲི་བ་ནི་སླ་བས། དེ་ནི་དོན་གྱིས་རྩེད་མཚར་རེད། དེ་བས་ན། བོད་ཀྱི་སྙན་ངག་གི་སྤྱིའི་འཕེལ་འགྲོས་དེ་དུས་རབས་ཉེར་གཅིག་པའི་ནང་བརྩམས་སྒྲུང་དང་ལྷུག་རྩོམ་ལས་དལ་བའི་རྣམ་པ་འདི་བྱུང་བ་རེད། རྩོམ་གང་འབྲི་ཡང་རྩོམ་པ་པོ་རང་གིས་རང་ལ་གཟབ་ནན་དང་། དཀའ་སྤྱད། རེ་བ་མཐོན་པོའི་རྣམ་འགྱུར་འཛིན་རྒྱུ་འདི་གལ་ཆེན་པོར་འདུག །
        དྲི་བ། རྒན་ལགས། དེང་གི་སྙན་ངག་པ་མང་ཤོས་ཤིག་གིས་བོད་ཀྱི་དབྱངས་གསལ་གྱི་ཁུད་དུ་མི་རིགས་གཞན་གྱི་ཡུལ་སྲོལ་སོགས་མང་པོ་གཅུད་དེ་སྙན་ངག་ཏུ་རློམ་གྱིན་འདུག །དེ་ནི་རྩོམ་རིག་གི་འཕེལ་རྒྱས་ཤིག་ཏུ་རྩི་རུང་ངམ།
        ལན། ངས་དེང་སྐབས་ཀྱི་སྙན་ངག་ལ་དེ་འདྲ་མང་པོ་བལྟས་མེད་པས། སྣང་ཚུལ་དེ་འདྲ་ཡོད་མེད་གསལ་པོ་མི་ཤེས། གལ་ཏེ་ཡོད་ན་དེ་ནི་འཕེལ་རྒྱས་ཤིག་མིན་པ་སྨོས་མི་དགོས། ཡིན་ན་ཡང་། རྩོམ་རིག་གི་སྟེང་ན་འཛམ་གླིང་ཐུན་མོང་རང་བཞིན་ཡོད་པ་དང་། བོད་རྩོམ་གྱི་འཕེལ་རྒྱས་དེ་བོད་རྩོམ་གྱི་མི་རིགས་རང་བཞིན་ཤེད་ཆེ་བ་ལས་འགོངས་ཏེ། འཛམ་གླིང་རྩོམ་རིག་གི་ཁྲོད་ཞུགས་དགོས་པ་དེ་ཡང་ཤེས་དགོས་པ་ཞིག་ཡིན། དཔེར་ན། སྙན་ངག་གི་ཡིད་བརྙན་ནི་ད་དུང་ཡང་ཉི་མ་དང་པདྨ། གླང་ཆེན་དང་པད་མཚོ་ལྟ་བུ་ཡིན་ན་མི་འགྲིག །
        འདི་ནས་སླར་སྨྲས་པ། དྲི་བ་གནད་ལ་འཁེལ་མེད་པ་དང་ཡང་ན་གཏིང་མི་ཟབ་པ། ཀློག་པ་པོའི་སེམས་ཁམས་དང་མ་མཐུན་པ་ཡོད་ན། ཕྲན་ཆུང་གི་ཡོན་ཚད་དང་བློ་རྒྱ་སོགས་ཀྱིས་མ་ལོན་པས། དགོངས་འཁྲོལ་མེད་པར་ཞུ།


རྗེས་མའི་ཤིས་ཀྱི་བརྗོད་པར་མཛད་པའི་ཕྲིན་ལས་བརྗོད།
        མཛེས་སྡུག་གི་རང་བྱུང་ཁམས་ལ་དགོས་གལ་ཆེ་བ་ནི་དབྱར་ཁོ་ན་མ་ཡིན་ཏེ། ཆོས་ཉིད་ཀྱི་དབང་གིས་དུས་བཞིའི་འགྱུར་ལྡོག་ཤིན་ཏུ་མཁོ། རྒན་ཁོང་ཡང་དེ་བཞིན་ཤེས་བྱ་རིག་པའི་དགའ་ཚལ་ནས་གོམ་འགྲོས་ཐ་དག་བརྟན་བརྗིད་སེ། འགྲོས་ཉམས་སེ། གོམ་གང་གོམ་གང་གིས་སྤོས་ནས། གཞན་གྱིས་བལྟས་ན་ཕར་རིའི་ལ་ཡི་དཔེ་བཞིན། མདུན་ཕྱོགས་ཀྱི་ལ་མོ་རིང་མོ་དེ་དལ་གྱིས་བརྒལ་འགོ་རྩོམ། ཐང་ཆེན་ཐང་ཆུང་བརྒྱུད་ལ། ཆུ་ཆེན་ཆུ་ཆུང་བརྒལ་ནས། ལམ་ཕྲན་ལམ་ཆུང་གནན་ཏེ། མི་ཡུལ་ལ་ཟས་རིན་ཙམ་གྱི་དོད་དུ་རྩོམ་རིག་གི་ཞིང་ས་གཤིན་པོ་དེར་རིམ་གྱིས་འཐམས། །བདུད་ལྷ་རྒྱལ་ལགས་ནི་སྤྱི་ལོ1965ལོར་མཚོ་སྔོན་རེབ་གོང་གླིང་རྒྱལ་སྡེ་པར་སྐྱེས། ད་ལྟ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གི་དགེ་རྒན་ཆེན་མོ་དང༌། བོད་ཀྱི་དེང་རབས་རྩོམ་རིག་གི་དཔྱད་བརྗོད་པ་ཡིན། འཐུས་ཚབ་བརྩམས་ཆོས་ལ། 《སྙན་ངག་གི་བྱུང་འཕེལ་དང་འབྲེལ་ཏེ་སྐབས་སོ་སོའི་སྙན་ངག་གི་གོ་དོན་ལ་དཔྱད་པ།》དང《དུས་སྐབས་གསར་པའི་རྩོམ་རིག་བོད་དུ་དར་བའི་རྒྱུ་ཚོགས་ལ་དཔྱད་པ།》《རྩོམ་ལུས་ཀྱི་ཐད་ནས་བོད་ཀྱི་དེང་རབས་སྒྲུང་འབྲིང་གསར་རྩོམ་ལ་དཔྱད་པ།》སོགས་མང་དུ་ཡོད།ཁོང་གིས《ལོ་རབས་བརྒྱད་ཅུའི་བོད་ཀྱི་རིག་གནས་ཀྱི་བདམ་ག།》ཞེས་པའི་རིག་གཞུང་སྙན་ཞུ་ཕུལ་ཞིང་། ཁོང་གིས་ལོ་རབས་བརྒྱད་ཅུའི་བོད་ཀྱི་རིག་གནས་ཀྱི་ངོ་བོ་དང་དེང་རབས་རིག་གནས་ནང་འདྲེན་བྱས་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས། ལོ་རབས་བརྒྱད་ཅུའི་བོད་ཀྱི་རིག་གནས་ཀྱི་གདེང་འཇོག་སོགས་ལ་ལོ་རྒྱུས་ཀྱི་མཐོང་སྣེ་སྤྱད་ནས་དབྱེ་ཞིབ་མཛད་པ་སོགས་བོད་ཀྱི་དེངས་རབས་རྩོམ་རིག་དཔྱད་བརྗོད་ཀྱི་གྲུབ་འབྲས་མང་པོ་ཡོད།བརྩམས་ཆོས་ལ《སྙན་ངག་གི་བྱུང་འཕེལ་དང་འབྲེལ་ཏེ་སྐབས་སོ་སོའི་སྙན་ངག་གི་གོ་དོན་ལ་དཔྱད་པ།》《བོད་ཀྱི་སློབ་གསོའི་བསྒྱུར་བཅོས་ཐད་ཁ་ཚ་དགོས་གཏུག་གིས་ཐག་གཅོད་དགོས་པའི་དོན་ཆེན་ཞིག།》《སྙན་ངག་གསར་རྙིང་གཉིས་ཀྱི་ཐོག་མའི་གཤིབ་བསྡུར།》《སྤྲིན་གྱི་ཕོ་ཉ་དང་ཕོ་ཉ་གཞོན་ནུ་དོན་གྲུབ་གཉིས་ཀྱི་ལམ་གྱི་བཀོད་པའི་གཤིབ་བསྡུར།》《བོད་ཀྱི་རྩོམ་བྱུང་ལོ་རྒྱུས་ཐད་ནས་རང་དབང་གཞན་གྱི་འདོད་པ་གླེང་བ།》སོགས་ཡོད། །


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1