གཙོ་ངོས།>> རྩོམ་རིག>>དཔྱད་རྩོམ།

རིན་ཆེན་མཚོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༢ལོའི་ཟླ་བ་༠༣ཚེས་༡༧ཉིན།

༄༅།། ནུབ་ཕྱོགས་ཀྱི་འཆར་ཡན་རིང་ལུགས་དང་དངོས་ཡོད་དགག་རྒྱག་རིང་ལུགས་ཀྱི་རྩོམ་རིག་སྐོར་རགས་ཙམ་གླེང་བ།


རིན་ཆེན་མཚོ།
དང་པོ། འཆར་ཡན་རིང་ལུགས་ཀྱི་རྩོམ་རིག
        དུས་རབས་བཅོ་བརྒྱད་པའི་དུས་མཇུག་དང་དུས་རབས་བཅུ་དགུ་པའི་ལོ་རབས་སུམ་ཅུ་པའི་ཡས་མས་སུ། འཆར་ཡན་རིང་ལུགས་ཀྱི་རྩོམ་རིག་གྲུབ་མཐའ་དེ་ཡོ་རོབ་གླིང་གི་རྩོམ་རིག་གྲུབ་མཐའ་གཙོ་ཤོས་སུ་གྱུར་པ་རེད། ཧྥ་རན་སེའི་གསར་བརྗེ་ཆེན་མོ་ཡིས་ཡོ་རོབ་གླིང་གི་ཡུལ་གྲུ་ཀུན་ཏུ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་དུ་བཅུག་པ་བདེན་མོད་ཀྱི། འོན་ཀྱང་བློ་འབྱེད་བསམ་བློ་སྨྲ་བ་དག་གིས་གསུངས་པའི་རང་དབང་དང་འདྲ་མཉམ། བྱམས་སྙིང་རྗེ་སོགས་ཀྱི་ཕུགས་བསམ་དེ་ད་དུང་ཡང་མངོན་དུ་འགྱུར་ཐབས་མ་བྱུང་། དངོས་ཡོད་ཀྱི་གནས་ཚུལ་དང་སྣང་ཚུལ་མཐའ་དག་ལ་རེ་ཆད་དང་ཡི་མུག་ཉིན་བཞིན་ཇེ་ཆེར་སོང་བ་དང་བསྟུན། རྩོམ་པ་པོ་ཕལ་མོ་ཆེ་ནས་རང་ཉིད་ཀྱི་བརྩམས་ཆོས་བརྒྱུད་སྤྱི་ཚོགས་ཀྱི་འགལ་བ་སེལ་བའི་ཐབས་ལམ་བཙལ་ཅིང་། འཆར་ཡན་རིང་ལུགས་ཀྱང་གནས་བབ་དེ་ལྟ་བུའི་ཁྲོད་དུ་རིམ་བཞིན་ནར་སོན་ཞིང་ཉིང་ལག་རྒྱས་པར་གྱུར། འཆར་ཡན་རིང་ལུགས་ཀྱི་རྩོམ་རིག་གིས་མི་སྒེར་གྱི་ཚོར་སྣང་གཙོ་བོར་འཛིན་པ་དང་། གསར་རྩོམ་གྱི་ཁྲོད་དུ་འུད་བརྗོད་དང་འཕྲུལ་སྣང་། ངོ་མཚར་སོགས་ཀྱི་ལག་ཐབས་བེད་སྤྱོད་པར་བྱས།
        འཆར་ཡན་རིང་ལུགས་དེ་ཐོག་མར་འཇར་མན་རྒྱལ་ཁབ་ཏུ་མྱུ་གུ་འབུས་པ་དང་རིམ་གྱིས་དབྱིན་ཇི་རྒྱལ་ཁབ་དང་ཧྥ་རན་སེ་རྒྱལ་ཁབ་སོགས་སུ་དར་ཁྱབ་བྱུང་། གྲུབ་འབྲས་གཙོ་བོ་ནི་སྙན་ངག་ཡིན་པ་དང་། དེའི་འཕྲོར་སྒྲུང་གཏམ་དང་ཟློས་གར་དུ་མངོན། འཇར་མན་གྱི་ཧེ་ཉི་དང་དབྱིན་ཇིའི་པེ་ལུང་། ཨུ་རུ་སུའི་ཕུ་ཞི་ཅིན་སོགས་ནི་འཆར་ཡན་རིང་ལུགས་ཀྱི་སྙན་ངག་པ་ཆེན་པོའི་གྲས་སུ་གཏོགས་ཤིང་། ཧྥ་རན་སེའི་ཧེ་ཀོ་ལགས་ནི་སྐབས་ཐོག་དེར་བྱོན་པའི་འཆར་ཡན་རིང་ལུགས་ཀྱི་རྩོམ་རིག་ཁྱུ་མཆོག་ཏུ་བསྔགས་པར་བྱེད་དོ།།
        དེ་དག་རེ་རེ་དཔེར་མཚོན་ཙམ་དུ་བགྲང་ན། ཧེ་ཉི་ལགས་ནི་འཇར་མན་དུ་སྐུ་འཁྲུངས་པ་དང་། ཁོང་གི་ཟུར་ཟའི་སྙན་ངག་རིང་མོ་སྟེ། འཇར་མན། དགུན་ལྗོངས་ཤིག་གི་བྱིས་སྒྲུང་ཞེས་པ་ལས། སྐྱེ་སྟོབས་དང་གསོན་ཤུགས་ཡོངས་སུ་ཉམས་པའི་དགུན་ལྗོངས་ཀྱིས་མུན་ནག་རུལ་སུངས་དང་ཁ་ཐོར་ཡ་བྲལ་དུ་གྱུར་པའི་འཇར་མན་རྒྱལ་ཁབ་མཚོན་པར་བྱས་ཏེ། སྐབས་ཐོག་དེའི་ཉམ་ཐག་དང་རྗེས་ལུས་ཀྱི་གནས་བབ་སྐྱོ་བོ་དེར་མཚང་འབྱིན་རྨ་མེད་དུ་གནང་འདུག
        པེ་ལུང་མཆོག་གི་འཐུས་ཚབ་བརྩམས་ཆོས་ལ་སྙན་རྩོམ་རིང་མོ་ཐང་ཧོང་ཞེས་པ་བཞུགས་ཤིང་། སི་ཕེན་གྱི་སྐུ་དྲག་གིས་ཐུར་ཁེ་རྒྱལ་ཁབ་དང་ཡོ་རོབ་གླིང་གི་རྒྱལ་ཁབ་གཞན་དག་ཏུ་སྐྱིད་སྡུག་རེས་མོས་སུ་མྱངས་པའི་བརྒྱུད་རིམ་བྲིས་པ་བརྒྱུད། ཡོ་རོབ་གླིང་གི་ལོག་སྤྱོད་ཕྱོགས་ཁག་དང་མ་རྩ་རིང་ལུགས་པ་དག་གི་ཧམ་སྲེད། མནའ་གཙིགས་མཉམ་འབྲེལ་འོག་གི་བཀས་བཀོད་སྒྲིག་ལམ་སོགས་མུན་ནག་སྤྱི་ཚོགས་ཀྱི་ཕྱོགས་སོ་སོར་ཞེ་མེར་ཞིང་སྐྱུག་བྲོ་བའི་སེམས་འདུན་བསྟན་འདུག
        ཨུ་རུ་སིར་སྐུ་འཁྲུངས་པའི་ཕུ་ཞི་ཅིན་ལགས་ནི་འཆར་ཡན་རིང་ལུགས་ཀྱི་འཐུས་ཚབ་སྙན་ངག་པ་ཡིན་པར་མ་ཟད། ཨུ་རུ་སིའི་ཉེ་རབས་རྩོམ་རིག་གི་ཤིང་རྟའི་སྲོལ་འབྱེད་པ་པོའང་ཡིན། ཁོང་གི་མིང་དུ་གྲགས་པའི་བརྩམས་ཆོས་ལ་སྙན་ངག་གི་ལུགས་སུ་བྱས་པའི་སྒྲུང་གཏམ་སྟེ། ཡེ་ཧྥུ་ཀའེ་ཉི་ཨོ་ཉེ་ཅིན་ཞེས་པ་བཞུགས་ཤིང་། བརྩམས་ཆོས་དེས་སྐུ་དྲག་འདྲ་མིན་གྱི་སྣང་བསྙན་དུ་མ་སྒྲུབ་བཞེང་མཛད་ཡོད་པ་དང་། ཨུ་རུ་སིའི་མངོན་སུམ་འཚོ་བའི་རི་མོ་ཡོངས་ཁྱབ་ཏུ་བསྟབས་འདུག་པས། དེ་ལ་ཨུ་རུ་སིའི་འཚོ་བ་ཀུན་འདུས་ཀྱི་གླེགས་བམ་ཞེས་ཀྱང་བསྔགས་པ་ཐོར། བརྩམས་ཆོས་ཧྲིལ་པོར་འཆར་ཡན་རིང་ལུགས་ཀྱི་ཁྱད་ཆོས་འཛོམས་པར་མ་ཟད། བརྩམས་ཆོས་དེ་ནི་ཨུ་རུ་སིའི་དངོས་ཡོད་དགག་རྒྱག་རིང་ལུགས་ཀྱི་རྨང་རྡོ་ལྟ་བུར་ཡང་གྱུར་ཡོད་དོ།།
        ཧེ་ཀོ་ལགས་ནི་ཧྥ་རན་སེའི་འཆར་ཡན་རིང་ལུགས་ཀྱི་རྩོམ་རིག་མཁན་པོ་ཡིན་ལ། འཛམ་གླིང་རྩོམ་རིག་ལོ་རྒྱུས་བྱུང་འཕེལ་གྱི་ཁྲོད་དུའང་གཞན་གྱིས་ཚབ་བྱེད་མི་ནུས་པའི་གོ་གནས་བཟུང་ཡོད། ཁོང་གི་བརྩམས་ཆོས་ཕལ་མོ་ཆེའི་བརྗོད་བྱ་ནི་ཧྥ་རན་སེའི་གསར་བརྗེ་ཆེན་མོ་གཞིར་བཟུང་བ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་གསལ་ཞིང་དངོས་ཡོད་ཀྱི་ཁྱད་ཆོས་ཀྱིས་ཀུན་ནས་ཕྱུག་པ་སྟེ། འཐུས་ཚབ་བརྩམས་ཆོས་ལ་པ་ལིའི་འཕགས་མ་གླིང་དང་ཡ་ང་བའི་འཇིག་རྟེན་སོགས་སྒྲུང་གཏམ་རིང་གྲས་བཞུགས། བརྩམས་ཆོས་དེ་གཉིས་ཀྱི་ངོ་སྤྲོད་ཀྱང་དེབ་ཕྲེང་འདིའི་གཞན་དུ་གསལ་བས་བསྐྱར་ཟློས་ཀྱིས་ངལ་བ་མི་འཛིན་ཞིང་། རྩོམ་རིག་ལ་མོས་པ་དག་གིས་ངེས་པར་གཟིགས་གལ་ཆེའོ།།
        སྤྱིར་ན་ཉེ་རབས་ཀྱི་དུས་ནི་སྤྱི་ཚོགས་ཚན་རིག་ནས་རང་བྱུང་ཚན་རིག་བཅས་ཕྱོགས་གང་ཅིའི་ཐད་ལ་འགྱུར་ལྡོག་བླ་མེད་བྱུང་བའི་དུས་སྐབས་གལ་ཆེན་ཞིག་ཡིན་ལ། དེབ་འདིའི་གཞུང་དཀྱུས་ཀྱི་བརྗོད་གཞི་གལ་ཆེན་ཞིག་ཡིན་པའང་ངང་གིས་གྲུབ་འདུག་མོད། འོན་ཀྱང་སྨྱུག་ཐོགས་པས་བསྒྱུར་མ་བཏུབ་པས་དང་གོ་བས་མ་ལྕོགས་པས་དང་། གཞན་ཡང་སློབ་གྲྭ་ཆུང་འབྲིང་གི་སློབ་མ་རྣམས་ལ་གནས་སྐབས་སུ་དགོས་གལ་ཆེན་པོར་མ་མཐོང་བས། དཔེར་ན་ཚན་རིག་དང་དཔལ་འབྱོར། སྒྱུ་རྩལ་བཅས་ཀྱི་ས་བཅད་སྐབས་སུ་གཡག་ཞར་རྩྭ་ཟ་ཡི་རྣམ་ཐར་མི་སྐྱོང་ཀ་མེད་བྱུང་། སྒྱུ་རྩལ་གྱི་ངོས་ཁོ་ན་ནས་གླེང་ནའང་། བཟོ་བཀོད་དང་བརྐོས་བྲིས་དང་རི་མོ་དང་གླུ་དབྱངས་དང་ཞབས་བྲོ་སོགས་ཀྱི་རིགས་དབྱེ་མང་ཞིང་། དེ་ལ་ཡང་གནའ་དཔེ་རིང་ལུགས་དང་འཆར་ཡན་རིང་ལུགས་དང་དངོས་ཡོད་རིང་ལུགས་སོགས་གྲུབ་མཐའི་ཁྱད་པར་མང་དུ་བདོག་པར་མ་ཟད། པ་ལོ་ཁི་དང་ལོ་ཁི་ཁི་སོགས་བྱེ་བྲག་ཆེད་སྤྱོད་ཀྱི་བརྡ་ཐ་སྙད་དང་དེ་དག་གི་གོ་དོན། རྣམ་དབྱེ། ཁྱད་ཆོས་ཐམས་ཅད་ནི་བདག་ལྟས་བརྗོད་པར་མི་ནུས་སོ།།

གཉིས་པ། དངོས་ཡོད་དགག་རྒྱག་རིང་ལུགས་ཀྱི་རྩོམ་རིག
        དུས་རབས་བཅུ་དགུ་པའི་ལོ་རབས་སུམ་ཅུ་པ་ནས་མགོ་བཟུང་སྟེ། ཡོ་རོབ་གླིང་དུ་དངོས་ཡོད་དགག་རྒྱག་རིང་ལུགས་ཀྱི་རྩོམ་རིག་དེ་གཞན་ཀུན་ལས་དར་རྒྱུག་ཆེ་བར་གྱུར་པ་རེད། གྲུབ་མཐའ་འདིའི་རིགས་སུ་གྱུར་པ་དག་གིས་ནི་མིག་སྔར་གྱི་སྤྱི་ཚོགས་སྒྲིག་ལམ་ལ་དགག་རྒྱག་གི་རྣམ་འགྱུར་འཛིན་པས་ན། སུའུ་ལེན་གྱི་རྩོམ་རིག་སྨྲ་བ་ཆེན་པོ་ཀོར་ཅི་ལགས་ནས་དངོས་ཡོད་དགག་རྒྱག་རིང་ལུགས་ཞེས་པའི་མཚན་གསོལ་བར་མཛད།
        དངོས་ཡོད་དགག་རྒྱག་རིང་ལུགས་ནི་འཆར་ཡན་རིང་ལུགས་ཀྱི་རྨང་གཞིའི་སྟེང་ནས་དར་ཁྱབ་དང་འཕེལ་རྒྱས་སུ་བྱུང་བར་མངོན། གྲུབ་མཐའ་སྔ་ཕྱི་གཉིས་ཀས་ཀྱང་མི་སེར་དཀྱུས་མའི་སྐྱིད་སྡུག་བདག་གིར་བཞེས་ཤིང་། སྐུ་དྲག་མི་དྲག་དང་མ་རྩ་རིང་ལུགས་ཀྱི་ཉམ་ང་རུལ་སུངས་ལ་དགག་གཞག་མཐའ་གཅིག་ཏུ་སྤྲོ་བས་ན། དམངས་གཙོ་རིང་ལུགས་དང་མི་ཆོས་རིང་ལུགས་ཀྱི་བསམ་བློ་ལྡན་པར་སྨྲ། འཆར་ཡན་རིང་ལུགས་ཀྱི་རྩོམ་པའི་ཁྱུ་མཆོག་སྐོར་ཞིག་དུས་ཕྱིས་སུ་དངོས་ཡོད་རིང་ལུགས་ཀྱི་གསར་རྩོམ་ལམ་བུར་ཞུགས་པ་རེད།
        དངོས་ཡོད་དགག་རྒྱག་རིང་ལུགས་ཀྱི་རྩོམ་རིག་དེ་ཐོག་མར་ཧྥ་རན་སེ་རྒྱལ་ཁབ་ཏུ་བྱུང་བ་དང་། རིམ་བཞིན་དབྱིན་ཇི་དང་ཨུ་རུ་སིའི་རྒྱལ་ཁབ་ཁག་ཏུའང་དར་སྤེལ་བྱུང་། དུས་མཉམ་དུ་ཡོ་རོབ་དང་ཨ་རི་སོགས་ས་ཆ་གཞན་དུའང་འབྲས་བུ་ཁུར་དུ་ལྕི་བ་བྱུང་ངོ་།།
        ཧྥ་རན་སེ་ནི་དངོས་ཡོད་དགག་རྒྱག་རིང་ལུགས་ཆེས་དར་ཁྱབ་ཆེ་བའི་རྒྱལ་ཁབ་ཅིག་རེད། སྤྱི་ལོ1830ལོར་སི་ཐང་ཏཱ་ལགས་ནས་མཛད་པའི་སྒྲུང་རིང་དམར་པོ་དང་ནག་པོ་ཞེས་པ་པར་དུ་བསྐྲུན་པ་དེས་ནི་དངོས་ཡོད་རིང་ལུགས་ཀྱི་བརྩམས་ཆོས་དང་པོ་འཇིག་རྟེན་གྱི་ལྟད་མོར་མངོན་པ་ཡོངས་སུ་མཚོན། དེ་ཡང་ཧྥ་རན་སེའི་རྩོམ་རིག་མཁན་པོ་པར་ཀྲ་ཁེ་ལགས་ཀྱིས་དངོས་ཡོད་དགག་རྒྱག་རིང་ལུགས་ཀྱི་རྩོམ་རིག་དེ་གསར་རྩོམ་ལག་ལེན་དང་གཞུང་ལུགས་འཛུགས་སྐྲུན་ཉིས་ཐད་ནས་རྩེ་མོའི་རྩེ་མོར་བསྐྱལ་བ་རེད། དགུང་གྲངས་ཉི་ཤུ་ལྷག་གི་གསར་རྩོམ་གྱི་མཛད་བཟང་རྒྱུན་བསྐྱངས་པའི་འབྲས་བུར། སྒྲུང་གཏམ16གིས་གྲུབ་པའི་བརྩམས་ཆོས་ཆེན་པོ་མི་ཡུལ་གྱི་སྤྲོ་གར་ཞེས་པ་ཀློག་མཁན་དགྱེས་པའི་དགའ་སྟོན་དུ་སྨིན། དེའི་ཁྲོད་དུ་ཀི་ལང་ཐེ་ཞེས་པ་དང་ཀོ་ལོ་ཐིག་ཅེས་པ་སོགས་འཐུས་ཚབ་བརྩམས་ཆོས་འདུ། མི་ཡུལ་གྱི་སྤྲོ་གར་ཞེས་པར་མི་སྣ2400ལྷག་གི་སྣང་བརྙན་བཞེངས་སྐྲུན་གནང་འདུག་ལ། མི་ཚོས་ཧྥ་རན་སེའི་ཟུར་ངོས་ཀུན་འཛོམས་ཀྱི་གསུང་རབ་ཏུ་བསྔགས་པར་བྱེད་དོ།།གཞན་ཡང་། མོ་པོ་སང་ལགས་ནི་ཧྥ་རན་སེའི་སྒྲུང་གཏམ་འབྲིང་ཐུང་གྲས་འབྲི་མཁན་གྱི་ཁྱུ་མཆོག་ཆེན་མོ་ཡིན་ལ། ལུག་ཚིལ་རིལ་བུ་དང་བདག་གི་ཁུ་བོ་དབྱི་ལི། སྐེ་རྒྱན་ཞེས་པ་བཅས་ནི་འཛམ་གླིང་ན་མིང་དུ་གྲགས་ཤིང་། མ་རྩ་རིང་ལུགས་ཀྱི་ཧམ་སྲེད་འདོད་བརྐམ་དང་བཅས་པར་དགག་པ་མཐིལ་ཕྱིན་དུ་མཛད་ཡོད་པ་རེད།
        ཏི་ཀི་སིན་ལགས་ནི་དུས་རབས་བཅུ་དགུ་པར་དབྱིན་ཇི་རྒྱལ་ཁབ་ཏུ་བྱོན་པའི་དངོས་ཡོད་དགག་རྒྱག་རིང་ལུགས་ཀྱི་འཐུས་ཚབ་མི་སྣ་ཡིན་ལ། མི་ཆོས་རིང་ལུགས་ཀྱི་བསམ་བློ་དང་བཞད་གད་ཟུར་ཟའི་ལག་ཐབས་ཀྱིས་ཕྱུག་པའི་རྩོམ་པ་པོ་སྟེ། ཁོང་གི་བརྩམས་ཆོས་གྲགས་ཆེན་ལ། སྨུག་གྲོང་གི་དྭ་ཕྲུག་ཅེས་པ་དང་། མཁར་ཟུང་ཟིན་ཐོ་ཞེས་པ་སོགས་བགྲང་གིས་མི་ལང་། བརྩམས་ཆོས་དེ་དག་གིས་ཡར་རྒྱལ་པོ་ནས་མར་སྤྲང་པོའི་བར་གྱི་འཚོ་བ་མཚོན་པའི་དུས་མཚུངས་སུ། འབྱོར་ལྡན་གྲལ་རིམ་གྱིས་འབངས་ཕལ་བར་བཤུ་གཞོག་གཉའ་གནོན་བྱེད་པའི་ངང་ཚུལ་སྐྱུགས་བྲོ་བ་དག་ལ་དགག་པ་ཚ་ནན་དུ་བཏང་ཡོད། གཞན་ཡང་། ཞཱ་ལོ་ཏི་དང་ཨེ་མི་ལེ་དང་། ཆོ་ཀྲི་སོགས་ལྕམ་སྲིང་གསུམ་གྱིས་མཚོན་པའི་བུད་མེད་རྩོམ་པ་པོའང་མཆིས་ཏེ། བརྩམས་ཆོས་གྲགས་ཆེན་ལ་དཔེར་ན། ཅན་ཨེ་ཞེས་པ་དང་། འུར་ཟིང་གི་རི་གྲོང་ཞེས་པ་དང་། ཧྥེ་ལོ་སི་གཙང་ངོས་ཀྱི་རང་འཐག་ཅེས་པ་བཞུགས་སོ།།
        སྙན་ངག་པ་ཆེན་པོ་ཕུ་ཞི་ཅིན་གྱི་རྗེས་སུ། ཨུ་རུ་སིའི་རྒྱལ་ཁབ་ཏུ་ཀོ་ཀི་ལེ་དང་། ཏོལ་ཟི་ཏོ་ཡེ་ཧྥུ་སི་ཁེ། ཏོལ་སི་ཐེ། ཆི་ཁི་ཧྥུ་སོགས་དངོས་ཡོད་དགག་རྒྱག་རིང་ལུགས་ཀྱི་རྩོམ་པ་པོ་མང་པོ་འཁྲུངས་ཤིང་། ཁོང་པ་རྣམས་ནས་འཐབ་རྩོད་ཀྱི་སྨྱུག་རྩེ་བཀས་བཀོད་ཞིང་བྲན་རིང་ལུགས་དང་ཧྲ་ཧོང་གོང་མའི་སྒེར་གཅོད་ལམ་ལུགས་ལ་གཏད་དེ། སྒྱུ་རྩལ་དང་བསམ་བློ་ཉིས་ཆ་ནས་ཁྱད་དུ་འཕགས་པའི་བརྩམས་ཆོས་འབོར་ཆེན་བརྩམས་གྲུབ་མཛད། དེའི་ཁྲོད་དུ། ཏོལ་སི་ཐེ་མཆོག་ནི་སྙན་གྲགས་ས་སྟེང་དུ་ཁྱབ་པ་ཞིག་སྟེ། ཁོང་གི་འཐུས་ཚབ་བརྩམས་ཆོས་ལ་འཐབ་འཁྲུག་དང་ཞི་བདེ། ཨན་ན་ཁ་ལེ་ཉི་ན། བསྐྱར་གསོན་ཞེས་པ་བཞུགས་ཤིང་། བརྩམས་ཆོས་དེ་གསུམ་པོས་ཨུ་རུ་སིའི་དངོས་ཡོད་དགག་རྒྱག་རིང་ལུགས་ཀྱི་གསར་རྩོམ་ཆུ་ཚད་ཆེས་མཐོ་ཤོས་སུ་སླེབས་པར་བྱས་སོ།།
        གཞན་ཡང་། རྒྱལ་ཁབ་དང་ཡུལ་གྲུ་གཞན་དག་ཏུ། དཔེར་ན། ཨན་ཐུའུ་ཧྲིན་དང་མར་ཁེ་ཐུའུ་ཝུན་སོགས་དངོས་ཡོད་དགག་རྒྱག་རིང་ལུགས་ཀྱི་སྐྱེས་ཆེན་མང་དུ་བྱོན་མྱོང་ངོ་།།

                (རྩོམ་པ་པོ་ནི་མཚོ་སྔོན་ཞིང་ཆེན་ཞུན་ཧྭ་རྫོང་པེ་གྲོང་སློབ་ཁུལ་བསེ་ཆང་སློབ་གྲྭའི་ཡིན།)

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1