༄༅།། བོད་ཀྱི་སྦྲ་ནག་གི་རྒྱུ་ཆ་དང་དེའི་ཁྱད་འཕགས་ཀྱི་བཟོ་རྩལ་རིག་གནས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 03-17


        དེ་ཡང་འཇིག་རྟེན་གོ་ལ་ཟླུམ་པོའི་ཡང་རྩེར་གནས་ཤིང་སྙན་གྲགས་ཀྱི་རླུང་རྟ་ཁ་བའི་ལྗོངས་སུ་བསུབ་མེད་དུ་ཁྱབ་པའི་ལོ་རྒྱུས་ཀྱི་བྱུང་བ་ཤིན་ཏུ་རིང་བའི་སྦྲ་ནག་འདི་འགྲོ་བ་མིའི་རིགས་ཀྱི་གསར་གཏོད་ཆེན་པོའི་ནང་། ང་ཚོའི་མེས་པོ་གོང་མ་ཚོའི་བློ་གྲོས་དང་འཚོ་བའི་ཉམས་མྱོང་ལས་གྲུབ་པའི་ཡ་ཐོག་ཤེས་རིག་གི་རྣམ་གྲངས་ཤིག་སྟེ། འདི་དག་གི་འཕེལ་རྒྱས་འགྱུར་ལྡོག ཕན་ནུས་རིན་ཐང་སོགས་ལ་བསམ་གཞིག་དང་དཔྱད་བསྡུར་གནད་དུ་གཏོང་བ་ནི་ང་ཚོའི་འོས་འགན་ཡིན་ཞིང་། ལྷག་པར་དུ་སྔོན་གྱི་སྲོལ་ལུགས་མ་འགྱུར་བར་གནས་པའི་རོང་འབྲོག་སྡེ་ཁག་གི་དམངས་སྲོལ་རིག་གནས་དེ་དག་ལ་སྣང་འཇོག་དང་རྒྱུན་འཛིན། སྲུང་སྐྱོབ་དང་སླར་གསོ་ལ་འབད་དགོས་པ་ནི་ཅི་ནས་ཀྱང་ཤིན་ཏུ་གལ་ཆེའོ་སྙམ།

སྦྲ་ནག་གི་ལོ་རྒྱུས།
        དེ་ཡང་སྤྱིར་སྦྲ་ནག་གི་ལོ་རྒྱུས་ནི་རང་རེ་བོད་ཀྱི་ལོ་རྒྱུས་ཇི་ལྟར་རིང་བ་དེ་བཞིན་དུ་རིང་བ་ཡིན་ཏེ་འདི་ཡི་རྒྱུ་ཆ་དང་བཟོ་སྟངས་གང་ལ་གཞིགས་ན་གདོད་མའི་རྣམ་པ་ཆེས་ལེགས་པར་འཆང་བའི་དུས་སྔ་མོའི་མི་དག་གི་ལག་རྩལ་ལས་གྲུབ་པར་མངོན་པས་སོ།། ལྷག་ཏུ་བོད་ཀྱི་བཙན་པོ་གྲི་གུམ་བཙན་པོའི་རིང་ལ་འཁེལ་འཐག་ལས་རིགས་དར་ཁྱབ་ཏུ་ཕྱིན་པའི་བཤད་སྲོལ་ལྟར་ན། སྦྲ་ནག་གི་ལོ་རྒྱུས་ཀྱང་ཉུང་མཐར་མི་ལོ་ཉིས་སྟོང་ལྔ་བརྒྱའི་ཡར་སྔོན་དུ་དེད་ཆོག་པ་རེད། འབྲོག་དམངས་ཀྱི་འཚོ་རྟེན་གཙོ་བོ་ནི་སྒོ་ཕྱུགས་དག་ཡིན་ཞིང་། སྒོ་ཕྱུགས་ནི་རྟག་པར་རྩྭ་ཆུ་གང་བཟང་གི་གནས་ལ་བརྟེན་དགོས་པ་དང་། གནས་གཅིག་ཏུ་སྡོད་པ་མེད་པར་ནམ་ཡང་རྩྭ་ཆུའི་རྗེས་བསྙེགས་ནས་འགྲོ་དགོས་པར་མ་ཟད། དབྱར་དགུན་སྟོན་དཔྱིད་ཀྱི་དུས་སོ་སོར་སྡོད་ཡུལ་སྤོ་དགོས་པས་ཁང་ཁྱིམ་གྱིས་ཕན་ཐོགས་མེད་པ་རེད། དུས་ཡུན་དེའི་རིང་སྦྲ་ནག་གིས་བོད་མཐོ་སྒང་གི་སྐྱས་སྤོར་ལས་རིགས་དང་འབྲོག་ལས་འཚོ་བའི་དམིགས་བསལ་གྱི་དགོས་མཁོ་བསྐངས་ཡོད།

སྦྲ་ནག་གི་རྒྱུ་ཆ།
        སྦྲ་ནག་གི་རྒྱུ་ཆ་ནི་ཕྱུགས་ཀྱི་རྩིད་པ་དང་ཁུ་ལུ་གཉིས་ཀྱིས་བྱེད་ཅིང་། དེ་ཡང་དང་པོར་ཁུལ་རྩིད་གཉིས་སོ་སོར་བསལ་ཞིང་རྩིད་པ་རྐྱང་བའི་རིགས་གཅིག་དང་ཁུལ་རྩིད་འདྲེས་མའི་རིགས་གཉིས་སུ་ཡོད། རྩིད་པ་རྐྱང་བའི་རིགས་ནི་སྐུད་པ་ཅུང་ཕྲ་མོ་བྱས་ནས་ཐགས་ཀྱི་རྒྱུ་བྱེད་ལ་ཁུལ་རྩིད་འདྲེས་མ་དེ་ཡང་སྐུད་པ་ཅུང་སྦོམ་པོར་བྱས་ཏེ་ཐགས་ཀྱི་ཞེང་ལ་དྲངས་པའི་སྐུད་པ་དེ་ལ་སྤུན་ཞེས་ཐ་སྙད་བྱེད་དོ།། སྐུད་པ་འཁེལ་སྟངས་ལ་འཕང་སྤྱད་ནས་འཁེལ་སྟངས་གཅིག་དང་འཁྲིལ་སྤྱད་ནས་འཁེལ་སྟངས་གཉིས་སུ་ཡོད། དགལ་བྱའི་སྐུད་པ་ལའང་རྐྱ་འཐབ་དང་གཅིག་འཁེལ་ཏེ། དེ་ཡང་སྐུད་པ་རྐྱ་འཐབ་བྱས་ཏེ་འཁེལ་བ་ནི་རེ་བའི་སྤུས་ཀ་ལེགས་པའི་ཆེད་དུ་ཡིན་ཞིང་གཅིག་འཁེལ་བྱེད་པ་ནི་དེ་ཙམ་མི་ལེགས་ཀྱང་འདི་ལ་རྩིད་པ་མང་པོ་མི་འགྲོ་བས་སོ། །

སྦྲ་ནག་བཟོ་སྟངས།
        བཟོ་སྟངས་ནི་ཁུལ་རྩིད་འཁེལ་འཐག་བྱས་པའི་སྦྲེ་འདོམ་བརྒྱ་དང་བརྒྱད་ཅུ་ཡས་མས་ཀྱི་ཚེམས་དྲུབས་བྱས་པའི་དབྱིབས་རུས་སྦལ་གཟུགས་སུ་བྱས་པ་སོགས་གཟུགས་དབྱིབས་སྣ་ཚོགས་དང་ཆེ་ཆུང་སྣ་ཚོགས་ཡོད། ད་དུང་སྦྲ་ཆེན་དེ་དག་གི་གཡས་གཡོན་དུ་ཕོ་སྒྲ་དང་མོ་སྒྲ། ནག་ཚང་། གུར་ར། གཡབ་སོགས་མང་པོ་ཡོད། སྦྲ་ཆེ་བའི་རིགས་ལ་སྦྲ་ཁ་ནས་ཆོན་ཆེན་བར་རེ་བ་ལྔ་སྡེབ་དང་བརྒྱད་སྡེབ་ཆོན་ཆེན་ནས་ཆོན་ཆུང་བར་རེ་བ་ལྔ་སྡེབ་བརྒྱད་སྡེབ་སྦྲ་མཐར་གཉིས་དང་བཞི་སོགས་བྱས་ཏེ་ཕྱོགས་རེ་ལ་བཅུ་གཉིས་བཅོ་བརྒྱད་སོགས་ཡོད། སྒོ་འཚང་དང་ཕུགས་འཚང་གཉིས་ནི་རེ་བ་སྲབ་མོ་གྱེན་དུ་གཏོང་བ་ཡིན་ནོ། སྦྲ་འབུབས་ཚུལ་ནི་ཕྱི་ཀ་དང་ནང་ཀ་ཟེར་བའི་སྦྲ་གྱེན་དུ་འགེར་བྱེད་ཀྱི་ཀ་ར་སྟེ་ནང་གི་ཀ་ར་ནི་ཅུང་ཙམ་སྦོམ་དགོས་ལ་ཕྱི་ཡི་ཀ་ར་ནི་ཅུང་ཕྲ་དགོས་པ་ཡིན། ཐོག་མར་སྦྲ་འབུབས་དུས་ཕུགས་ནས་མར་འབུབས་པ་ཡིན་ལ་དེ་ཡང་དང་པོ་ཕུགས་ཆོན་ཡོར་འཁྱོག་མེད་པར་དྲང་མོར་འཐེན་ཏེ་ཕུར་བའི་སྐེ་ལ་བཏགས་ནས་ས་ལ་བརྡབས་ཤིང་ནང་གི་ཀ་ར་ཐོག་མ་དེ་གྱེན་དུ་འགེར་ཞོར་ཆོན་ཆེན་གཡས་གཡོན་གཉིས་རིམ་གྱིས་འཐེན་ཏེ་འབུབས་པ་ཡིན་ལ། ཐོག་མར་ཕུགས་ཆོན་འཐེན་སྐབས་ཕྱུགས་ལ་གོད་ཁ་དང་མི་ལ་ན་ཚ་མི་ཡོང་བའི་སྨོན་ལམ་འདེབས་པ་དང་རྟེན་འབྲེལ་གྱི་ཆེད་དུ་ཀ་མགོ་དང་སྦྲ་ཁ་ལ་མར་བསྐུ་བ་སོགས་ཀྱི་སྲོལ་ཡོད། ཕྱི་ཡི་ཀ་ར་ཡང་ཆོན་ཆེན་ལ་འགེར་བ་མ་གཏོགས་ཆོན་ཆུང་ལ་འགེར་སྲོལ་མེད།

མཚོན་བྱེད།
        སྦྲ་དེ་རུས་སྦལ་གཟུགས་སུ་བྱས་པས་གང་དུ་ཕུབ་ནའང་ས་དགྲ་དང་ཕྱུགས་ཀྱི་ལྷས་སྐྱོན་མེད་པར་མཚོན། དེས་ན་སྦྲའི་ཆོན་ཆེན་བཞི་སའི་སྲུང་བཞི་དང་། ཕུག་ཆོན་དཀར་པོ་སའི་དམུ་ཐག་སྒོ་ཆོན་ཉི་ཟླ་ཤར་ལམ་གནམ་གྱི་དམུ་ཐག མཁལ་ཆོན་དྲུག་སའི་ལེགས་ཆ་དྲུག བསོད་ནམས་ནང་གི་ཀ་བཞི། རིགས་རྒྱུད་ལྷའི་ཀ་བ། དབང་ཐང་གཉན་གྱི་ཀ་བ། ་གཡང་ཀླུའི་ཀ་བ། མི་འགྱུར་གནམ་གྱི་ཀ་བ་དང་བཞི་ཟེར། སྦྲའི་ཟུང་མཆར་ཉེར་བདུན་གྱིས་རྒྱུ་སྐར་ཉེར་བདུན་མཚོན། ནང་བྲན་གྱི་ཐག་བར་བཅུ་གཉིས་ཀྱིས་ལོ་སྐོར་བཅུ་གཉིས་མཚོན། སྦྲའི་བྱ་བྲང་བྱ་རྒྱལ་ཁྱུང་གི་བྲང་གཟུགས་ཡིན་པས་ཀླུ་གནོད་འགོག སྦྲའི་སེང་ཐོད་སེང་གེའི་ཐོད་གཟུགས་ཡིན་པས་གློག་ཞགས་ཀྱི་ཐོག་འགོག་པ་སོགས་བཤད་པ་མང་། ཡང་འཚེར་སར་ཐོན་ཅིང་སྦྲ་ཕུབ་ཚར་རྗེས། ཁྱིམ་བདག་གིས་སྨོན་ལམ་འདེབས་སྲོལ་ཡོད་དེ། ནང་དུ་གསེར་གྱི་ཀ་བ་མ་ཆག ཕྱི་རུ་དངུལ་གྱི་ཆོན་ཐག་མ་ཆད། གུང་ཤིང་གཡུ་ཡི་གདུང་མ་མ་ལྷུང་། མཐའ་བཞིའི་དུང་གི་ཕུར་བ་མ་འབུད། ལྷས་ཁ་འཕྲག་དགོས། མཚེར་ཁ་དྲོ་དགོས་ཟེར། དེ་ཡང་སྦྲ་ཡི་སྒོ་སྟེང་དང་ཕུགས་སྟེང་ལ་དར་ལྕོག་འདོགས་པའི་ལུགས་སྲོལ་ཡོད་ཅིང་དེ་ནི་གཙོ་བོ་མི་ཕྱུགས་ཀྱི་རྐྱེན་གེག་དང་གོད་ཁ་སོགས་འགོག་ཆེད་ཡིན་ཞེས་བཤད་སྲོལ་ཡོད་དོ། །

《ཁམས་པའི་ཚགས་པར》ལྟར་འདེམ་སྒྲིག་བྱས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1