གཙོ་ངོས།>> རྩོམ་རིག>>ལྷུག་རྩོམ།

ཀྱེ་ཕུར་མཆོག་གསུམ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༢ལོའི་ཟླ་བ་༠༣ཚེས་༡༨ཉིན།

༄༅།། འབྱུང་བཞིའི་ཆིག་ལབ།


ཀྱེ་ཕུར་མཆོག་གསུམ།
སྔོན་འགྲོ
        གནའ་མིའི་ངག་རྒྱུན་དུ་ས་ལག་མཐིལ་ཙམ་ལ་ཕ་འདང་ཡོད། ཆུ་ཧུབ་ཐིགས་ཙམ་ལ་མ་འདང་ཡོད། རྩྭ་རྐང་ཐུར་གཅིག་ལ་སྤུན་འདང་ཡོད་ཟེར་བ་བཞིན། ས་ཆུ་མེ་རླུང་ནི་འབྱུང་བ་བཞི་ཡིན་ལ། འབྱུང་བཞིའི་འཕྲོད་སྦྱོར་ནི་ང་ཚོ་མིའི་རིགས་ཀྱི་བདེ་ཐང་གི་རྨང་རྡོར་ངེས་སོ་ཞེས་ཀྱང་འུར་བསྟོད་དང་སྒྲོ་འདོགས་སུ་གཏན་ནས་འགྲོ་མི་སྲིད། ཡིན་ཡང་དཔལ་འབྱོར་དང་ཚན་རྩལ་འཕེལ་རྒྱས་མགྱོགས་པའི་དུས་རབས་འདིར་མིའི་རིགས་ཀྱི་འདོད་རྔམ་ཡང་རྩྭ་སྐྱ་མེ་ལ་བསྒྲོན་པ་དང་ཆུ་ཡི་ཡུར་མོ་འཁྱུག་པ་བཞིན་འཕེལ་ཏེ་འབྱུང་བཞིའི་སྣོད་བཅུད་ཀྱི་བུམ་པ་ཧྲུག་ཆག་ཏུ་གཏོང་བཞིན་པ་ནི་མིའི་རིགས་ཀྱི་འཚོ་གནས་ཀྱི་ཉེན་ཚབས་དྲག་པོ་ཞིག་ཏུ་འདོད།
སྲ་མཁྲེགས་ས་ཡི་རང་གཤིས།
        ས་ཡི་གོ་ལ་རིལ་མོ་འདིས། ང་ཚོའི་སྡིག་སྒྲིབ་དང་རྣམ་སྨིན་གྱིས་བརྟས་པའི་བེམ་གཟུགས་གྲངས་མེད་ཅིག་གི་ལྗིད་ཤུགས་ཁུར་ཏེ་ཨ་ཆད་ཀྱི་འཁུན་སྒྲ་རུམ་ནས་ལོ་ངོ་དུ་ཙམ་འགོར་བ་སུ་ཡིས་ཁ་ཚོན་ཆོད་དམ། ཡིན་ཡང་ལོ་ཟླའི་སྙིང་ལ་འཕྲུལ་གྱི་སྲོག་ཞུགས་ཏེ་རི་བོའི་ནང་སྙིང་བྲུས་ཤིང་ལམ་ཆེན་གྱི་སྣར་ཤ་ཕུག་སོང་བ་ནི་འཕེལ་རྒྱས་ཤིག་གི་ལྟོས་སུ་བལྟས་སོང་ལ་ཉམས་ཉེས་ཤིག་གི་ནད་རྟགས་ཤིག་ཀྱང་ག་ལ་མིན་ཨང་། འབྱུང་བཞིའི་སྙོམ་སྒྲིག་ནི་མི་ཞིག་གི་བདེ་ཐང་ཡིན་ན་ས་ཆེན་གྱི་དོན་སྣོད་ལའང་གཡོ་འགུལ་མི་འབྱུང་བའི་ངེས་པ་ག་ལ་ཡོད། ས་ནི་མིའི་ལུས་ཀྱི་ཤ་ཡི་གཟུགས་སུ་ཡོད་པས་དེ་ནི་གང་འདོད་དུ་བཅད་དེ་བསམ་བསམ་དུ་སློག་ཆོག་པ་ཞིག་ག་ལ་ཡིན། ཁྱེད་ཀྱིས་རང་སྟེང་ལ་ཚེར་མ་ཙམ་ཟུག་ཀྱང་སྡུག་བསྔལ་གྱི་འཁུན་སྒྲ་བསྒྲག་སྲིད་པ་མཁྱེན་སྲིད་ལྟར་ཡིན་པས། ས་ཆེན་ཨ་མའི་སྙིང་ཤ་དུམ་བུར་བཅད་དེ་གློ་སྙིང་མཆིན་གསུམ་དང་ཕོ་མཁྲིས་རྒྱུ་མ་སོགས་ལ་གང་འདོད་དུ་གདུག་རྩུབ་ཀྱི་གྲི་ཆུང་འཕྱར་ག་ལ་ཉན་ཨང་། དེང་སྐབས་གློ་བུར་གློ་བུར་དུ་ས་ཆེན་གྱིས་འཕག་འཚག་ཐེངས་ཤིག་གིས་མཐོ་རིམ་སྲོག་ཆགས་སུ་འབོད་པའི་མིའི་རིགས་ཀྱི་ཚེ་སྲོག་གི་རྒྱུ་བ་སྐད་ཅིག་ལ་འཕྲོག་འགྲོ་བ་འདི་ཅི་ཡིས་ལན་ནམ། དོན་ངོ་མར་བཤད་ན་ང་ཚོར་མཐོ་རིམ་སྲོག་ཆགས་སུ་འབོད་ཀྱང་གལ་ལ་ཐུག་དུས་ང་ཚོ་རང་བྱུང་ཁམས་སམ་འབྱུང་བཞིའི་རྩེད་ཆས་སྙིང་ཉེ་བ་དེ་མ་ཡིན་ཞེས་སུ་ཡིས་ཟེར་ཕོད་དམ། ཕྱི་བརྟན་པ་སྣོད་ཀྱི་འཇིག་རྟེན་དང་ནང་གཡོ་བ་བཅུད་ཀྱི་སེམས་ཅན་གང་ཞིག་ཡིན་ཡང་ཕན་ཚུན་གཅིག་ལ་གཅིག་བརྟེན་དུ་གནས་ཡོད་པ་མངོན་སུམ་རེད། དེ་བས་རང་བྱུང་ཁམས་འདི་ཡང་བྱ་དངོས་དང་སྲོག་ཆགས་མང་པོ་ཞིག་གི་ནུས་པ་དང་བྱེད་ལས་ཀྱི་རྒྱུ་ཚོགས་ཤིག་ཡིན་པས་དེའི་སྙོམ་སྒྲིག་ནི་ཤིན་ཏུ་གལ་ཆེ་སྟེ། ང་ཚོའི་ཟ་མ་ཟ་ཉེས་ཤིག་དང་སྤྱོད་ལམ་ནོར་སྟངས་ཤིག་གིས་ཀྱང་སྐབས་རེར་བཟོད་མེད་ཀྱི་ཟུག་གཟེར་མྱངས་དགོས་པ་བཞིན་ས་ཆེན་གྱི་བདག་དོམ་ནོར་འཁྲུལ་ཅིག་གིས་ཀྱང་ཚེ་སྲོག་གི་རྒྱུ་བ་གཅོད་སྲིད་པས་ང་ཚོས་ས་ཆེན་གྱི་མ་ཡུམ་འདིར་གཅེས་སྤྲས་ཀྱི་གོམས་གཤིས་ཤིག་སྙིང་ལ་འཇགས་པར་བྱ་དགོས་སྙམ།
བརླན་བཤེར་ཆུ་ཡི་མིག་ཆུ།
        ཆུ་ནི་མིའི་ལུས་ཀྱི་ཟུངས་ཁྲག་ཏུ་ངེས་པས་ཟུངས་ཁྲག་གི་རྒྱུ་བ་སྙོམ་སྒྲིག་བྱ་རྒྱུ་ནི་རང་བྱུང་ཁམས་ཀྱི་ལྷ་རྗེར་གཏོགས་པའི་ང་ཚོ་མིའི་རིགས་ཀྱི་འགན་འཁྲི་དང་བགོ་སྐལ་ཞིག་ཏུ་ངེས། ང་ཚོ་ནི་རང་བྱུང་ཁམས་ཀྱི་ལྷ་རྗེ་བྱས་ཆོག་ལ་ལག་དམར་ཡང་བྱས་ཆོག ནམ་ཞིག་ང་ཚོའི་ལུས་ཀྱི་ལྗོན་པར་ཆུ་ཧུབ་ཐིགས་ཙམ་ཡང་མེད་ན་ཕུང་བོའི་ལོ་འདབ་དག་ཀྱང་ཧྲག་ཧྲག་གིས་ས་ལ་འཐོར་ངེས་ཤིང་། གངས་རུས་ཀྱི་ཕྲེང་ཐག་གཉོམ་པོའང་ཁྲོག་དིར་རེེར་གས་འགྲོ་བ་མངོན་སུམ་རེད།དེའི་ཕྱིར་མདོ་དབུས་མཐོ་སྒང་ནི་གསེར་རི་དང་དངུལ་རི་ཡིན་པའི་རྒྱུ་མཚན་ཡང་མཐར་གཏུགས་ན་ཆུའི་ནུས་པས་བསྐྱེད་པ་མིན་ཨང་སྙམ་ལ། གཞན་མདོ་དབུས་མཐོ་སྒང་འདི་ཆུའི་མཆོད་རྟེན་ཞིག་ཡིན་ཟེར་བའི་བཤད་རྒྱུན་ཡང་འདི་ལས་འཕྲོས་དགོས་པ་མིན་ནམ་སྙམ། ང་ཚོས་རང་གི་ཚེ་སྲོག་གི་ནོར་བུར་གཅེས་ན། ནོར་བུའི་རིན་ཐང་དང་གཟི་བྱིན་ལ་བསམ་ན། ཆུ་ཐིགས་གཅིག་ཡིན་ཡང་ཟུངས་ཁྲག་གི་རྒྱུ་བར་བརྩི་དགོས། ཟུངས་ཁྲག་གི་རྒྱུ་བ་ཆད་ན་ཚེ་སྲོག་འགག་པའི་གནས་ལུགས་རྟོགས་དགོས། ནམ་ཞིག་མདོ་དབུས་མཐོ་སྒང་གི་གཡུ་ཡི་གཞོང་པར་ཆུའི་ཟུངས་ཁྲག་ཆད་ཚེ་རང་བྱུང་ལྷུན་གྲུབ་ཀྱི་འཇིག་རྟེན་ཁམས་སམ། ཕྱིའི་སྣོད་ཀྱི་དྭངས་གཙང་གི་མཛེས་པ་དག་ཀྱང་རྨང་ནས་ཉམས་ཏེ། སྐྱེས་པ་ཤོར་བའི་ཡུག་མོ་ཞིག་དང་ཕ་མར་བྲལ་བའི་དྭ་ཕྲུག་གི་ངོ་གདོང་བཞིན་སྐྱ་ཐེར་རེར་འཆི་ངེས་ལ། གནམ་འདེགས་ཀ་བར་བསླངས་པའི་རི་ཆེན། གཡུ་ཡི་མདངས་ཀྱིས་བྱུགས་པའི་ལྗོན་ཤིང་། གསེར་གྱི་མཎྜལ་བཞེངས་འདྲའི་སྤང་ལྗོངས། དེ་ཡི་ཕྲ་རྒྱན་དུ་བཀོད་པའི་རྟ་ནོར་ལུག་གསུམ་སོགས་ཀྱང་མིང་གི་ལྷག་པར་འགྱུར་ངེས་ལ། ང་ཚོ་མཐོ་རིམ་སྲོག་ཆགས་ཀྱི་ཚེ་སྲོག་དང་འཚོ་རྟེན་ཡང་རྨང་ནས་འགག་སྲིད་པས། མཐོ་སྒང་གི་རི་ལུང་ཀུན་ཏུ་ཤག་ཤག་གིས་འབབ་པའི་དྭངས་གཙང་ཆུ་བོའི་བཞུར་རྒྱུན་ལ་སྙན་འཇེབས་ཀྱི་རོལ་མོ་གསར་བ་ཞིག་དཀྲོལ་བར་འབད་དགོས།
ཚ་སྲེག་མེ་ཡི་རྣོ་དབལ།
        ང་ཚོ་འགྲོ་བ་མིའི་རིགས་ཀྱི་ལུས་སྟེང་དུ་དྲོད་ལམ་ལམ་གྱི་ཚ་བ་ཞིག་རྟག་པར་འཁོར་ཡོད་པ་དེ་མེ་རེད། ང་ཚོའི་ལུས་ཀྱི་མེ་ཡི་དབུགས་རྒྱུན་རྨེག་མེད་དུ་གྱུར་ཚེ་ང་ཚོ་འཁྱགས་ཧྲང་ཧྲང་གི་བེམ་གཟུགས་ཤིག་ཏུ་འགྱུར་འགྲོ་བ་བཞིན་དུ། རང་བྱུང་ཁམས་ཀྱི་ཚ་དྲོད་ཀྱི་འཕར་ལྡིང་འཇགས་ཚེ་དེའང་འཁྱགས་ཧྲང་ཧྲང་གི་སྲ་གཟུགས་ཤིག་ཏུ་གྱུར་ཏེ། རྩྭ་སྔོན་གྱི་སྐྲ་ལོ་སྐྱེས་མི་སྲིད་ལ་དབུགས་ཀྱི་འབྱིན་རྔུབ་དང་། སྙིང་གི་འཕྱོ་འཇགས་ཀྱང་མེ་ལྕེ་བཞིན་རྨང་ནས་དལ་ངེས་ཤིང་། དེ་ལ་བརྟེན་པའི་སྐྱེ་དངོས་གྲངས་མེད་དང་དབུགས་ལྡན་མཐའ་ཡས་པ་དག་ཀྱང་། ཉི་མ་མཁའ་ནས་ནུབ་པ་དང་སྒྲོན་མེ་ཁྱིམ་ནས་གཟིམ་པ་བཞིན་སྨག་ནག་གེར་འགྱུར་སྲིད་པས། འབྱུང་བཞིའི་རྒྱུ་བ་སྙོམ་པོར་ཡོང་རྒྱུ་ཤིན་ཏུ་གལ་ཆེ་ཨང་། གཞན་ཡང་ང་ཚོའི་ལུས་ཀྱི་ཚ་དྲོད་གློ་བུར་འབར་ཏེ་ཏུའུ་གྲངས་སོ་ལྔར་བརྒལ་ན་མྱུར་དུ་སྨན་ཁང་དུ་བསྐྱལ་ཏེ། ཚ་བའི་མགོ་གནོན་དགོས་པ་བཞིན་སའི་གསེང་གི་བརླན་བག་གི་ཆ་ཇེ་ཉུང་དུ་གྱུར་ཏེ་སྐམ་ཤེད་ཇེ་ཆེར་སོང་ན་ཚོད་ཚོད་ལ་རང་བྱུང་གི་ནགས་ཚལ་མེ་རུ་འབར་ཏེ། རི་མཐོན་པོ་དང་བྲག་རི་བརྗིད་པོ་དག་མེ་རི་རུ་འཕྱུར་འགྲོ་བའང་མིག་མཐོང་ལག་ཟིན་ཡིན་པས། དེའང་གཟབ་བྱའི་གནས་སུ་ངེས་སོ་སྙམ།མཐོ་ན་མི་ཉན་ཞིང་དམའ་ན་མི་ཆོག་པའི་བར་མ་དེའི་མིང་ལ་སྙོམ་པ་ཟེར། སྙོམ་པའི་རྒྱུ་བ་ནི་ཁྱོད་ཀྱིས་མ་སྟོར་ལ་ང་ཡིས་མ་བརླགས་པའི་རང་བྱུང་གི་སྣང་ཚུལ་ཞིག་ཏུ་ངེས་པ་ཡིན། ས་ནི་རྡོག་འོག་ཏུ་ཡོད་ཀྱང་། ས་ནི་སྲ་མཁྲེགས་སུ་གནས་ཀྱང་། ས་ལ་རིན་ཐང་མེད་ཀྱང་། ས་ནི་ང་ཚོ་འདེགས་པའི་བརྟན་བརླིང་གི་གྲུ་གཟིངས་དེ་ཡིན། ས་ཡི་གཡོ་འགུལ་དང་འཕག་འཚག་ཐེངས་ཤིག་གིས། ང་ཚོ་སྲན་ཕུང་གྱང་ལ་བརྡབས་པ་བཞིན་སྟོར་འགྲོ་བས། ང་ཚོས་སའི་གནས་སྟངས་ཕྲ་མོ་ཙམ་ལའང་སེམས་ཁྲལ་དང་བདག་དོན་ནན་འོས་བྱ་འོས།
གཡོ་སྐྱོམ་རླུང་གི་ལག་པ།
        རླུང་གི་ལག་པ་གདུག་རྩུབ་ཀྱིས་བསྲིངས་ན་ས་གཞིའི་སྙིང་རྩ་བཀོག་སྲིད་ལ་རི་རབ་ཀྱི་རྔམ་ཁའང་འཆོལ་སྲིད་མོད། རླུང་གི་ལག་པ་འཇམ་མཉེན་གྱིས་བསྲིངས་ཏེ། ཁྱོད་ཀྱི་ཚ་གདུང་གིས་མནར་བའི་ལུས་ཀྱི་ལྗོན་པ་དང་། ལྗོན་པའི་ཡལ་འདབ་དག་ལ་བྱིལ་བྱིལ་ཡང་གཏང་སྲིད། ས་གཞིའི་སྐུ་ལུས་ལ་རླུང་མཁྲིས་བད་ཀན་གྱིས་བསྐྱེད་པའི་ནད་གཞིའི་རང་གཟུགས་ཀྱིས་གཅུན་ཡོང་དུས། སའི་གོ་ལ་རིལ་མོའི་གཅེས་ཕྲུག་ཏུ་གྱུར་བའི་ང་ཚོའི་ཚེ་སྲོག་ལའང་གཡོ་འཁྱོམ་ཐེངས་ཤིག་མི་འབྱུང་ངམ། རླུང་གི་རྒྱུ་བ་འདི་ཡང་སའི་གོ་ལའི་ནུབ་མཐའ་ནས་བྱང་མཐར་ཁྱབ་པའི་གཟུགས་མེད་ཀྱི་གོམ་སྟབས་ཤིག་སྟེ། འདིས་ཀྱང་སྙིང་གི་སུལ་དུ་གས་ཁ་གཏོང་ཞིང་ལྷིང་འཇགས་ཀྱི་མཚོ་མོའི་སྙིང་ཁམས་ཀྱང་སྤྲུགས་སྲིད། དེའི་ཕྱིར་རླུང་གི་ལག་པ་ཆད་མི་རུང་། རླུང་གི་ངག་ཀྱང་ལྐུགས་མི་རུང་། རླུང་གི་དབུགས་རྒྱུན་དེ་བས་ཀྱང་ཆད་མི་རུང་། རླུང་ནི་སྐྱེ་འགྲོའི་རྩ་ལམ་ན་ལྷོག་ལྷོག་གིས་རྒྱུ་བའི་ཟུངས་ཁྲག་ཡིན། རླུང་ནི་དབུགས་ལྡན་སྟོང་གི་བྲང་གཞུང་དུ་ལྷེམ་ལྷེམ་འགུལ་བའི་སྙིང་གི་འཕར་ལྡིང་ཡིན། ནམ་ཞིག་རླུང་གི་ངག་ཚིག་དག་ཀྱང་རྨང་ནས་ཉམས་དུས་འཇིག་རྟེན་གྱི་བྱ་དངོས་ཡོད་ཚད་ཉོབ་མདངས་དང་རུལ་མྱགས་ཀྱིས་འཆི་སྲིད་པས་རླུང་གི་ལག་པས་ནམ་ཡང་འུ་ཅག་གི་འབྱུང་བཞིར་བྱིལ་བྱིལ་གཏང་དགོས། རླུང་གི་རྒྱུ་བས་ནམ་རྒྱུན་འུ་ཅག་གི་དྲན་པར་གསལ་གསལ་འདེབས་གཏང་ངེས། རླུང་གི་འཇམ་པ་དང་རྩུབ་པ་ཁོ་ནས། འུ་ཅག་གི་འཚོ་བའི་ཡོ་འཁྱོག་བསྙམ་ངེས་སོ། །
ས་ཆུ་མེ་རླུང་གི་ཆིག་དྲིལ།
        ང་ནི་ས་གཞི་ཡིན། མཐོ་རིམ་སྲོག་ཆགས་སུ་གྱུར་པའི་འགྲོ་བ་མིའི་རིགས་ཡ། ཁྱེད་ཚོས་འདོད་རྔམ་གྱི་ལག་པས་ངའི་གསོན་སྙིང་མ་འདྲུ་ཨང་། ང་ནི་གཙང་བོ་ཡིན། དད་པའི་བདག་པོར་གྱུར་བའི་འགྲོ་བ་མིའི་རིགས་ཡ། ཁྱེད་ཚོས་ལས་འབྲས་ཀྱི་རྒྱ་མ་སྣོག་ནས་ང་ཡི་དྭངས་གཙང་མ་རྙོག་ཨང་། ང་ནི་རླུང་བུ་ཡིན། ལྷག་བསམ་གངས་རི་ལྟར་དཀར་བའི་གངས་ཅན་བོད་པ་ཡ། ཁྱེད་ཚོས་ཨུ་ཚུགས་ཀྱི་ལག་པ་བསྲིངས་ནས་ང་ཡི་རྒྱུ་ལམ་མ་འགོག་ཨང་། ང་ནི་མེ་དཔུང་ཡིན། བྱམས་སེམས་ཀྱི་བདག་ཉིད་ཆེན་མོ་སྟེ་མཐོ་སྒང་བོད་པ་ཡ། ཁྱེད་ཚོས་ཕྲག་དོག་གི་ཆུ་འཁྱགས་བླུགས་ནས་ང་ཡི་ཕུགས་བསམ་གྱི་དཔུང་བ་མ་བཅོམས་ཨང་། ས་ཆུ་མེ་རླུང་། ང་ཚོ་མཛུབ་མོ་ལྔ་བཅིངས་ཁུ་ཚུར་ཡིན། ང་ཚོ་ཕ་མ་གཅིག་གི་བུ་སྤུན་ཡིན། ཁྱོད་མེད་ན་མི་ཆོག འཇིག་རྟེན་གྱི་འཕར་ལྡིང་འཇགས་འགྲོ། ང་མེད་ན་མི་ཉན་རང་བྱུང་གི་བཀྲག་མདངས་ཡལ་འགྲོ། ཁོ་མེད་ན་མི་རུང་འཚོ་ལམ་གྱི་ཟམ་པ་ཆད་འགྲོ། ང་ཚོ་གཅིག་སེམས་གཅིག་ལ་བརྟེན་ནས། གཅིག་རྒྱབ་གཅིག་ལ་བསྙེས་ནས། མིའི་རིགས་གཙོས་དབུགས་ལྡན་སྐྱེ་འགྲོ་སྟོང་གི་སྲོག་དབང་ལ་ངར་ཤུགས་བསྩལ་དགོས། དེ་བས་མཐོ་རིམ་སྲོག་ཆགས་ཏེ། མིའི་རིགས་ཡ། རང་གི་ཚེ་སྲོག་ལ་གཅེས་ན་ང་ཚོའི་འཇིག་རྟེན་ལ་ལག་པ་མ་བསྲིངས་ཨང་། ། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1