༄༅།། ཁྲོ་རི་རྡོ་རྗེ་ཟིལ་ཁྲོམ་གྱི་གནས་ཡིག །

ཀརྨ་རྒྱལ་མཚན་ནས་བསྒྲིགས།​ རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-29


ཀརྨ་རྒྱལ་མཚན་ནས་བསྒྲིགས།
རྒྱ་བོ་རི་ཁྲོད།
        དེའང་རུ་དམ་གངས་ཀྱི་ར་བ་ཁྲོ་རི་རྡོ་རྗེ་ཟིལ་ཁྲོམ་གྱི་གནས་ཀྱི་ཆགས་ཚུལ་ནི། ཨོ་རྒྱན་གྱི་མཁས་པ་པདྨ་འབྱུང་གནས་ཀྱི་བཀོད་པ་མདོ་བྱང་ལས། ད་ནི་ཡོན་ཏན་གནས་ལྔ་བསྟན་པ་ནི༔ ཡོན་ཏན་གནས་ཀྱི་གཙོ་བོ་རྒྱས་པས་བཤད༔ བོད་ཀྱི་མདོ་ཁམས་འབྲི་ཟླ་ཞེས་བྱ་རུ༔ རུ་དམ་གངས་ཀྱི་ར་བ་སྦས་པའི་ཡུལ༔ དབུས་ཀྱི་རི་བོ་སེང་ཆེན་བརྒྱད་བསྣོལ་ནང༔ གསང་སྔགས་སྣོད་རུང་ཡུལ་གྲུ་བཅོ་བརྒྱད་སྦས༔ ཡུལ་གྱི་ཆགས་ཚུལ་པདྨ་ཁ་ཕྱེ་འདྲ༔ དབུས་ཀྱི་བྲག་རི་དཔག་ཚད་གཅིག་གི་སྟེང༔ རང་བྱུང་རྡོ་ཡི་མཆོད་རྟེན་ཁྱད་པར་ཅན༔ འོད་ཟེར་ནམ་མཁའི་དབྱིངས་སུ་འགྲོ་བ་དང༔ བྲག་དེའི་ནང་དུ་སྤྲུལ་པའི་ལྷ་ཁང་ནི༔ འོད་འབར་ཞེས་བྱ་མདའ་རྒྱངས་གང་ཙམ་ཡོད༔ ནང་དུ་གསེར་གྱི་ཐུབ་པ་ཐོག་ཚད་གཅིག༔ ཡོན་བདག་དཔལ་མོ་ཧེ་ཡིས་བཞེངས་པ་ཡི༔ དངུལ་གྱི་ཉེ་སྲས་མི་ཚད་བརྒྱད་རྣམས་དང༔ དུང་དང་གཡུ་ཡི་སྒྲོལ་མ་དཀར་སྔོན་བཞུགས༔ རྒྱ་ནག་པཱ་ལ་ཏ་ཡི་རྒྱལ་པོ་ཡིས༔ པད་འབྱུང་བདག་ལ་ཕུལ་བའི་ནོར་སྣ་དང༔ ཁྱད་པར་བཟོ་ཁྱད་བྱེ་རུའི་ཚེ་དཔག་མེད༔ ཀ་མ་ལ་ཡི་རྒྱ་དཔེ་ཐམས་ཅད་བཞུགས༔ ཕྱོགས་མཚམས་རྣམས་ཀྱི་ལུང་ཆེན་བཅོ་བརྒྱད་དུ༔ གཏེར་ཆེན་གསུམ་དང་གཏེར་ཕྲན་བརྒྱད་རེ་སྦས༔ སྲུང་མ་ཡ་མ་བཅུ་གཉིས་མ་སངས་བརྒྱད༔ ལྷ་ཡི་དགེ་བསྙེན་རྡོ་རྗེ་དགའ་བར་གཏད༔ གཡས་ཀྱི་རི་ནི་རལ་གྲི་ཕྱར་བ་འདྲ༔ ཤར་གྱི་བྲག་ལ་ཐུབ་དབང་གནས་བརྟན་ཚོགས༔ ཟབ་པའི་གཏེར་གསུམ་དཀོར་སྲུང་སྲས་ལ་གཏད༔ གཡོན་གྱི་རི་ནི་སེང་ཆེན་འགྱིང་བ་འདྲ༔ ལྷོ་ཡི་བྲག་ལ་ཉེ་སྲས་བརྒྱད་རྣམས་དང་། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་སྐུ་ཡང་གསལ༔ སྒོས་ཁྱད་གཏེར་དགུ་དཀོར་སྲུང་ཡུམ་ལ་གཏད༔ ལྕགས་རི་ཁྲ་བོའི་སྒོ་ཁང་ལྷོ་རུ་བསྟན༔ སྒོ་ཡི་ནང་དུ་བྲག་རི་རིན་ཆེན་འདྲ༔ དབུས་ཀྱི་ཆ་ལ་པད་འབྱུང་སྒྲུབ་ཕུག་ཡོད༔ དཔལ་ཆེན་དགུ་དང་རྡོ་རྗེ་སེམས་དཔའ་དང༔ དྲུག་པ་རྡོ་རྗེ་འཆང་དང་ཤཱཀྱ་ཐུབ༔ ཨོ་རྒྱན་བདག་གི་སྐུ་རྣམས་རང་བྱོན་གསལ༔ ཕྱོགས་བཞིའི་ཀླུང་ཆེན་བཞི་ཡི་མདོ་རྣམས་ལ༔ ཤར་གྱི་གཙང་དཀར་མཆོད་རྟེན་འོད་འབར་དང༔ ལྷོ་ཡི་འཁོར་ལོ་ཨཀྴ་ལྔ་བཅུ་ལ༔ ནུབ་ཀྱི་སེང་རྫོང་སྐུ་གདུང་ཆ་བརྒྱད་དང༔ བྱང་གི་ཕ་ཝཾ་ནག་པོ་ལོགས་རྣམས་སུ༔ མི་འགྱུར་བ་ཡི་རྟགས་བརྒྱད་མཚན་རྟགས་དགུ༔ མཚམས་ཀྱི་ཀླུང་ཆེན་རྣམས་ཀྱི་ཕུ་རྣམས་སུ༔ ཤར་ལྷོ་དཔལ་གྱི་གཏོར་མ་འདྲ་བའི་རི༔ མངོན་རྫོགས་རྒྱལ་པོ་མཁས་པ་སུམ་ཅུ་ཡིས༔ རྫུ་འཕྲུལ་བྱིན་གྱིས་བརླབས་པའི་སྐུ་རང་བྱོན༔ ནོར་ལྷ་ཕོ་བརྒྱད་མོ་བརྒྱད་གཙོ་བོ་གཉིས༔ གཏེར་བདག་བཅོ་བརྒྱད་རྣམས་ཀྱིས་ནོར་ཆར་འབེབས༔  ལྷོ་ནུབ་རྡོ་རྗེ་འདྲ་བའི་བྲག་རི་ལ༔ པད་འབྱུང་བདག་གིས་རྫུ་འཕྲུལ་སྣ་ཚོགས་པའི༔ བཀོད་པ་བསམ་མི་ཁྱབ་པའི་མཚན་རྟགས་དང༔ རང་བྱུང་གྲུབ་ཆུ་འཆི་མེད་ཚེ་ཆུ་དང༔ དངོས་གྲུབ་ཆུ་བོ་ཁྲུས་ཀྱི་ཆུ་བོ་ཡོད༔ ནུབ་བྱང་རིན་ཆེན་བྲག་རི་སྒོམ་འདྲ་ལ༔ མ་སངས་དམ་ལ་བཏགས་པའི་མཚན་རྟགས་དང༔ རྣམ་འཇོམས་རྣམ་པར་རྒྱལ་མ་གདུགས་དཀར་མོ༔ གྲྭ་ལྔའི་ལྷ་མོ་ཀྲི་ཡའི་ལྷ་ཚོགས་བཞུགས༔ བྱང་ཤར་བྲག་རི་གཏེར་གྱི་བུམ་པ་འདྲ༔ རང་བྱུང་ཐུགས་རྗེའི་ལྷ་ཚོགས་བཞི་བཅུ་གཉིས༔ ཁྱད་པར་ཅན་གྱི་ཕྱག་སྟོང་སྤྱན་སྟོང་དང༔ རྟ་འགྲིན་དབུ་དགུ་ཕྱག་ནི་བཅོ་བརྒྱད་ཅན༔ རྡོ་རྗེ་ཕག་མོ་ཞལ་གསུམ་ལ་སོགས་པའི༔ མཁའ་འགྲོ་དགོངས་འདུས་དཀྱིལ་འཁོར་ལྷ་ཚོགས་ཡོད༔ ཕྱོགས་མཚམས་རྣམས་ཀྱི་བར་གྱི་ཀླུང་ཆེན་ལ༔ དང་པོར་དཔའ་བོ་བྲག་ལ་རྟ་མགྲིན་དང༔ གཉིས་པར་རུ་ཡི་བྲག་ལ་འཇམ་དཔལ་ནག༔ གསུམ་པར་སྐུ་ཡི་བྲག་ལ་ཕྱག་རྡོར་དང༔ བཞི་པར་ཉེ་བའི་བྲག་ལ་སྨེ་བ་བརྩེགས༔ ལྷོ་ཕྱོགས་བྲག་ལ་རིག་འཛིན་འདུས་པ་སོགས༔ དཀྱིལ་འཁོར་རབ་འབྱམས་རྒྱ་མཚོའི་སྐུ་རྣམས་གསལ༔ ཁྱད་པར་ལྷོ་ཕྱོགས་དབུས་ཀྱི་བྲག་རི་ལ༔ བརྟན་མའི་གསང་ཕུག་གཡས་ལོགས་མཚོ་རྒྱལ་དང༔ སྟེང་ལ་བཻ་རོ་རྒྱབ་ཏུ་གཉགས་ཆེན་སོགས༔  ལས་ཅན་དག་པའི་འཁོར་བདུན་རྣམས་ཀྱིས་ཀྱང༔ བསྒྲུབས་པའི་གནས་དང་གྲུབ་རྟགས་མཚན་མ་བཅས༔ མི་འགྱུར་འཛེར་གྱིས་རབ་ཏུ་གཏམ་པའོ༔ ཡོན་ཏན་གཏེར་ལྔ་གཏེར་ཕྲན་ཉི་ཤུ་སྦས༔ ཡོན་ཏན་སྐུ་ཡི་ཡོན་ཏན་དག་ལ་འདུས༔ བརྡ་ཐིམ།

ཁྲོ་ལའི་འདབས་ཀྱི་གཡུ་གཞོང་ཡིད་ལྷུང་ལྷ་མཚོ།
        དེ་ལྟར་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་མདོ་བྱང་གི་གསལ་བྱེད། ཡོན་ཏན་གནས་ཀྱི་གཙོ་བོ་རུ་དམ་གངས་ཀྱི་ར་བ་ནི་ཁྲོ་རི་རྡོ་རྗེ་ཟིལ་ཁྲོམ་སྟེ། འདིའི་གནས་ཡིག་གཏེར་ཆེན་ཉིད་ཀྱིས་རྫོགས་ཆེན་གངས་ཁྲོད་ནས་བཞེས། གཞན་ཡང་ཟབ་གཏེར་འགའ་ཞིག་དང་བདུད་འདུལ་བས་ཀྱང་གཏེར་ཞལ་ཕྱེས། ལྕགས་རི་ཁྲ་བོའི་སྒོ་ཁང་ལྷོར་བསྟན་ནི་ཟིལ་ཁྲོམ་གནས་ཀྱི་ཞལ་ངོ་ཁྲོ་མཚོའི་ཕྱོགས་སུ་བསྟན་པ་ཤར་དུ་བརྩིས་ཏེ། ལྷོ་ཕྱོགས་དེང་སང་སྒོ་སྲུང་དུ་གྲགས་པ་དེར་བྲག་རི་ལ་སྒྲུབ་ཕུག་དང་ཁྱད་འཕགས་ཟབ་གཏེར་བཞུགས་ཤིང་གནས་དང་ས་གནད་ཀྱི་སྙིང་པོའང་འདི་ཉིད་ཡིན། ཤར་གྱི་གཙང་དཀར་འཛུམ་གཙང་དཀར། ལྷོའི་འཁོར་ལོ་ནི་འཁོར་ལོ་མདོ། ནུབ་ཀྱི་སེང་རྫོང་དཔྱད། བྱང་གི་ཕ་ཝཾ་ནི་རུ་དམ་ཕ་ཝཾ་ཞབས་ཆེ་ཆུང་། ཤར་ལྷོ་དཔལ་གཏོར་འདྲ་བ་རྡོ་མུ་ནམ། ལྷོ་ནུབ་རྡོ་རྗེ་འདྲ་བའི་བྲག་ནི། ལྷ་ལུང་ཞུད་དང་ཉེ་བ་ན་ལྷ་ལུང་དཔལ་རྡོར་སྒྲུབ་གནས། ནུབ་བྱང་བྲག་རི་སྒྲོམ་འདྲ་དང་། བྱང་ཤར་གཏེར་བུམ་འདྲ་བའང་སླར་བརྟགས། ཕྱོགས་མཚམས་ཀྱི་དང་པོ་དཔའ་བོ་བྲག་ནི་དཔའ་འོག་གི་དཔའ་བོ་དབང་ཆེན་བྲག །ཡོངས་གྲགས་དཔའ་ར་ཟེར་བ་མདོ་བྱང་འདི་ཉིད་ཀྱི་གཏེར་གནས། གཞན་རྣམས་དཔྱད་དགོས། ཁྱད་པར་ལྷོ་ཕྱོགས་དབུས་ཀྱི་བྲག་རི་ནི་གོང་སྨོས་སྒོ་ཁང་ལ་ཡོད་པ་དེའོ། །

རྒྱ་བོ་རི་ཁྲོད་འོག་གི་རྦབ་ཆུ།

        དེའང་ཁྲོ་རྒྱལ་ཟིལ་ཁྲོམ་གངས་ཀྱི་ར་བ་དབུས་ཁྲོ་ལ་ནི་ནུབ་བྱང་ཕྱོགས་ནས་ཤར་ལྷོའི་ཕྱོགས་སུ་འཕྲེད་རྒྱུག་བྱས་ཤིང་སྡེ་དགེ་རྫོང་ཁོངས་དགོན་ཆེན་གྲོང་རྡལ་དང་བར་མ་ཆད་པར་འབྲེལ་མཐུད་ཀྱི་རིང་ཚད་ལེ་བར་བརྒྱ་ལྷག་ཙམ་ཡོད་ལ། དེ་ནི་སྟོད་གངས་རི་བོད་ཆེའི་རི་རྒྱུད་ཀྱི་བྱང་མཐའ་ཁམས་ཕྱོགས་ཀྱི་རི་བོ་ཆེ་ལ་མཐོ་ཤོས་མུ་ནམ་ང་འདྲ་དང་། ཁྲོ་རྒྱལ་ཟིལ་ཕྲོམ་གྱི་རི་ལག་ཤིག་ཡིན། རི་རྩེའི་མཐོ་ཚད་ཟོ་དོར་མུ་ནམ་ང་འདྲའི་ཡང་རྩེ་དང་མཉམ་པར་རྒྱ་མཚོའི་ངོས་ལས་སྤྱི་ཁྲི་6168ཡོད། ལ་ཉག་གི་མཐོ་ཚད་རྒྱ་མཚོའི་ངོས་ལས་སྤྱི་ཁྲི་5050ཡོད།  རི་རྩེའི་ལ་ཉག་འགར་འཁྱག་ཀླུང་དང་མཚེའུ་མང་པོ་ཡོད་ཀྱང་ཆེད་དུ་སོང་ན་མ་གཏོགས་མཐོང་དཀའ། རི་ངོས་ལ་ལོ་འཁོར་མོ་ཞུ་མི་ཐུབ་པའི་སྲིད་པ་ཆགས་པའི་གངས་རྒན་ལྟ་བུའི་འཁྱག་ཀླུང་ཆེ་ཆུང་30ཙམ་ལ་རྒྱ་ཁྱོན་སྤྱི་ལེ་73ལྷག་ཡོད། ས་རིམ་སྤྱི་ནི་ས་འོག་ནས་རྫ་བྲག་རིམ་གསུམ་ལས་རིམ་གྱིས་འབུར་དུ་ཐོན་པའི་བྱེ་རྡོ་དང་། བྲག་རྡོ། རྡོ་གཡམ་བཅས་ཀྱིས་བཟོ་བོ་མཁས་པས་བཟོས་པའི་གཟུགས་དབྱིབས་མི་འདྲའི་བླུགས་སྐུ་དང་བརྐོས་སྐུ་ལྟ་བུ་གཟུགས་བརྙན་ཁྱད་མཚར་ཅན་གྲངས་ལས་འདས། ལ་འདབས་ཀྱི་ས་ངོས་ཕལ་ཆེར་རི་འབུར་གྱི་མཐོ་སྒང་ཡིན་ལ། མཐོ་ཚད་རྒྱ་མཚོའི་ངོས་ལས་སྤྱི་ཁྲི་3600ནས་4000བར་ཡོད། ཁྲོ་ལའི་བྱང་ཤར་སུ་ཡོད་པའི་ཡིད་ལྷུང་ལྷ་མཚོ་ནི་ཁ་རྒྱ་ཆེ་ཞིང་། མཛེས་ཉམས་ལྡན་པ། མཚོ་ཆུ་དང་འཁྱག་ཀླུང་། གངས་རི། ནགས་ཚལ། རྩྭ་ཐང་བཅས་མཛེས། ཉམས་ལྡན་པས་ཀུན་གྱིས་མཛེས་པའི་ལྷ་ཡུལ་རེད་ཅེས་བསྟོད་བསྔགས་བྱེད་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1