“དོ་དམ་ལྔ”དོན་འཁྱོལ་བྱས་པའི་གནས་ཚུལ་རགས་ཙམ་གླེང་བ། ——ཞིན་ཧེ་རྫོང་མི་རིགས་སློབ་འབྲིང་དང་པོ་གཞིར་བཟུང་བ།

རྣམ་རྒྱལ་འབུམ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-30


[གནད་བཏུས] དཔྱད་རྩོམ་འདིར་རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གསོ་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས《སློབ་སྐུལ་འགན་ལེན་རྩ་འཛུགས་སྒོས“དོ་དམ་ལྔ”ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་དགོས་པའི་སྐོར་གྱི་བརྡ་ཐོ》སྟེ། “དོ་དམ་ལྔ”ཡི་གནས་ཚུལ་དང་དེ་ལག་བསྟར་བྱས་པའི་གོ་རིམ། ཕན་ནུས་བཅས་གླེང་ཡོད།
       [གནད་ཚིག] དོ་དམ་ལྔ། དོན་འཁྱོལ། རྩ་འཛུགས། སློབ་གྲྭ་ཆུང་འབྲིང་།


དང་པོ།“དོ་དམ་ལྔ”ཡི་གནས་ཚུལ།


སྤྱི་ལོ2021ལོའི་ཟླ5པར། རྒྱལ་ཁབ་སློབ་གསོ་པུའུ་
ཡི་སྒོ་ཁྱིམ་དྲ་ཚིགས་སུ། རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གསོ་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས《སློབ་སྐུལ་འགན་ལེན་རྩ་འཛུགས་སྒོས“དོ་དམ་ལྔ”ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་དགོས་པའི་སྐོར་གྱི་བརྡ་ཐོ》①དང《“དོ་དམ་ལྔ”ཡུལ་དངོས་སུ་ལྟ་སྐུལ་ཞིབ་བཤེར་བྱ་བ་སྤེལ་བའི་སྐོར་གྱི་བརྡ་ཐོ》②ཞེས་པའི་ཡིག་ཆ་ཁྱབ་སྒྲོག་བྱས་རྗེས། ཞིང་ཆེན(ལྗོངས་དང་གྲོང་ཁྱེར)ཁག་གི་སློབ་གསོ་ལྟ་སྐུལ་ལས་ཁུངས་ཀྱིས་ཀྱང་ཟླ་བ་ལྔ་པ་ནས་བཟུང་རྩ་འཛུགས་དམ་པོའི་སྒོ་ནས་ས་གནས་སོ་སོའི་སློབ་གྲྭ་ཆུང་འབྲིང་ཁག་ཏུ“དོ་དམ་ལྔ”ལག་བསྟར་དངོས་འབེབས་བྱ་བར་ལྟ་སྐུལ་བྱེད་དགོས་པའི་རེ་བ་ནན་མོ་བཏོན། ཏང་དང་རྒྱལ་ཁབ་ཀྱི་སློབ་གསོའི་སྲིད་ཇུས་དུས་ལྟར་ལག་ལེན་དོན་འཁྱོལ་བྱ་ཆེད། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་ནས་གཙིགས་མཐོང་ཆེན་པོ་བྱས་ཏེ། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་སློབ་གསོ་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས《“དོ་དམ་ལྔ”
ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་བྱ་བ་སྤེལ་བའི་སྐོར་གྱི་བརྡ་ཐོ》③ཞེས་པའི་ཡིག་ཆ་པར་འགྲེམ་ཁྱབ་སྒྲོག་བྱས།

དོ་དམ་ལྔ①ཞེས་པ་ནི། རྒྱལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་ཁག་གི་སློབ་མ་ཚོའི་ལས་བྱ་དོ་དམ།གཉིད་ཡུར་དོ་དམ། ཁ་པར་དོ་དམ། བཀླག་དེབ་དོ་དམ།གཟུགས་གཞི་དོ་དམ་ཞེས་པའི་དོ་དམ་ཁག་ལྔ་ལ་ཟེར།དེ་དག་གི་མིང་གཅིག་ཏུ་བསྡུས་ན་དོ་དམ་ལྔ་ཟེར། རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གསོ་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི《སློབ་སྐུལ་འགན་ལེན་རྩ་འཛུགས་སྒོས“དོ་དམ་ལྔ”ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་དགོས་པའི་སྐོར་གྱི་བརྡ་ཐོ》ཞེས་པའི་ཡིག་ཆའི་དགོངས་དོན་ལྟར། སློབ་གྲྭ་ཆུང་འབྲིང་གི་སློབ་མ་དག་གི་སློབ་སྦྱོང་གི་གོ་རིམ་ཁྲོད། སློབ་གྲྭའི་མགོ་ཁྲིད་དང་དགེ་རྒན། ཁྱིམ་བདག་དང་སློབ་མ་བཅས་ཕྱོགས་བཞི་ལ་ལྟ་སྐུལ་བྱས་ཏེ། གཅིག ལས་བྱ་དོ་དམ། ཡིག་ཆའི②དགོངས་དོན་ལྟར། ༡.ལས་བྱའི་མི་གསོ་སྐྱོང་གི་བྱེད་ནུས་ཁོང་དུ་ཆུད་པར་བྱེད་པ། ༢.ཡིག་ཐོག་ལས་བྱའི་སྤྱི་གྲངས་ལ་ཚོད་འཛིན་ནན་མོ་བྱེད་པ། ༣.ལས་བྱའི་རིགས་དང་རྣམ་པ་གསར་གཏོད་བྱེད་པ། ༤.ལས་བྱའི་ཇུས་འགོད་རྒྱུ་སྤུས་མཐོར་འདེགས་གཏོང་བ། ༥.ལས་བྱ་ལེགས་སྒྲུབ་ཀྱི་མཛུབ་སྟོན་ལ་ཤུགས་སྣོན་པ། ༦.ནན་ཏན་གྱིས་ལས་བྱར་ཞུ་དག་བྱེད་པ། ༧.ཁྱིམ་བདག་ལ་ལས་བྱ་བཀོད་སྒྲིག་མི་བྱེད་པ། ༨.བསླབ་ཕྱིའི་གསབ་སྦྱོང་ལས་བྱ་ནན་འགོག་བྱེད་པ། ༩.ལས་བྱའི་དོ་དམ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ༡༠.ལྟ་སྐུལ་སློབ་སྟོན་དང་དཔྱད་ཞིབ་གདེང་འཇོག་བྱེད་པའི་ཁོངས་སུ་འཇོག་དགོས། གཉིས། གཉིད་ཡུར་དོ་དམ། ཡིག་ཆའི③དགོངས་དོན་ལྟར། ༡.ཚན་རིག་དང་མཐུན་པའི་གཉིད་ཡུར་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་བྱེད་པ། ༢.སློབ་མའི་གཉིད་ཡུར་དུས་ཚོད་ཀྱི་བླང་བྱ་གསལ་བོ་བྱེད་པ།༣.སློབ་གྲྭའི་ངལ་གསོའི་དུས་ཚོད་གཅིག་གྱུར་བཀོད་འདོམས་བྱེད་པ། ༤.སློབ་སྦྱོང་ལྕི་དྲགས་ཏེ་གཉིད་ཡུན་འཐེན་སྤྱོད་བཀག་འགོག་བྱེད་པ། ༥.ལུགས་མཐུན་གྱིས་སློབ་མ་གཉིད་ལོག་པའི་དུས་ཚོད་བཀོད་སྒྲིག་བྱེད་པ། ༦.སློབ་མའི་གཉིད་ཡུར་རྒྱུ་སྤུས་མཐོར་འདེགས་ཐད་མཛུབ་སྟོན་བྱེད་པ། ༧.སློབ་མའི་གཉིད་ཡུར་ཐད་ཞིབ་དཔྱད་ལྟ་སྐུལ་བྱེད་པར་ཤུགས་སྣོན་པ།གསུམ། ཁ་པར་དོ་དམ། ཡིག་ཆའི④དགོངས་དོན་ལྟར།༡.སློབ་རའི་ནང་ཁྱེར་ཡོང་བར་ཚད་བཀག་བྱེད་པ། ༢.དོ་དམ་བྱེད་ཐབས་ཞིབ་ཚགས་ཅན་དུ་གཏོང་བ། ༣.སློབ་གསོ་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། ༤.ཁྱིམ་བདག་དང་སློབ་གྲྭའི་འབྲེལ་འདྲིས་ལེགས་པོར་བསྒྲུབ་པ། ༥.ལྟ་སྐུལ་སློབ་སྟོན་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། བཞི། བཀླག་དེབ་དོ་དམ། ཡིག་ཆའི⑤དགོངས་དོན་ལྟར།བསླབ་ཕྱིའི་ཀློག་དེབ་སློབ་རའི་ནང་འདྲེན་པར་གཞི་རྩའི་ཚད་གཞི་དང་མཐུན་དགོས་པ་སྟེ། བརྗོད་བྱ་གསལ་བ། ནང་དོན་ཧུར་པོ། ཀློག་རུང་རང་བཞིན་ཆེ་བ། བློ་སྐྱེད་རིག་འཕེལ་བཅས་སོ། ། ལྔ། གཟུགས་གཞི་དོ་དམ། ཡིག་ཆའི⑥དགོངས་དོན་ལྟར། ༡.དྲིལ་སྒྲོག་སློབ་གསོའི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། ༢.ལུས་རྩལ་དང་བདེ་ཐང་སློབ་ཁྲིད་འདང་ངེས་སྤེལ་བ། ༣.ལུས་རྩལ་བྱ་འགུལ་གྱི་དུས་ཚོད་ཁག་ཐེག་བྱེད་པ། ༤.ལུས་རྩལ་སློབ་ཁྲིད་ཀྱི་རྒྱུ་སྤུས་མཐོར་འདེགས་བྱེད་པ། ༥.གཟུགས་གཞི་བདེ་ཐང་དོ་དམ་གྱི་གདེང་འཇོག་དཔྱད་ཞིབ་མ་ལག་འཐུས་ཚང་དུ་གཏོང་བ། ༦.གཟུགས་གཞི་བདེ་ཐང་བརྟག་དཔྱད་བཟང་པོ་བྱེད་པ། ༧.འགན་འཁྲིའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། ༨.ལྟ་ཁྲིད་ཞིབ་བཤེར་ཕྱོགས་ལ་ཤུགས་སྣོན་པ་བཅས་སོ། །

གཉིས་པ།“དོ་དམ་ལྔ”ལག་བསྟར་བྱས་པའི་གོ་རིམ།

ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་སློབ་གསོའི་ལས་ཁུངས་ནས་བསྒྲགས་པའི་ཡིག་ཆའི་དགོངས་དོན་ལྟར། སློབ་གྲྭའི་ཏང་ཀྲི་པུའུ་ཡིས་མགོ་ཁྲིད་དང་རྩ་འཛུགས་བྱས་ཏེ།“དོ་དམ་ལྔ”ཡི་གོ་དོན་དང་འབྲེལ་ལག་ལེན་དོན་འཁྱོལ་བྱ་དགོས་པར་བླང་བྱ་བཏོན། ལས་རིམ་དང་པོར་སློབ་གྲྭའི་རྒྱང་སྒྲོག་བརྒྱུད་ནས་ཁྱིམ་བདག་རྣམས་ལ“དོ་དམ་ལྔ”འགྲེལ་བཤད་བྱས་པ་དང་། ལས་རིམ་གཉིས་པར་འཛིན་བདག་སོ་སོས་ཁྱིམ་བདག་རྣམས་ལ་གསལ་བཤད་དང་རེ་བ་བཏོན། ལས་རིམ་གསུམ་པར《ཁྱིམ་བདག་གི་ཁས་ལེན་ཡི་གེ》ཡི་སྟེང་མིང་རྟགས་འགོད་དུ་བཅུག སློབ་གྲྭའི་སློབ་སྒྲུབ་ཆ་རྐྱེན་དང་བསྟུན་ནས《སློབ་མའི་ཁྱིམ་བདག་ལ་སྤྲིངས་པའི་འཕྲིན་ཡིག》ཅེས་པ་ཁྱིམ་བདག་རྣམས་ལ་སྤྲིངས། དེ་ཡང་འཕྲིན་ཡིག་གི་ནང་དོན་གཤམ་གསལ་ལྟར་ཏེ།

༡.ལས་བྱ་དོ་དམ་གྱི་སྐོར།

སློབ་མའི་སློབ་སྦྱོང་གི་ཁུར་བོ་ཇེ་ཡང་དུ་གཏོང་ཆེད། སློབ་གྲྭ་དང་དགེ་རྒན་གྱིས་ཁྱིམ་ཚང་ནས་སྒྲུབ་པའི་ལས་བྱར་ཚོད་འཛིན་ནན་མོ་དང་། ལས་བྱའི་བཀོད་སྒྲིག་གི་སྤུས་ཚད་ལ་ཞིབ་འཇུག་བྱ་བར་ཤུགས་སྣོན་རྒྱག་པ། ལས་བྱའི་སྤྱི་འབོར་དང་བསླབ་ཚན་དོ་སྙོམས་ཡོང་རྒྱུར་མཐོང་ཆེན་བྱེད་པ་སྟེ་ཉིན་གུང་དུས་ཚོད་གཅིག་དང་དགོང་སྦྱོང་སྐབས་དུས་ཚོད་གཅིག་དང་ཕྱེད་ཀའི་རིང་ལ་ལས་བྱ་འབྲི་བའི་དུས་ཚོད་བཀོད་སྒྲིག་བྱེད་པ་ལས་གཞན། གཟའ་མཇུག་དང་དབྱར་དགུན་གནང་། ཁྲིམས་བཀོད་དུས་ཆེན་ཏེ་ངལ་གསོ་དུས་སྐབས་སུ་ལས་བྱ་འབྲི་བའི་དུས་ཚོད་ཀྱི་གྲངས་ཚད་ལ་ཚོད་འཛིན་བྱེད་པ། ལས་བྱ་དཀའ་སླ་སློབ་མའི་དོན་དངོས་དང་བསྟུན་པ། ཁྱིམ་བདག་ལ་ལས་བྱ་བཀོད་སྒྲིག་མི་བྱེད་པ་དང་ལས་བྱར་ཞིབ་བཤེར་བྱ་བའི་རེ་བ་མི་འདོན་པ། ལས་བྱའི་རིགས་ལ་གསར་གཏོད་ཀྱི་ཆ་དང་ལྡན་པ། འབྲས་མེད་ཀྱི་སྦྱོང་བརྡར། བསྐྱར་ཟློས་དང་ཆད་གཅོད་རང་བཞིན་གྱི་ལས་བྱ་བཀོད་སྒྲིག་མི་བྱེད་པ་བཅས་སོ། །

༢.གཉིད་ཡུར་དོ་དམ་གྱི་སྐོར།

དམའ་འབྲིང་སློབ་མས་གཉིད་ཡུར་གྱི་ཡུན་ཆུ་ཚོད་དགུ་འདང་ཆེད་སློབ་གྲྭ་དང་དགེ་རྒན་གྱིས་སློབ་མའི་ངལ་གསོ་ཡུན་གྱི་དོ་དམ་ལ་ཁྱོན་ཡོངས་ནས་ཤུགས་བསྣན་ཏེ།སྔ་དྲོ་སློབ་ཁྲིད་བྱེད་པའི་དུས་ཚོད8:20ལས་མི་སྔ་བ། དགོང་མོ་གཉིད་ཡུར་བའི་ཆུ་ཚོད21:30ལས་མི་འཕྱི་བ་ལས་གཞན། སློབ་མའི་གཉིད་ཀྱི་གནས་ཚུལ་དེ་སློབ་མའི་གཟུགས་གཞི་བདེ་ཐང་དང་སློབ་གསོའི་སྤུས་ཚད་ལ་གདེང་འཇོག་ལྟ་ཞིབ་ཚད་ལེན་བྱེད་པའི་མ་ལག་ནང་བཞག་འདུག།

༣.ལག་ཁྱེར་ཁ་པར་དོ་དམ་གྱི་སྐོར།

སློབ་མའི་མིག་དབང་ལ་སྲུང་སྐྱོབ་དང་། སློབ་གྲྭར་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་བྱེད་པ། དྲ་རྒྱ་དང་རོལ་རྩེད་ལ་མི་གཡེང་བ། སློབ་མའི་ལུས་སེམས་བདེ་ཐང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། སློབ་གྲྭས་གཟའ་མཇུག་འཛིན་ཚོགས་དང་ཚོགས་འདུ་ཆེ་ཆུང་དུ་ཁ་པར་གྱི་དགེ་སྐྱོན་གླེང་སྟེ། ལག་ཁྱེར་ཁ་པར་སློབ་གྲྭར་འཁྱེར་ཡོང་མི་ཆོག་པའི་བླང་བྱ་བཏོན་ཏེ་སྒྲིག་སྲོལ་གཏན་འཁེལ་དང་གན་རྒྱ་བཞག་ཡོད་པ་མ་ཟད། ད་དུང་སློབ་གྲྭས་འབྲེལ་ཡོད་ལས་ཁུངས་དང་མཉམ་སྒྲུབ་སྒོས་སློབ་གྲྭའི་སྒོ་ཁ་དང་སློབ་ཁང་གི་ཚོམས་ཆེན། མལ་ཁང་གི་ནང་ཆེན་དུ་སྤྱི་སྤྱོད་ཁ་པར་བཙུགས་ཏེ། ཁྱིམ་བདག་དང་འབྲེལ་འདྲིས་བྱ་བར་སྟབས་བདེ་བསྐྲུན་ཡོད། གཞན་ཡང་། གནས་ཚུལ་ཁྱད་པར་བ་དང་དགོས་དབང་གིས་ཁ་པར་སློབ་གྲྭར་འཁྱེར་ཡོང་དགོས་ཚེ། ཐོག་མར་འཛིན་བདག་དང་ལོ་རིམ་ཚན་ཁག་ལ་ཡིག་ཐོག་ནས་རེ་འདུན་ཞུ་བ་དང་ལོ་རིམ་ཚན་ཁག་ནས་གཅིག་གྱུར་གྱིས་བདག་དོམ་བྱེད་ཀྱིན་མཆིས།

༤.བཀླག་དེབ་དོ་དམ་གྱི་སྐོར།

སློབ་རའི་བསླབ་ཕྱིའི་བཀླག་དེབ་དོ་དམ་སྔར་ལས་ཚད་ལྡན་དུ་གཏོང་ཆེད། སློབ་གྲྭ་དང་དགེ་རྒན་གྱིས་ཞིབ་ཚགས་ངང་སློབ་རར་ཐོན་པའི་བསླབ་ཕྱིའི་བཀླག་དེབ་འདེམས་སྒྲུག་དང་ཞིབ་བཤེར། འོས་སྦྱོར་བཅས་ཀྱི་གོ་རིམ་བརྒྱུད་འོས་སྦྱོར་གྱི་ཚད་གཞི་དང་བླང་བྱ་ཁ་གསལ་གཏན་འཁེལ་བྱས་ཡོད་པ་དང་། སློབ་གྲྭས་འོས་སྦྱོར་དང་འདེམས་སྒྲུག་བྱས་པའི་བསླབ་ཕྱིའི་བཀླག་དེབ་ཀྱི་ཐོ་ཡིག་སློབ་མ་དང་ཁྱིམ་བདག་ལ་ཁྱབ་སྒྲོག་བྱ་རྒྱུ་མ་ཟད། གོང་རིམ་སློབ་གསོ་གཙོ་སྐྱོང་སྡེ་ཁག་ཏུ་ཐོ་འགོད་བྱ་རྒྱུ། རང་མོས་ངང་བསླབ་ཕྱིའི་བཀླག་དེབ་ཉོ་བའི་བྱེད་ཐབས་ལག་བསྟར་བྱེད་པ་ལས་བཙན་ཤེད་དམ་ཡང་ན་ངོ་བོ་འགྱུར་བའི་བཙན་ཤེད་ཀྱིས་སློབ་མར་བསླབ་ཕྱིའི་བཀླག་དེབ་ཉོ་རུ་འཇུག་པ་དང་མཉམ་སྡེབ་ངང་ཉོ་བར་རྩ་འཛུགས་བྱེད་པ་བཅས་གཏན་འགོག་དང་། ལས་ཁུངས་དང་མི་སྒེར་གང་རུང་གིས་སློབ་གྲྭར་འཆད་ཁྲིད་དང་གཏམ་བཤད། གསབ་སྦྱོང་སོགས་ཀྱི་བྱ་འགུལ་བརྒྱུད་ནས་བསླབ་ཕྱིའི་བཀླག་དེབ་ཕྱིར་འཚོང་བྱ་བར་གཏན་འགོག་བྱེད་པ། གཞན་ཡང་སློབ་གྲྭས《སློབ་གྲྭ་ཆུང་འབྲིང་གི་སློབ་མའི་བསླབ་ཕྱིའི་བཀླག་དེབ་སློབ་རར་འདྲེན་པར་དོ་དམ་བྱེད་ཐབས》ལས་བཏོན་པའི་ལྡོག་ཕྱོགས་ཀྱི་རྩིས་ཐོ12ལ་ཞིབ་བསྡུར་བྱས་ནས་སློབ་རའི་བསླབ་དེབ་དང་བསླབ་ཕྱིའི་བཀླག་དེབ་ལ་ཁྱོན་ཡོངས་ནས་གཙང་བཤེར་བྱས་དང་བྱེད་བཞིན་མཆིས།

༥.གཟུགས་གཞི་དོ་དམ་གྱི་སྐོར།

སློབ་མའི་ལུས་རྩལ་དང་བདེ་ཐང་གི་བྱང་ཚད་མཐོ་རུ་གཏོང་བ་དང་སློབ་མའི་གཟུགས་གཞི་བདེ་ཐང་གི་འདུ་ཤེས་དང་ནུས་པ་ཆེ་རུ་གཏོང་ཆེད། སློབ་གྲྭས་སློབ་མའི་གཟུགས་གཞི་བདེ་ཐང་གི་དོ་དམ་ལས་དོན་དེ་སློབ་གྲྭའི་གདེང་འཇོག་དཔྱད་ཞིབ་མ་ལག་ནང་བཞག་ནས་ལུས་རྩལ་དང་བདེ་ཐང་གི་སློབ་ཁྲིད་གཏན་འཁེལ་དང་ཆ་རྐྱེན་ལྟར་འདང་ངེས་འཚོགས་ཏེ་གཟའ་འཁོར་རེར་སློབ་ཁྲིད3འཚོག་རྒྱུ་འགན་ལེན་བྱེད་པ་དང། སློབ་མས་ཉིན་རེར་སློབ་གྲྭའི་ནང་གི་ཆུ་ཚོད1རིང་གི་ལུས་རྩལ་བྱེད་སྒོའི་དུས་ཡུན་འགན་སྲུང་གང་ཐུབ་བྱེད་པ། ཉིན་རེར་སློབ་གསེང་བར་རྩལ་སྦྱོང་སྐར་མ་སུམ་ཅུ་བཀོད་སྒྲིག་བྱས་ཡོད་པ་དང་སློབ་ཁྲིད་རེ་རེའི་བར་གསེང་ནས་སྐར་མ་བཅུ་ལ་འོས་འཚམ་གྱི་འགུལ་སྐྱོད་དང་ལུས་ཕུང་སྦྱོང་བརྡར་བྱ་བ། སློབ་མ་རེར་ལུས་རྩལ་ནུས་རྩལ་གཅིག་ནས་གཉིས་ལ་བྱང་བར་བྱ་རྒྱུ། སློབ་གསོ་པུའུ་དང་རང་རེའི་ཞིང་ཆེན་གྱིས་བཏོན་པའི《བྱིས་པ་དང་གཞོན་ནུ་ལོ་ཆུང་གི་རྒྱང་སྒྲིབ་མིག་ལ་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་བྱེད་པའི་ལག་བསྟར་ཇུས་གཞི》དོན་འཁྱོལ་ནན་མོ་བྱས་ནས་སློབ་མའི་མིག་དབང་གི་གནས་ཚུལ་ལྟ་ཞིབ་ཚད་ལེན་བྱེད་པའི་སྒྲིག་སྲོལ་འཐུས་ཚང་དང་སློབ་མ་སྒྲིག་འཛུགས་བྱས་ནས་ཉིན་ལྟར་ཕྱི་དྲོ་མིག་སྲུང་སྦྱོང་བརྡར་ཐེངས་རེ་བྱས་ནས་སློབ་སྐབས་རེར་མིག་ཤེད་བརྟག་དཔྱད་ཐེངས2ལག་བསྟར་བྱས་ཏེ་མིག་ཤེད་བདེ་ཐང་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་བླང་བྱ་བཏོན་ཡོད།གོང་གསལ་གྱི་དོ་དམ་ལྔའི་དགོངས་དོན་ལྟར། རྒྱ་ཆེའི་ཁྱིམ་བདག་རྣམས་ལ་སློབ་གྲྭ་དང་དགེ་རྒན་ཡོངས་ཀྱིས་ནན་ཏན་གྱིས་ལག་ལེན་མཐར་ཕྱིན་བྱེད་པའི་གནས་ཚུལ་ལ་ལྟ་སྐུལ་བྱེད་རྒྱུར་རེ་བ་བཅོལ་ཡོད་ཅིང་། དེ་དང་ཆབས་ཅིག ཁྱེད་ཀྱིས་སློབ་གསོའི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ་དང། རང་རྟོགས་ཀྱིས་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་དང་། བུ་ཕྲུག་བདེ་ཐང་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་རང་འགུལ་གྱིས“དོ་དམ་ལྔར”ཤུགས་སྣོན་རྒྱག་པ་དང་སློབ་མའི་ལུས་སེམས་བདེ་ཐང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་ཁྲོད་ཞུགས་པ་ལས་གཞན། 《ཁྱིམ་བདག་གི་ཁས་ལེན་ཡི་གེ》ཡི་ནང་དོན་གཞིར་བཟུང་སྟེ་སློབ་གསོའི་སྲིད་འཛིན་སྡེ་ཁག་དང་སློབ་གྲྭ། དགེ་རྒན་བཅས་ལ་བསམ་འཆར་འདོན་པ་དང་ལྟ་སྐུལ་བྱས་ཏེ་མཉམ་དུ་མི་དམངས་ཀྱི་ཡིད་ཚིམ་བློ་འབབ་པའི་སློབ་གསོ་སྒྲུབ་པར་འབད་བརྩོན་བྱ་དགོས།

གསུམ་པ།“དོ་དམ་ལྔ”ལག་བསྟར་བྱས་པའི་ཕན་ནུས།

སློབ་གསོའི་ཆུ་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས་སློབ་གྲྭ་ཆུང་འབྲིང་དུ་ད་དུང་གནད་དོན་འགའ་རེ་ལྷག་ཡོད། དེ་དག་ནི་རྒྱུ་རྐྱེན་ཕྱོགས་མང་པོ་མཉམ་དུ་འདུས་ནས་བྱུང་བ་རེད། དཔེར་ན། གོ་རིམ་ལ་བསམ་བློ་མི་འཁོར་བར་མཇུག་འབྲས་ལ་བསམ་བློ་འཁོར་དྲགས་པས་སློབ་མར་ལས་བྱ་ཚད་ལས་བརྒལ་བ་འཇོག་པ་དང།སློབ་མའི་ངལ་གསོ་ཡུན་མི་འདང་བ། ཁ་པར་ལས་དྲ་རྒྱ་སོགས་ལ་མགོ་འཁོར་ནས་རྣམ་གཡེང་གི་དབང་དུ་ཚུད་པ། དཔེ་དེབ་ཚད་ལྡན་བཀླག་ཐབས་མེད་པ། ལུས་སེམས་ཕྱོགས་ཡོངས་ནས་བདེ་ཐང་ངང་འཚར་ལོངས་འབྱུང་བཞིན་མེད་པ་བཅས་གནད་དོན་མང་པོ་ཞིག་ལྷགས་ཡོང་གིན་ཡོད་པ་རེད། ཐེངས་འདིར་རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གསོ་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས་བསྒྲགས་པའི་ཡིག་ཆའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་དོན་འཁྱོལ་བྱས་པ་བརྒྱུད“དོ་དམ་ལྔ”ལག་ཏུ་བསྟར་བས་སློབ་མའི་ལུས་སེམས་བདེ་ཐང་དང་སློབ་སྦྱོང་ཡར་རྒྱས་ཀྱི་ཕྱོགས་ལ་ཕན་འབྲས་ཆེན་པོ་ཐོན་ཡོད། གཅིག སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ལས་བྱ་ཚད་དང་ལྡན་པ་བཀོད་སྒྲིག་བྱས་པས་སློབ་མའི་ངལ་གསོ་དང་ལུས་སྦྱོང་སོགས་ལ་ཆུ་ཚོད་འདང་ངེས་ཤིག་བཀོད་སྒྲིག་བྱེད་ཐུབ་པ། གཉིས། སློབ་མ་དུས་ལྟར་ངལ་གསོ་བྱེད་དུ་བཅུག་པས་སློབ་ཁྲིད་སྐབས་སུ་རྣམ་རིག་གསལ་བ་དང་སློབ་སྦྱོང་གི་ཕྱོགས་ལ་བརྩོན་སེམས་སྔར་ལས་ཇེ་ཆེར་སོང་ཡོད། གསུམ། སློབ་མའི་ཁ་པར་ལ་དོ་དམ་བྱས་པའི་དབང་གིས་ཆུ་ཚོད་འཕྲོ་བརླག་ཏུ་མི་གཏོང་བ་དང་སློབ་མའི་བློ་ཁ་སློབ་སྦྱོང་གི་ཕྱོགས་སུ་འཁོར་ཐུབ་ཡོད། བཞི། དཔེ་ཆ་ཀློག་པ་ནི་གལ་ཆེན་ཡིན་ལ་དཔེ་ཆ་ཚད་ལྡན་ཀློག་པ་ནི་དེ་བས་ཀྱང་གལ་ཆེན་ཡིན། སློབ་མའི་དཔེ་ཀློག་ལ་དོ་དམ་བྱས་པའི་དབང་གིས་དཔེ་ཀློག་ཚད་དང་ལྡན་པ་དང་དཔེ་ཀློག་དོན་དང་ལྡན་པར་གྱུར། ལྔ། སློབ་མའི་ལུས་སེམས་ཕྱོགས་ཡོངས་ནས་འཕེལ་རྒྱས་འབྱུང་མ་ཐུབ་ན། དེ་ནི་བདེ་ཐང་གི་སློབ་གསོ་ཞིག་མིན་པས་ལུས་སེམས་ཕྱོགས་ཡོངས་ནས་བདེ་ཐང་ངང་འཕེལ་རྒྱས་འབྱུང་བར་བརྩོན་ལེན་བྱེད་པ་དང་། ལྷག་པར་དུ་སློབ་མའི་གཟུགས་གཞི་བདེ་ཐང་ཕྱོགས་ལ་དོ་དམ་བྱས་པའི་དབང་གིས་སློབ་མའི་གཟུགས་གཞི་བདེ་ཐང་འབྱུང་བར་ཕན་ཐོགས་ཆེན་པོ་བྱུང་ཡོད་དོ། །


* རྣམ་རྒྱལ་འབུམ། ཞིན་ཧེ་རྫོང་མི་རིགས་སློབ་འབྲིང་དང་པོ་རུ་ཕྱག་ལས་གནང་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1