ཕ་ཡུལ་མཛེས་པར་བརྒྱན།། ཡུལ་མིའི་འབྱོར་བ་རྒྱས།།

ཉི་མ་དངོས་གྲུབ་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་སྒྲ། སྤེལ་དུས། 03-30


——ཆུ་ཆེན་རྫོང་གིས་ཆང་བ་ལིའི་མེ་ཏོག་གི་དཔལ་འབྱོར་གྱིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་། 
      དཔྱིད་དཔལ་བུ་མོའི་འཛུམ་གྱི་ཁོ་ལག་རྣམ་པར་རྒྱས་དུས།། ཆང་བ་ལིའི་མེ་ཏོག་གང་སར་བཞད་པ་སྟོན་གྱི་བ་མོའི་རྗེས་སུ་འགྲོ།། ད་སྐབས། ཆུ་ཆེན་རྫོང་གི་ལི་སྡོང་སྐྱེད་ཚལ་དུ་མེ་ཏོག་གི་འདབ་བརྒྱ་ལྷུག་པར་གྲོལ་ཞིང་། དྲི་ཞིམ་གྱི་ངད་དང་འགྲོགས་ཏེ་རི་གྲོང་གི་གང་སར་མཛེས་སྡུག་གི་དཔལ་གྱིས་སྙེམས། འདིས་ནི་རང་བྱུང་གི་སྣོད་བཅུད་མཐའ་དག་མཛེས་པར་སྤུད་པས་མི་ཚད། གནས་འདིའི་ཡུལ་མིའི་འབྱོར་ཕྱུག་འཚོ་བའི་རྟེན་གཞི་ཞིག་ཏུའང་གྱུར་ཡོད།
      སྐབས་གསུམ་ས་ལ་འཕོས་འདྲའི་ལི་སྡོང་གི་སྐྱེད་ཚལ་དུ་བག་ཡངས་སུ་ཕེབས་ཚེ། ལི་སྡོང་གི་ཡལ་གའི་ཁྱོན་ཡོངས་སུ་ཕོན་པོར་བཞད་པའི་དཀར་གཙང་གི་མེ་ཏོག་རེ་རེ་ནི། དྲི་བཞོན་བུ་མོའི་གྲོགས་དང་བསྡོངས་ཏེ་ཁོར་ཡུག་ཀུན་ཏུ་དྲི་ངད་རྣམ་པར་ལྡང་། ཕྱོགས་སོ་སོ་ནས་དཔྱིད་དཔལ་ལོངས་སུ་སྤྱོད་པར་ཕེབས་པའི་ལྗོངས་སྐོར་པ་རྣམས་ནི་མེ་ཏོག་གི་རྒྱ་མཚོའི་དཔལ་ལ་རོལ་ཅིང་། དྲན་པའི་རྟེན་དུ་འདྲ་པར་བཏབ། ཕན་ཚུན་ཀུ་རེ་དང་ཀྱལ་ཀའི་དགོད་སྒྲ་མཚམས་མི་ཆད་པས། དཔྱིད་དཔལ་བུ་མོའི་སྒེག་ཉམས་ཀྱིས།། ལམ་གྱི་འགྲོན་པོའི་ཡིད་སེམས་བསླུས།། ཞེས་པའི་སྣང་བརྙན་གསོན་པོ་ཞིག་གྲུབ་འདུག

      ཁྲེང་ཏུའུ་ནས་ཡོང་བའི་ལྕམ་མོ་སུའུ་ཡིས་བཤད་ན། གནས་མཆོག་འདི་ཡི་ཆང་བ་ལིའི་མེ་ཏོག་གི་མཛེས་པ་ནི་སྨྲ་བསམ་གྱི་བརྗོད་པ་ལས་འདས་ཤིང་། ལྟ་བས་ཆོག་མི་ཤེས་པས། དཔྱིད་ཀྱི་ལྗང་མྱུག་འབུས་པའི་དུས་ཚིགས་འདིར། མཛེས་སྡུག་གནས་མཆོག་འདི་ནི་ངེས་པར་མི་ཡུལ་གྱི་དག་ཞིང་རེད་ཟེར།

      ཡིད་དུ་འོངས་པའི་ཁོར་ཡུག་ལས་ཀུན་ཡིད་དགའ་བའི་སྒོར་མོ་རྙེད་པ་སྟེ། ཉེ་བའི་ལོ་ཤས་རིང་། ཆུ་ཆེན་རྫོང་གིས་ཆང་བ་ལིའི་མེ་ཏོག་གིས་ཐོག་དྲངས་ཏེ། ལྗོངས་གཟིགས་དང་དམངས་སྲོལ། བག་ཡངས་བཅས་གཞི་གཅིག་ཏུ་བྱས་པའི་ཆང་བ་ལིའི་མེ་ཏོག་གི་དཔལ་འབྱོར་སྒོ་བྱང་ཤུགས་ཆེན་པོས་གསར་སྐྲུན་གྱིས། ལྗོངས་སྐོར་དང་ཞིང་ལས། ལྗོངས་སྐོར་དང་ཞིང་ཕྱུག་མཉམ་སྦྲེལ་གྱིས་གྲོང་གསེབ་ལྗོངས་སྐོར་དང་ཆང་བ་ལིའི་ཐོན་ལས་འཕེལ་རྒྱས་ལ་རམ་འདེགས་ཞུས། ཆང་བ་ལིའི་མེ་ཏོག་གི་དཔལ་འབྱོར་གྱི་ཕན་འབྲས་མྱངས་པའི་རྗེས་སུ། སྡེ་དམངས་རྣམས་ཀྱི་སིལ་སྡོང་འདེབས་འཛུགས་ཀྱི་ཧུར་སེམས་ཀྱང་དབྱར་མཚོ་བཞིན་དུ་རྒྱས་ཤིང་། ད་སྐབས། ཆུ་ཆེན་རྫོང་དུ་ལི་སྡོང་ཁྲི་100ལྷག་ཡོད་ཅིང་། རྒྱ་ཁྱོན་མུའུ་ཁྲི་4དང་། ལོ་རེའི་ཐོན་སྐྱེད་བསྡོམས་འབོར་སྤྱི་རྒྱ་ཁྲི་5000དང་། ལོ་རེའི་ཐོན་སྐྱེད་རིན་ཐང་སྒོར་ཁྲི་3000ཡོད་ཅིང་། ཆུ་ཆེན་རྫོང་ནི་ངེས་པ་དོན་གྱི་དཔྱིད་ཀྱི་དུས་སུ་ཆང་བ་ལིའི་སྡོང་བོའི་མེ་ཏོག་ལ་བལྟ་བ་དང་། དབྱར་གྱི་དུས་སུ་འབྲས་བུའི་རོ་མངར་མྱོང་བ། སྟོན་ལ་སྡོང་ལོ་དམར་པོར་བལྟ་བའི་ལྗོངས་སྐོར་གྱི་གནས་མཆོག་ཁྱད་པར་བ་ཞིག་ཏུ་གྱུར།
      སྡེ་དམངས་རྣམས་ཀྱིས་ཀྱང་ལི་སྡོང་དཔལ་འབྱོར་ལས་བྱུང་བའི་ཕྱུག་འགྱུར་གོ་སྐབས་དམ་དུ་བཟུང་སྟེ། སྤྲོ་གསེང་གླིང་ག་ཆེ་ཆུང་163ལྷག་ཆར་རྗེས་ཀྱི་ཤྭ་མོ་བརྡོལ་བ་བཞིན་བྱུང་། ཆིང་ཉིང་སྡེ་བའི་ཞ་ཙེ་པིང་ཀྱང་རང་ཁྱིམ་གྱི་ར་སྐོར་དུ་སྤྲོ་གསེང་གླིང་ག་བཟོས་ཤིང་། ལྗོངས་སྐོར་རྣམས་ཀྱིས་ཆང་བ་ལིའི་མེ་ཏོག་ལ་བལྟ་བའི་ཞོར་དུ་རི་གྲོང་གི་ཁྱད་ཆོས་ལྡན་པའི་ཟས་བཅུད་ལ་ཡང་རོལ་ཐུབ་པའི་ཚོང་ལས་གཉེར། ལོ་རེའི་མེ་ཏོག་བཞད་པའི་དུས་སྐབས་སུ། ཁོང་ཚང་གི་བཟའ་མི་ཚང་མ་འགྲུལ་བ་སྣེ་ལེན་གྱི་ལས་ལ་བྲེལ་ཅིང་། ཉིན་3ལ་ཡོང་འབབ་སྒོར་5000ལྷག་ཡོད། འདི་ནི་གྲོང་གསེབ་ལྗོངས་སྐོར་འཕེལ་རྒྱས་དང་ཡུལ་མིའི་ཡོང་སྒོ་འཕར་བའི་ཀུན་ཕན་གྱི་ལས་ཀ་མཆོག་གྱུར་ཞིག་ཡིན།
      ཁྲུང་ཆེང་གྲོང་ཁྱེར་ནས་ཡོང་བའི་ལྗོངས་སྐོར་བ་ལྕམ་མོ་ཕེང་ལགས་ཀྱིས་བཤད་ན།  ཆང་བ་ལིའི་མེ་ཏོག་བཞད་པའི་དུས་ཚིགས་སུ། མེ་ཏོག་གི་དྲི་ངད་ལྡང་བའི་སྤྲོ་གསེང་གླིང་ག་ཞིག་ཏུ། སླད་མེད་ཀྱི་ཕག་ཤ་བསྙལ་མ་དང་ཤ་རྒྱུ། བྱ་ཤ་དང་ཤཱ་མོའི་བཟའ་བཏུང་ལ་རོལ་བ་ནི་མི་ཚེ་ཡི་ལོངས་སྤྱོད་ཅིག་རེད། སང་ལོ་མེ་ཏོག་བཞད་དུས་ངས་བཟའ་མི་རྣམས་ཁྲིད་ནས་ཡང་བསྐྱར་ཡོང་རྩིས་ཡིན་ཟེར།  ཉིན་རེའི་ཟས་ཐུན་ལ་སླེབས་ཚེ། ལི་སྡོང་སྐྱེད་ཚལ་མཐའ་འཁོར་གྱི་སྤྲོ་སྐྱིད་གླིང་ག་ཚང་མར་བཟའ་བཏུང་ལ་རོལ་བའི་ལྗོངས་སྐོར་བས་གང་འདུག
      ཉེ་བའི་ལོ་ཤས་རིང་། ཆུ་ཆེན་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུས་ཆང་བ་ལི་དར་སྤེལ་གྱི་ལས་གཞི་རྒྱ་ཆེན་པོར་སྤེལ་བས། ཆང་བ་ལིའི་ཐོན་ཁུངས་མོད་པའི་དགེ་མཚན་རྩལ་འདོན་ཐུབ་པས། མེ་ཏོག་ལ་བལྟ་བར་ཕེབས་པའི་ལྗོངས་སྐོར་བ་ལོ་རེ་ནས་ལོ་རེ་བཞིན་ཇེ་མང་དུ་གྱུར། རྗེས་ཕྱོགས་སུ། ཆིང་ཉིང་སྡེ་བས་སྡེ་ཡུལ་མི་རྣམས་ལ་དམངས་སྲོལ་འགྲོན་ཁང་དང་། སྤྲོ་གསེང་གླིང་ག་དང་། ཞིང་ལས་ཐོན་རྫས་ཕྱིར་འཚོང་སོགས་ཀྱི་ལས་ཀ་སྔར་ལས་མང་དུ་གཉེར་བར་སྐུལ་འདེད་གཏོང་རྩིས་ཡིན། སྔར་ལས་ལྷག་པའི་མི་སེར་མང་པོ་ཞིག་ལ་ཆང་བ་ལིའི་མེ་ཏོག་དང་སྡོང་ལོ་དམར་པོའི་དགེ་མཚན་ལ་བརྟེན་ནས་ལྗོངས་སྐོར་གྱི་ཡོང་འབབ་མྱོང་ཐུབ་པར་བྱེད་རྒྱུ་ཡིན་ཞེས་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧོའུ་ཀྲེང་ཀྲུང་གིས་སྤོབས་པ་ཆེན་པོས་བཤད།
      ཆང་བ་ལིའི་མེ་ཏོག་གིས་བསྐྱལ་ཡོང་བ་ནི་གྲགས་སྐམ་ཙམ་མིན་པར། ས་གནས་ཀྱི་མང་ཚོགས་རྣམས་ཕྱུག་འགྱུར་གྱི་ལམ་བུ་མང་པོ་ཞིག་བཙལ་བ་རེད། ཉེ་བའི་ལོ་ཤས་རིང་། ཆུ་ཆེན་རྫོང་གིས་ཆང་བ་ལི་དང་འབྲེལ་བའི་ཐོན་རྫས་ཀྱི་ཕྱོགས་ལ་མཐོང་ཆེན་བྱས་ཤིང་། ཁེ་ལས་ཆེ་གྲས་མང་པོར་མཉམ་འབྲེལ་གྱིས་ཆང་བ་ལི་དང་འབྲེལ་བའི་སིལ་ཁུ་དང་མངར་ཆ། སིལ་ཆང་སོགས་ལས་སྣོན་གསར་སྐྲུན་བྱས་པའི་ཆང་བ་ལི་དང་འབྲེལ་བའི་ཐོན་རྫས་སྣ་མང་ཅན་དུ་བསྒྱུར། ཀུང་སི+རྟེན་གཞི+ཞིང་དུད་ཀྱི་ཞིང་ལས་ཐོན་ལས་ཅན་གྱི་རྣམ་པ་ཡིས་མི་སེར་རྣམས་ལ་ཕན་ཁེ་མང་པོ་བསྩལ།
      མ་འོངས་པ་ན། ཆུ་ཆེན་རྫོང་གིས་ཆང་བ་ལི་དར་སྤེལ་གྱི་འཐབ་ཇུས་དམིགས་སུ་བཟུང་སྟེ། ཆང་བ་ལིའི་ཐོན་ལས་དེ་ཞིང་ལས་སྟོབས་བསྐྱེད་དང་ཞིང་བ་ཕྱུག་འགྱུར་གྱི་སྣེ་ཁྲིད་ཐོན་ལས་སུ་འཛིན་པ་རྒྱུན་འཁྱོངས་ཀྱིས། ཆང་བ་ལིའི་མེ་ཏོག་དང་ལོ་མ་དམར་པོའི་ལྗོངས་སྐོར་སྤུས་རྟགས་མུ་རུ་བསྒྲུབ་པ་དང་། ལྗོངས་སྐོར་པ་མང་པོ་ཞིག་ཆང་བ་ལིའི་མེ་ཏོག་ལ་བལྟ་བ་དང་། ཆང་བ་ལིའི་རོ་བཅུད་ལ་མྱང་བ། སྡོང་ལོ་དམར་པོའི་མཛེས་ལྗོངས་ལ་རོལ་བ་བཅས་སུ་ཡིད་དབང་བཀུག་སྟེ། མཇུག་མཐར་མང་ཚོགས་ཕྱུག་བསྒྱུར་དང་། ཐོན་ལས་དར་རྒྱས། སྐྱེ་ཁམས་མཛེས་སྡུག་གི་དམིགས་ཡུལ་མངོན་འགྱུར་བྱ་ངེས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1