རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་མཚན་གྱི་རྣམ་གྲངས་ལ་རོབ་ཙམ་དཔྱད་པ།

ཕྱིན་དྲུག་སྐྱབས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-30


[གནད་བཏུས] རྗེ་བློ་བཟང་གྲགས་པར་ཡུལ་དང་རྟེན་ཁྱད་པར་བ་དང་། ཐུན་མོང་མ་ཡིན་པའི་སྤྲུལ་གཞི། ཁྱད་དུ་འཕགས་པའི་མཛད་འཕྲིན་སོགས་ཟུར་མི་འདྲ་བའི་སྒོ་ནས་མཚན་གྱི་རྣམ་གྲངས་ཁག་ཅིག་བྱུང་ཡོད། འདིར་དེ་དག་ཁུངས་དང་རྒྱུ་མཚན་ཅི་ལྟ་བུའི་སྒོ་ནས་གསོལ་ཚུལ་ལ་ཆེ་ལོང་ཙམ་དཔྱད་ཡོད།

[གནད་ཚིག] རྗེ་ཙོང་ཁ་པ། མཚན། རྣམ་གྲངས།
རྗེ་བློ་བཟང་གྲགས་པའི་མཚན་གྱི་རྣམ་གྲངས་ལས་གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ་དང་། རྒྱལ་བ་གཉིས་པ། མཉམ་མེད་ཙོང་ཁ་པ་བཅས་རེ་ཟུང་ལས་མཚན་གཞན་གྱི་རྣམ་གྲངས་ལ་ཆེད་དུ་དོ་སྣང་ཆེན་པོས་ཞིབ་འཇུག་བྱས་ཡོད་པ་མེད་པས། འདིར་ཁུངས་ཐུབ་ཀྱི་དཔྱད་གཞིའི་རྒྱུ་ཆར་དབྱེ་ཞིབ་དང་ལྟ་ཀློག་བྱས་ཏེ་རང་བློས་ལྕོགས་ཚོད་ཀྱིས་དཔྱད་ན།

གཅིག རྟེན་གྱི་སྒོ་ནས་གསོལ་བའི་མཚན།

ཁོང་སྐུ་འཁྲུངས་མ་ཐག་ནས་སྐྱེ་མཚན་གསོལ་མེད་པ་འདྲ་སྟེ། སྐུ་མ་བལྟམས་པའི་ཡར་སྔོན་དུ་ཆོས་རྗེ་དོན་གྲུབ་རིན་ཆེན་མཆོག་གིས་རྗེ་འདི་པའི་ཡབ་ཡུམ་གཉིས་ལ། ཁྱེད་གཉིས་ལ་བུ་བཟང་པོ་ཞིག་སྐྱེ་བས་གཙང་སྦྲ་ལ་འབད་དགོས་པར་བཀས་བསྐུལ་ཅིང་།“སྐུ་བལྟམས་པའི་སྔ་དྲོ་སྤྱིའི་རྟེན་འབྲེལ་བསྒྲིག་པའི་གསོལ་རས་དང་།ཁྱེའུ་ཆུང་ལ་མི་གཙང་བའི་སྐྱོན་བསྲུང་བའི་ཆེད་དུ་བདུད་རྩི་རིལ་བུ་དང་བསྲེས་པའི་རིལ་བུ། རིག་པ་གསལ་ཞིང་ཤེས་རབ་རྣོ་བའི་ཆེད་དུ་འཇམ་དབྱངས་ཀྱི་རིལ་བུ། གདོན་བགེགས་སོགས་ཀྱི་གནོད་པ་བསྲུང་བའི་ཆེད་དུ་སྔགས་མདུད། ཕྱིས་བསྟན་འགྲོའི་དོན་ཐོགས་མེད་དུ་རྒྱས་པའི་ཆེད་དུ་རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་བརྙན་བྱིན་རླབས་ཅན་དང་། བུ་ཆུང་ལ་གཙང་སྦྲ་བྱེད་དགོས་པ་སོགས་ཀྱི་ཡི་གེ་བཅས་ཉེ་གནས་ཚུལ་ཁྲིམས་གཙང་བ་ཞིག་ལ་བསྐུར།”①ཅེས་པར་དཔགས་ན། ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས“རྨི་ལམ་དུ་རྡོ་རྗེ་འཇིགས་བྱེད་དང་མཇལ་བས་བྱིན་གྱིས་བརླབ་པར་གསོལ་བ་བཏབ། ཁྱད་པར་དུ་ཞལ་ཡང་ཡང་བསྟན་དུ་གསོལ་ཞེས་ཞུས་པས། ཙོང་ཁའི་ཕྱོགས་སུ་ཞལ་གཟིགས་ནས། སང་ཕོད་ད་ཙམ་ལུང་བ་འདིའི་མདའ་རུ་འོང་། དེ་བར་བདེ་བར་གྱིས་གསུངས་བྱུང་བར། དེ་གང་ཡིན་དཔྱད་པའི་ཕྱིར་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས་ཁྱེད་ཀྱི་བུར་འདུག་པ་ཐུག་པ་ཡིན།”②འདི་ལྟར་ཆོས་རྗེ་ཉིད་ཀྱིས་རྗེ་བདག་ཉིད་ཆེན་པོ་དཔལ་རྡོ་རྗེ་འཇིགས་བྱེད་དངོས་ཡིན་པ་གཟིགས་པས། ཐུན་མོང་སྣང་ངོར་སྐྱེ་མཚན་མ་གནང་བར་གསང་རྒྱ་མཛད་པ་ཡིན་ནམ་སྙམ།དགུང་ལོ་གསུམ་པ་བཞེས་པའི་ཚེ་ན།“ཆོས་རྗེ་ཀརྨ་རོལ་པའི་རྡོ་རྗེ་ལས་དགེ་བསྙེན་གྱི་སྡོམ་པ་ཡོངས་སུ་རྫོགས་པར་མནོས་ཏེ། མཚན་ཡང་ཀུན་དགའ་སྙིང་བོ་ཞེས་བཏགས་སོ། །”③ཞེས་དང་།“ཤར་ཕྱོགས་ཀྱི་ཞིང་དཔལ་གྱི་སྙིང་བོ་རབ་ཏུ་རྒྱས་པས་བརྒྱན་པ་ན་སངས་རྒྱས་དཔལ་དམ་པའི་སྙིང་གི་མུན་པ་སེལ་བ་རིན་ཆེན་འོད་ཀྱི་གཙུག་ཅེས་བྱ་བ་ཐེག་ཆེན་འབའ་ཞིག་གསུང་བ་སོགས་སངས་རྒྱས་ཀྱི་ཞིང་འབྱམས་ཀླས་པ་གཟིགས།”④ཞེས་འབྱུང་བར་བརྟགས་ན། ཆོས་རྗེ་ཀརྨ་རོལ་པས་ཐུབ་བསྟན་གྱི་སྙིང་བོ་གསལ་བར་བྱེད་ཅིང་།ཐེག་ཆེན་གྱི་ཆོས་འཚོལ་བ་འབའ་ཞིག་དོན་དུ་གཉེར་བའི་རྗེ་བདག་ཉིད་ཆེན་པོ་གང་དུ་འཁྲུངས་སའི་ཡུལ་དང། མཛད་པ་འཕྲིན་ལས་ཅི་བཞེས་སོགས་སྔོན་ནས་གཟིགས་ཏེ། མཚན་ལ“ཀུན་དགའ་སྙིང་བོ”ཞེས་གསོལ། འདི་ནི་རྟེན་གྱི་སྒོ་ནས་གསོལ་བའི་མཚན་ཐོག་མ་ཡིན་པར་རྣམ་ཐར་ཐམས་ཅད་ཞལ་མཐུན་པ་རེད།དགུང་ལོ་བདུན་ལ་ཉེ་བའི་དུས་ན། “བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་དྲིལ་བུ་པ་དང་། ཀྱེ་རྡོ་རྗེ་དང་ཕྱག་ན་རྡོ་རྗེ་ལ་སོགས་པའི་དཀྱིལ་འཁོར་དུ་བཅུག་ཅིང་དབང་བསྐུར། གསང་མཚན“དོན་ཡོད་རྡོ་རྗེ”ཞེས་བཏགས།”⑤འདི་ལ“སྔར་གྱི་གསང་མཚན་དོན་ཡོད་རྡོ་རྗེ་ཡིན་པ་དང་། ཀརྨ་བཛྲ་ཡང་དོན་གྲུབ་ཀྱི་རིགས་ཀྱི་མིང་དུ་འདུག་པས། ”⑥ཞེས་གསུངས་པས་རྒྱལ་བ་དོན་ཡོད་དོན་གྲུབ་ཀྱི་རིགས་སུ་གྱུར་པ་མཚོན་ནོ། །དེ་ལྟར་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་རྗེ་བློ་བཟང་གྲགས་པ་རང་གི་མིག་འབྲས་བཞིན་གཅེས་ཤིང་བསྲུངས་པར་མཛད། དགུང་ལོ་བདུན་པར་ཆོས་རྗེ་ཉིད་ཀྱིས་མཁན་པོ་དང་། ཏ་དབེན་གཞོན་ནུ་སེང་གེ་ཞེས་གྲགས་པའི་སློབ་མ་གཞོན་ནུ་བྱང་ཆུབ་ཅེས་བྱ་བས་དགེ་ཚུལ་གྱི་སློབ་དཔོན་མཛད་དེ། ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་མནོས་ཤིང་། མཚན་ལ་བློ་བཟང་གྲགས་པ་ཞེས་གསོལ་ལོ། ། ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་མཆིམས་བློ་བཟང་གྲགས་པའི་སྤྱར་སྔར་མདོ་སྔགས་ཀྱི་ཆོས་གསན་པའི་སྐབས་ཤིག་ལ“བླ་མའི་ཞལ་ནས། ཁྱོད་ཀྱི་གནས་དང་གདུལ་བྱ་མདོ་སྨད་དུ་ཡོད། ཁྱད་པར་ཤ་སྦྲང་དང་བྱ་ཁྱུང་ཟེར་བའི་གནས་གཉིས་སུ་དགོན་པ་ཐོབ་ལ་བཤད་སྒྲུབ་ཀྱི་བསྟན་པ་གང་འཕེལ་གྱིས། སྒོས་སུ་བྱ་ཁྱུང་དུ་སྒྲུབ་པ་གཙོ་བོར་མཛོད། དེ་དུས་ཁྱོད་ལ་སློབ་མ་མཁས་གྲུབ་ཉིས་འཛོམས་འོངས་པའི་ནང་ནས་འགྲན་ཟླ་དང་བྲལ་བ་གཅིག་འབྱུང་བས་དེ་རབ་ཏུ་བྱུང་དུས་བློ་བཟང་གྲགས་པ་ཞེས་ངའི་མིང་འདི་ཐོགས།”①ཞེས་ཁོང་གི་བླ་མའི་བཀའ་ལྟར་བློ་བཟང་གྲགས་པ་ཞེས་ཡོངས་སུ་གྲགས་པའི་རབ་བྱུང་གི་མཚན་འདི་གསོལ་ཏོ། །

གཉིས། ཡུལ་གྱི་སྒོ་ནས་བཞེས་པའི་མཚན།

རྗེ་བློ་བཟང་གྲགས་པའི་འཁྲུངས་ཡུལ་ནི་མདོ་སྨད་ཙོང་ཁའི་ཡུལ་ཡིན་པས། ཡུལ་མིང་ལ་བདག་པོའི་སྒྲ་དང་བཅས“ཙོང་ཁ་པ”ཞེས་ད་ལྟའི་བར་དུ་ཀུན་ལ་གྲགས་པར་གྱུར། འདི་ལ“ཙོང་ཁ་པ”དང“བཙོང་ཁ་པ”ཞེས་བས་འཕུལ་ཡོད་མེད་གཉིས་འབྱུང་ཞིང་། རྒྱུན་འབྱམས་སུ་ཙོང་ཁ་པ་ཞེས་སྤྱོད་ཆེ་ཡང་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་དགའ་ལྡན་ཆོས་འབྱུང་དུ་བཙོང་ཁ་པ་ཞེས་འབྱུང་། ཙོང་ཁ་ཞེས་པའི་ཡུལ་མིང་ཐོགས་དོན་ལ་རི་ཙོང་མང་དུ་སྐྱེ་སའི་གནས་ཡིན་པས་ཆ་ནས་ཙོང་ཁ་དང་།
ཉོ་བཙོང་མང་སའི་གནས་ཡིན་པས་ཆ་ནས་བཙོང་ཁ་ཞེས་སྒྲ་བཤད་ཀྱི་རྣམ་པ་རིགས་གཉིས་མཆིས།གཞན་རྗེ་འདིས་མཛད་པའི་ལྟ་བའི་ལེགས་བཤད་ཆེན་མོ་ལྔ་དང་། ལམ་སྔགས་གཉིས། བསྟོད་ཆེན་བཞི་སོགས་ཁོང་གི་བཀའ་རྩོམ་ཕལ་ཆེ་བའི་མཛད་བྱང་དུ“ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ”ཞེས་སྦྱར་ཡོད་པ་དང་། ཕྱིས་སུ་དེ་ལ་བརྟེན་ནས་མཁས་གྲུབ་སྨྲ་བའི་ཁྱུ་མཆོག་དག་གིས་བདག་ཉིད་ཆེན་པོར་ངག་ཚིག་མེ་ཏོག་གི་མཆོད་པ་ཕོན་ཆེན་པོར་ཕུལ་བའི་ནང“ཤར་ཙོང་ཁ་པ”ཞེས་འབྱུང་། དམ་པ་གང་གི་ནང་ཐུགས་ཀྱི་སྲས་གཅིག་པུ་མཁས་གྲུབ་ཐམས་ཅད་མཁྱེན་པས།“བདག་ཉིད་ཆེན་པོ་འདི་ཐོག་མར་སྐུ་བལྟམས་པའི་མཛད་པ་གང་དུ་བསྟན་པའི་ཡུལ་ནི། མདོ་ཁམས་སྨད་ཀྱི་སའི་ཆ། ཤར་ཙོང་ཁ་ཞེས་གྲགས་པ།”②འདིའི་སྐབས་ཀྱི་ཤར་སྒྲ་དང་བཅས་པའི་ཙོང་ཁ་ནི་ཙོང་ཁའི་ཡུལ་བྱེ་བྲག་པ་ཞིག་གི་དོན་དུ་འགྱུར་ལ། “ཙོང་ལ་རིང་མོའི་ནུབ་ངོས་དང་ཙོང་ཆུའི་ལྷོ་ངོས་ཀྱི་བར་མཚམས་ཀྱི་རི་ལུང་ཐང་གསུམ་ལ་ཤར་ཙོང་ཁའི་ཡུལ་ཞེས་བྱའོ། །”③ཞེས་ཤར་ཙོང་ཁ་ནི། འཁྲུངས་ཡུལ་བྱེ་བྲག་པའི་ཡུལ་མིང་ཡིན།གཞན་ད་དུང“བྱང་ཙོང་ཁ་པ”④ཞེས་ཡོངས་སུ་མ་གྲགས་པའི་མཚན་འཛིན་ཚུལ་ཡང་ཡོད་དོ། །

གསུམ། སྤྲུལ་གཞིའི་སྒོ་ནས་བཞེས་པའི་མཚན།

རྗེ་བློ་བཟང་གྲགས་པར་སྤྲུལ་གཞིའི་ཆ་ནས་མཚན་གྱི་རྣམ་གྲངས་ཁག་ཅིག་བྱུང་ཡོད་དེ། སྔོན་རྗེ་བཙུན་བརྟན་པའི་འཁོར་ལོའི་ཐུགས་ཀྱི་སྲས་སུ་གྱུར་པའི་སྤྲུལ་གཞིའི་དབང་དུ་བཏང་ན། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྲས་སུ་གྱུར་ཏེ་འཁོར་དང་བཅས་པ་དེ་བཞིན་གཤེགས་པ་དབང་བོའི་ཏོག་གི་མདུན་སར་“ཁྱོད་ནི་བྱང་ཆུབ་སེམས་དཔའ་སྙིང་སྟོབས་ཆེན་པོའོ་ཞེས་དབུགས་དབྱུང་ཞིང་། དེ་ནས་བཟུང་སྟེ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུའང་བདག་ཉིད་ཆེན་པོའི་མཚན་ལ་བྱང་ཆུབ་སེམས་དཔའ་སྙིང་སྟོབས་ཆེན་པོར་གྲགས་སོ། །”①མཚན་འདི་ནི་བདག་ཉིད་ཆེན་པོས་ཞུམ་པ་མེད་པའི་སྒྲ་དབྱངས་ཀྱིས།“དེང་ནས་བརྩམས་ཏེ། ལུས་དང་སྲོག་ལ་མི་ལྟ་བར། མ་དག་པའི་ཞིང་གྲངས་མེད་པར་ཟབ་མོ་དབུ་མའི་ལམ་དང་འབྲེལ་བའི་རྡོ་རྗེ་ཐེག་པའི་ལམ་བཟང་རྒྱས་པར་བྱའོ། །”②ཞེས་ཐེག་ཆེན་གྱི་ཆོས་འཚོལ་བ་འབའ་ཞིག་ལྷུར་བཞེས་ལ་ཐུགས་སྨོན་རྒྱ་ཆེར་མཛད་དེ་སྙིང་སྟོབས་ཆེས་ཆེར་རྒྱས་པས་དེ་བཞིན་གཤེགས་པ་དབང་བོའི་ཏོག་གིས་གནང་བ་ཡིན་ནོ། ། ཕྱིས་སུ་མཚན་འདིའི་སྒོ་ནས་བསྟོད་པ་མཛད་པའི་གསུང་རྩོམ་མང་སྟེ། མཚན་གཞི་ལྟ་བུ་ཞིག་དྲངས་ན། ཞང་སྟོན་བསྟན་པ་རྒྱ་མཚོའི་གསུང་ལས།“རྣམ་འདྲེན་དབང་བོའི་ཏོག་གིས་བགྲང་ཡས་འཁོར་ལ་ཟབ་རྒྱས་བདུད་རྩིའི་དགའ་སྟོན་འགྱེད་པའི་མདུན་ས་ཆེར། ། ལྟ་སྤྱོད་ཟུང་འབྲེལ་ལམ་བཟང་ཕྱོགས་མཐར་སྤེལ་བའི་དམ་བཅའ་འགྱུར་མེད་ཚངས་པའི་དབྱངས་སུ་བསྒྲགས་པའི་ཚེ། ། སྲས་བཅས་རྒྱལ་བས་སྙིང་སྟོབས་ཆེན་པོར་རབ་བསྔགས་བློ་གྲོས་བཟང་བོའི་གྲགས་པ་སྲིད་ན་མངོན་མཐོ་བ། །”③ཞེས་མངོན་པར་འཕགས་པའི་མཛད་བཟང་ལ་རྒྱལ་བ་སྲས་བཅས་ཀྱིས་ལེགས་སོ་དང་བསྟོད་བསྔགས་གནང་བ་གཞིར་བྱས་ཏེ། སྙིང་སྟོབས་ཆེན་པོའི་མཚན་གྱི་ཟུར་ནས་མཆོད་པར་བརྗོད་པ་ལྟ་བུའི་མཚོན་ནོ། །འབྱུང་འགྱུར་གྱི་སྤྲུལ་གཞིའི་དབང་དུ་བཏང་ན། རྗེའི་བསྟོད་པ་ས་གསུམ་མར།“རྒྱལ་བའི་སྤྱན་སྔར་བྱང་ཆུབ་སྤྱོད་པ་བླངས། ། དགའ་ལྡན་གནས་སུ་འཇམ་དཔལ་སྙིང་པོར་གྲགས། །”④ཞེས་གསུངས་པ་ལས་དགའ་ལྡན་གྱི་ཞིང་དུ་རྒྱལ་བ་མ་ཕམ་པའི་སྲས་ཀྱི་ཐུ་བོ་འཇམ་དཔལ་སྙིང་བོར་འགྱུར་ཞེས་སོ། །གཞན་ཡང་།“མདོ་སྡེ་གདམས་ངག་འབོག་པའི་རྒྱལ་པོའི་བསྟན་པ་དྭངས་སྙིགས་འབྱེད་པའི་ལེའུར། དེ་ནས་འཕོས་ནས་ཤར་ཕྱོགས་ཀྱི། ། རྨད་བྱུང་བཀོད་པའི་འཇིག་རྟེན་དུ། ། སེང་གེའི་ང་རོ་ཞེས་བྱར་འགྱུར། །”⑤ཞེས་དང་། ལབ་སྒྲོན་གྱི་ལུང་བསྟན་དུ། “སྙིགས་དུས་ལོག་སྤྱོད་བོད་ཡུལ་འབྱུང་བའི་ཚེ། ། དགེ་སློང་ཚུལ་འཛིན་གྲགས་པའི་མཚན་ཐོགས་ཏེ། ། གང་གི་ཞིང་དུ་སེང་གེའི་ང་རོར་གྲགས། །”⑥ཞེས་དུས་ངེས་པ་དང་ཡུལ་ངེས་པ། ཡུལ་ཅན་གང་ཟག་ངེས་པ་བཅས་ཀྱི་སྒོ་ནས་ལུང་བསྟན་གནང་ཡོད། ཐུན་མོང་བའི་བློ་ངོར་འཚམ་པའི་རྟགས་དང་ལྟས་ཁྱད་པར་བའི་དབང་དུ་བྱས་ན།“ལྟེ་བའི་མཚལ་ཐིགས་ས་ལ་འཕོས་པ་ལས། ། ཙན་དན་ལྗོན་པ་ལོ་མ་འབུམ་ཕྲག་ཅན། ། སེང་གེ་ང་རོའི་སྐུ་ཡིས་བརྒྱན་པ་འཁྲུངས། ། སྔ་རབས་གཞན་ལ་མེད་པའི་རྣམ་ཐར་ཡིན། །”①ཞེས་གསུངས་པ་བཞིན་ད་ལྟའི་སྐུ་འབུམ་བྱམས་པ་གླིང་གི་གསེར་སྡོང་ཆེན་མོའི་གནས་སུ། ཡུམ་གྱི་མངལ་ལས་བྱོན་ཏེ་ལྟེ་བའི་མཚལ་ཐིགས་ས་ལ་འཕོས་པའི་གནས་སུ་ཤིང་ཙན་དན་གྱི་ལྗོན་པའི་ལོ་མར་རྒྱལ་བ་སེང་གེའི་ང་རོའི་སྐུ་རང་བྱོན་དུ་བབས་པར་གྱུར་ཅེས་གྲགས། འདི་ལ་མཁས་གྲུབ་རྗེའི་བསྟོད་པ་རྣམ་དག་གངས་རི་མར།“སངས་རྒྱས་ཞིང་མང་བརྒལ་བའི་བྱང་ཤར་མཚམས། ། ངོ་མཚར་རྨད་བྱུང་བཀོད་པའི་འཇིག་རྟེན་དུ། །དེ་བཞིན་གཤེགས་པ་སེང་གེའི་ང་རོ་ཞེས། ། མངོན་པར་རྫོགས་པར་མྱུར་དུ་འཚང་རྒྱ་འགྱུར། །”②ཞེས་གསུངས། དེ་བས“རྒྱལ་བ་སེང་གེའི་ང་རོ”ཞེས་པའི་མཚན་འདི་ནི་བདག་ཉིད་ཆེན་པོ་མ་འོངས་པར་རྒྱལ་བ་གང་གི་ངོ་བོར་འཚང་རྒྱ་བའི་སྒོ་ནས་བཞེས་པའི་མཚན་དུ་མངོན་ནོ། །

བཞི། ཕྱིས་བྱུང་མཁས་པས་ཞུས་པའི་མཚན།

དེ་ཡང་ཀརྨ་རོལ་བའི་རྡོ་རྗེས།“དབུས་ཀྱི་ཕྱོགས་སུ་སློབ་གཉེར་ལ་ཕྱིན་ན་སངས་རྒྱས་གཉིས་པ་ལྟ་བུ་ཞིག་འོངས།”③ཞེས་འབྱུང་འགྱུར་གསལ་བའི་ལུང་གིས་བསྔགས་ཤིང་། དེ་བཞིན་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དག་གི་ལས་སུ་བྱ་བ་ནི་གཉིས་ཏེ། ཀློག་པ་ཐོས་བསམ་གྱི་རིམ་པ་དང་། སྒྲུབ་པ་བསམ་གཏན་གྱི་རིམ་པའོ་ཞེས་པ་བཞིན་རྗེ་བློ་བཟང་གྲགས་པ་དབུས་སུ་ཕེབས་ཏེ་དཀའ་སྤྱད་ཆེན་པོས་སློབ་གཉེར་གྱི་སྒོ་ཀུན་ལྷུར་བཞེས་ལ། དབུས་ཀྱི་གྲྭ་ས་ཆེན་པོ་རྣམས་སུ་གྲྭ་སྐོར་མཛད་དེ་སྙན་པའི་བ་དན་ས་གསུམ་ཁྱོན་ལ་བཙུགས། སྒོས་སུ་སྟོན་པ་བཅོམ་ལྡན་འདས་ཀྱི་གསུང་རབ་ཐམས་ཅད་རྒྱལ་བའི་དགོངས་པ་ཇི་བཞིན་འགྲེལ་བ་ལ་བློ་ཐོགས་མེད་དུ་རྒྱས་ཏེ། 《རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྒྱ་ཆེར་བཤད་པ་སྒྲོན་གསལ》དང་། 《གསང་འདུས་མན་ངག་རིམ་ལྔ་གསལ་སྒྲོན》 《དྲང་བ་དང་ངེས་པའི་དོན་རྣམ་པར་ཕྱེད་པའི་ལེགས་བཤད་སྙིང་བོ》སོགས་རྒྱལ་བའི་གསུང་རབ་ཀྱི་དགོངས་འགྲེལ་མཐའ་ཆོད་པ་མང་དུ་གསུངས། མཁས་གྲུབ་རྗེས།“རྒྱལ་བའི་དགོངས་པ་འགྲེལ་བར་རྒྱལ་བ་ཉིད་ཀྱིས་ལུང་བསྟན་བརྙེས་པའི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་རྣམས་ཀྱིས་ཇི་ལྟར་བཀྲལ་བའི་དགོངས་དོན་འབྱེད་པ་ལ་འཁྲུལ་བའི་དྲི་མ་ཙམ་ཡང་མི་མངའ་བས་བསྟན་པ་རིན་པོ་ཆེ་མི་ནུབ་པའི་རྒྱལ་མཚན་འཛིན་པ་ཐམས་ཅད་ཀྱི་ནང་ན་སྟོན་པ་གཉིས་པ་ལྟ་བུར་གྱུར།”④ཅེས་དང་། གུང་ཐང་བསྟན་པའི་སྒྲོན་མེས།“གསང་སྔགས་འཇིག་རྟེན་སྤྱོད་པ་དང་། ། ལྟ་བ་ཡིད་བྱེད་བཀག་ཙམ་དུ། ། གྱུར་ཚེ་དབང་བོའི་ཏོག་གི་དྲུང་། ། དམ་བཅས་བཞིན་དུ་ཁྱོད་ཀྱིས་གསོས། ། སངས་རྒྱས་མཛད་པ་བྱེད་པ་རུ། ། ལུང་བསྟན་པ་ཡང་མཆོག་འདི་སྟེ། ། གང་ལས་ཁྱོད་ནི་རྗེས་དྲན་པའི། ། ཡོན་ཏན་ཟླ་དང་བྲལ་བའང་འདི། །”⑤ཞེས་གསུངས་པ་བཞིན་སངས་རྒྱས་གཉིས་པ་ལྟ་བུར་བསྔགས་པའོ། །ད་ལྟར་རྒྱུན་འབྱམས་སུ་གྱུར་པའི་རྗེ་རིན་པོ་ཆེ་ཞེས་པའི་མཚན་ནི་རྣམ་ཐར་རིམ་བྱུང་གུང་བསྒྲིགས་ན།《རྣམ་ཐར་དད་པའི་འཇུག་ངོགས》དང་། རྣམ་ཐར་འདི་ཡི་རྩོམ་གདན་དུ་གྲགས་པའི《རྗེ་བཙུན་ཙོང་ཁ་པ་ཆེན་པོའི་རྣམ་ཐར་ངོ་མཚར་ཅན》 གཞན《གསང་བའི་རྣམ་ཐར་རིན་པོ་ཆེའི་སྙེ་མ》བཅས་སུ་སྔ་རྗེས་སུ་བྱུང་ཡོད་ཅིང་། རྣམ་ཐར་འདི་གསུམ་ནི་རྗེའི་བུ་སློབ་རྣམས་ཀྱིས་བརྩམས་པའི་རྣམ་ཐར་སྔ་གྲས་སུ་འདུག་པ་དང་། འདི་གསུམ་ལས་ཀྱང《རྣམ་ཐར་དད་པའི་འཇུག་ངོགས》ནི་ཕྱིས་ཀྱི་རྣམ་ཐར་དག་གི་ཕྱི་མོར་འཁྱེར་བ་རེད། འདི་དང《གསང་བའི་རྣམ་ཐར་རིན་པོ་ཆེའི་སྙེ་མ》གཉིས་ལས། 《རྣམ་ཐར་དད་པའི་འཇུག་ངོགས》སྔ་བར་སྣང་སྟེ། 《གསང་བའི་རྣམ་ཐར་རིན་པོ་ཆེའི་སྙེ་མ》རུ“བླ་མ་དབུ་མ་པ་དང་མཇལ་བ་ཡན་ཆད་ཀྱི་རྣམ་པར་ཐར་བ་ནི་ཐུན་མོང་བར་བརྗོད་ཟིན་པ་ལྟར་རོ། །”①ཞེས་པས་གསལ་མོད། 《རྣམ་ཐར་དད་པའི་འཇུག་ངོགས》ཀྱི་རབ་བྱེད་དྲུག་པའི་སྐབས་སུ།“རྒྱུ་མཚན་ཆེས་ཞིབ་པ་ཉིད་དུ་ཁོ་བོ་ལ་བསྙད་པར་བྱ་བ་ཡོད་མོད་ཀྱི། འོན་ཀྱང་ཚོགས་སུ་བསྒྲག་པར་མ་གནང་བས་མ་བྲིས་ལ། ཅུང་ཟད་བརྡ་གོ་བར་ནུས་པ་ཙམ་ཞིག་རྣམ་ཐར་ཐུན་མོང་མ་ཡིན་པར་བརྗོད་ཟིན་ཏོ། །”②ཞེས་བྱ་བར་དཔགས་ན་མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་གསུངས་པའི་རྣམ་ཐར་ཐུན་མོང་མ་ཡིན་པ་ནི《གསང་བའི་རྣམ་ཐར་རིན་པོ་ཆེའི་སྙེ་མ》ཡིན་པས། 《རྣམ་ཐར་དད་པའི་འཇུག་ངོགས》ཀྱི་རབ་བྱེད་དྲུག་པ་ནི《གསང་བའི་རྣམ་ཐར་རིན་པོ་ཆེའི་སྙེ་མ》བྲིས་རྗེས་སུ་ཐུན་མོང་བའི་རྣམ་ཐར་ལ་ཁ་སྐོང་དུ་བྲིས་པའི་སྣང་བ་ཞིག་སྟེར། གང་ལྟར། བླ་མ་དབུ་མ་པ་དང་མ་མཇལ་བའི་ཡར་སྔོན་གྱི་ཐུན་མོང་བའི་རྣམ་ཐར་གཞིར་བྱས་ན། རྗེ་རིན་པོ་ཆེ་ཞེས་པའི་མཚན་འདི་ནི་རྗེ་བཙུན་རེད་མདའ་བ་དང་ཞལ་མཇལ་བ་ནས་ཐོགས་པར་མངོན་ཏེ།“རྗེ་རིན་པོ་ཆེ་འདི་ཉིད་ཀྱིས་ཀྱང་རྒྱལ་བའི་གསུང་རབ་ཀྱི་དྲང་ངེས་རྣམ་པར་འབྱེད་པའི་ཤིང་རྟ་ཆེན་པོ་དག་གི་ལམ་སྲོལ། དབུ་ཚད་ཀྱི་རིགས་པའི་སྒོ་དང་པོ་རྗེ་བཙུན་འདི་ཉིད་ལས་རྙེད་པས། དེའི་ཕྱིར་འགྲན་ཟླ་མེད་པའི་བླ་མ་གཙོ་བོར་མཛད་པ་ཡིན་ནོ། །”③ཞེས་པའི་སྐབས་སུ་རྗེ་རིན་པོ་ཆེ་ཞེས་པའི་མཚན་འདི་བཟུང་ཡོད་པ་ལས། རྗེ་བཙུན་རེད་མདའ་བ་དང་ཞལ་མ་མཇལ་གོང་གི་རྣམ་པར་ཐར་བའི་ཚུལ་བརྗོད་པའི་སྐབས་སུ་རྗེ་རིན་པོ་ཆེ་ཞེས་པའི་མཚན་འདི་མ་མཐོང་། དེས་ན། རྗེ་རིན་པོ་ཆེ་ཞེས་པའི་མཚན་འདི་ནི་རྗེ་བཙུན་རེད་མདའ་བ་དང་ཞལ་མཇལ་བ་འབའ་ཞིག་ལ་རག་ལས་པར་འགྱུར་བའི་བློ་ཉི་ཚེ་བ་ཞིག་ཅིས་ཀྱང་སྟེར་བར་བྱེད།

གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ་ཞེས་ཀྱང་ཞུ་ཞིང་། མཚན་འདི་ནི་རྗེ་ཙོང་ཁ་པ་དང་རྗེ་བཙུན་རེད་མདའ་བ་རྣམ་པ་གཉིས་ལ།“དེང་སང་གཙང་ན་མཁས་པ་རེད་མདའ་བ། དབུས་ན་མཁས་པ་ཙོང་ཁ་པ།”④ཞེས་གྲགས་པའི་སྐབས་སུ་རྗེ་ཙོང་ཁ་པས་རྗེ་བཙུན་རེད་མདའ་བ་ལ།“དྲི་མེད་མཁྱེན་པའི་དབང་བོ་འཇམ་པའི་དབྱངས། ། ཚད་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། ། གངས་ཅན་མཁས་པའི་གཙུག་རྒྱན་རེད་མདའ་བ། ། གཞོན་ནུ་བློ་གྲོས་ཞབས་ཀྱི་པདྨོར་འདུད། །
ཐར་འདོད་བུང་བ་བདག་ཀྱང་བསྐྱབ་ཏུ་གསོལ། །”ཅེས་མཁྱེན་བརྩེ་གཉིས་ཀྱི་སྒོ་ནས་གསོལ་འདེབས་ཀྱི་ཚུལ་དུ་བསྟོད་པ་ཕུལ་བ་ལ། རྗེ་བཙུན་རེད་མདའ་བས་རྗེས་སུ་དེ་ལ་ཚིག་ཟུར་སྤོས་ཏེ།“དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། ། དྲི་མེད་མཁྱེན་པའི་དབང་བོ་འཇམ་པའི་དབྱངས། ། གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ། ། བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །”②ཞེས་བསྟོད་པ་འདི་རྗེ་ཙོང་ཁ་པར་ཁྱོད་ལ་འོས་སོ་ཞེས་ཕྱིར་གནང་བར་གྲགས།“གཞན་ཡང་གནས་དེར་ཆོས་རྗེ་རྣམ་གསུམ་ནས་དབུ་ཚད་འདུལ་བ་ལ་སོགས་པའི་ཆོས་ཀྱི་འཁོར་ལོ་མང་དུ་བསྐོར། དེའི་སྐབས་ཤིག་རྗེ་ཙོང་ཁ་པས་རྗེ་བཙུན་རེད་མདའ་བ་ཆེན་པོ་།”③ཞེས་གསོལ་འདེབས་འདི་ཉིད་གོང་གི་ཚུལ་བཞིན་བརྗོད་ཡོད་པར་བརྟགས་ན། ཆོས་རྗེ་རྣམ་གསུམ་སྟེ་རྗེ་བཙུན་རེད་མདའ་བ་དང་རྗེ་ཙོང་ཁ་པ། ཆོས་རྗེ་ལོ་ཙཱ་པ་སྐྱབས་མཆོག་རྣམ་གསུམ་ཞལ་མངོན་པར་འཛོམས་པའི་གནས་ནི་ཨར་བྱང་ཆུབ་ཡེ་ཤེས་ཀྱི་གདན་ས་གནམ་རྩེ་ལྡིང་ཡིན་པ་དང་། གནས་འདི་རུ་རྣམ་པ་གསུམ་ཞལ་འཛོམས་པའི་དུས་སྐབས་གཞིར་བྱས་ན། རྗེ་ཙོང་ཁ་པ་དགུང་གྲངས་ཞེ་ལྔ་པ་ལྕགས་སྦྲུལ་ལོར་འདུག་པས། གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ་ཞེས་དགུང་གྲངས་ཞེ་ལྔ་བཞེས་པའི་དུས་སུ་ཞུས་པ་རེད། ཕྱིས་སུ“དབེན་ས་སྙན་བརྒྱུད་ལུགས་སུ། བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག་ཅེས་སྣོན་པར་མཛད་པ་སྟེ།”④གངས་ཅན་སྐྱ་སེར་རྒན་གཞོན་ཁྱད་མེད་པར་སྐྱེ་བོ་ཀུན་གྱི་ངག་ལ་ཆུ་ལྟར་བཞུར་བའི་རྗེ་རིན་པོ་ཆེར་མཁྱེན་བརྩེ་ནུས་གསུམ་གྱི་སྒོ་ནས་གསོལ་བ་འདེབས་པ་དམིགས་བརྩེ་མ་ཉིད་དུ་གྲགས་པ་འདི་ལགས་ཤིང་།སྐབས་དེ་ནས་བཟུང་རྗེ་རིན་པོ་ཆེར་གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ་ཞེས་གྲགས་པར་གྱུར། གཞན་ད་དུང་རྗེ་ཙོང་ཁ་པར་མཉམ་མེད་ཙོང་ཁ་པ་ཞེས་ཀྱང་ཞུ་བ་དང་། མཉམ་མེད་ཞེས་པའི་མཚན་ནི་མཉམ་མེད་ཤཱཀྱ་ཐུབ་པ། མཉམ་མེད་དྭགས་པོ་ལྷ་རྗེ། མཉམ་མེད་ཤེས་རབ་རྒྱལ་མཚན་ཞེས་རྒྱུ་མཚན་ངེས་ཅན་གྱི་སྒོ་ནས་མཉམ་མེད་ཅེས་མཚན་ཞུ་བའི་སྲོལ་སྔ་མོ་ནས་དར་ཡོད། དེ་བཞིན་རྗེ་ཙོང་ཁ་པར་ཡང་མཉམ་མེད་ཀྱི་སྒོ་ནས་མཚན་ཞུ་བའི་སྲོལ་དར་ཡོད།

རྗེ་ཙོང་ཁ་པར“འཇམ་མགོན་ཆོས་ཀྱི་རྒྱལ་པོ”ཞེས་གྲགས་པའི་སྐབས་ཀྱང་མི་ཉུང་ལ། ཕྱིས་ཀྱི་མཁས་པ་རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་བསྟོད་རྩོམ་རེ་ཟུང་དང་། འབྲུག་རྒྱལ་དབང་ཆོས་རྗེའི་རྣམ་ཐར་ཆེན་མོ་ཡིས་མཚོན་པའི་མཁས་པའི་གསུང་འགར་དེ་ལྟར་བཀོད་ཡོད། ཆོས་ཀྱི་རྒྱལ་པོ་ཞེས་པའི་མཚན་ནི་རྗེ་ཙོང་ཁ་པ་སྐུ་བཞུགས་དུས་ནས་གྲགས་ཡོད་པར་མཆིས་ཏེ། རྗེ་ཙོང་ཁ་པའི་གསུང་གི་གནང་བ་ཐོབ་རྗེས་རྗེ་ལེགས་བཟང་གིས་བརྩམས་པའི《རྗེ་བཙུན་ཙོང་ཁ་པའི་རྣམ་ཐར་ངོ་མཚར་ཅན》ཞེས་པ་རུ།“བདེ་བར་གཤེགས་པའི་མདོ་སྔགས་ཀྱི་ལུང་དང་རྟོགས་པའི་ཆོས་ཀྱི་རྒྱལ་སྲིད་མ་ལུས་པ་ལ་དབང་བྱེད་པའི་ཆོས་ཀྱི་འཁོར་ལོ་བསྒྱུར་རྒྱལ”①ཞེས་འབྱུང་བ་དང་། མཁས་གྲུབ་ཐམས་ཅད་མཁྱེན་པའི《བསྟོད་པ་དད་པའི་རོལ་མཚོའི》སྦྱར་བྱང་དུ“རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་གཅིག་ཏུ་བསྡུས་པའི་ངོ་བོ་རྗེ་བཙུན་བླ་མ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ”②ཞེས་འབྱུང་། དེ་བས་གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ་ཞེས་གྲགས་པའི་ལོ་ཚིགས་དང་། གཞོན་ནུ་ལེགས་བཟང་གི《རྗེའི་རྣམ་ཐར་ངོ་མཚར་ཅན》 རྩོམ་པའི་གནང་བ་ལོན་པའི་ལོ་ཚིགས་གཉིས་འབྲེལ་ན། རྗེ་ཙོང་ཁ་པའི་སྐུ་ཚེ་སྨད་ཙམ་ནས་ཆོས་ཀྱི་རྒྱལ་པོ་ཞེས་པའི་མཚན་འདི་ཐོགས་ཡོད་པར་སྣང་། དེ་ལྟ་ན་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཞེས་པའི་མཚན་ནི་སྔ་མའི་སྤྲུལ་གཞི་དང་སྐུ་ཚེ་འདིའི་མཛད་པ་ཟུང་གི་སྒོ་ནས་སྦྱར་བའི་ཀུན་བཤད་ཀྱི་མཚན་དུ་གྱུར་ཡོད་པ་རེད།

མཇུག་བསྡུ་བ།

མདོར་ན། རྗེ་ཙོང་ཁ་པར་མཚན་མི་འདྲ་བ་བཅོ་ལྔ་བྱུང་ཡོད་པ་དང་། དེ་དག་ནི་ལྷ་དང་ཡི་དམ། མཁན་པོ་དང་སློབ་དཔོན། རྗེ་ཙོང་ཁ་པ་ཁོང་རང་ཉིད་དང་ཁོང་གི་སློབ་མ་བཅས་ཀྱིས་ཡུལ་དང་རྟེན་ལ་གཞི་བྱས་པའམ། སྤྲུལ་གཞི་དང་མཛད་འཕྲིན་ལ་གཞི་བྱས་ཏེ་མཚན་གྱི་རྣམ་གྲངས་འདི་དག་བྱུང་བ་རེད། །


* ཕྱིན་དྲུག་སྐྱབས། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང2019ལོའི་གནའ་རྩོམ་རབ་འབྱམས་ཞིབ་འཇུག་སློབ་མ།


① ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས། རྗེ་ཙོང་ཁ་པའི་རྣམ་ཐར་ཆེན་མོ། [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2015:30.
② འབྲུག་རྒྱལ་དབང་ཆོས་རྗེ། འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་རྣམ་ཐར། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1981:102.
③⑤⑥མཁས་གྲུབ་དགེ་ལེགས་དཔལ་བཟང་། རྗེ་ཙོང་ཁ་པའི་རྣམ་ཐར་དད་པའི་འཇུག་ངོགས། [M] འབྲས་སྤུངས་བཀྲ་ཤིས་སྒོ་མང་དཔེ་མཛོད་ཁང་། 2018:6.7.45.
④ དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། [M] མི་རིགས་དཔེ་སྐྲུན་ཁང་། 2015:486.
①རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས། ཚེ་ཏན་ཞབས་དྲུང་རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གི་གསུང་འབུམ། གླེགས་བམ་གསུམ་པ། [M] མི་རིགས་དཔེ་སྐྲུན་ཁང་། 2007:15.
② མཁས་གྲུབ་དགེ་ལེགས་དཔལ་བཟང་། རྗེ་ཙོང་ཁ་པའི་རྣམ་ཐར་དད་པའི་འཇུག་ངོགས། [M] འབྲས་སྤུངས་བཀྲ་ཤིས་སྒོ་མང་དཔེ་མཛོད་ཁང་། 2018:4.
③གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ། སྐུ་འབུམ་བྱམས་པ་གླིང་གི་གདན་རབས་དོན་ལྡན་ཚངས་པའི་དབྱངས་སྙན། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1986:27.
④རྗེ་བཙུན་རེད་མདའ་བའི《དམ་པའི་ཆོས་མངོན་པ་ཀུན་ལས་བཏུས་པའི་རྒྱ་ཆེར་འགྲེལ་བ་ལེགས་པར་བཤད་པའི་རྒྱ་མཚོ》ཞེས་བྱ་བའི་སྦྱར་བྱང་དུ། ཤར་རྒྱལ་མོ་རོང་བ་ཀུན་མཁྱེན་ཤེས་རབ་འོད་ཟེར་དང་། བྱང་ཙོང་ཁ་པ་བཀའ་བཞི་འཛིན་པ་བློ་བཟང་གྲགས་པ་ལ་སོགས་པ་རང་གི་སློབ་མ་སྡེ་སྣོད་འཛིན་པ་དུ་མས་བསྐུལ་བའི་ངོར་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་དབུ་བཙུགས་ཏེ་ངམ་རིང་གི་ཆོས་གྲྭ་ཆེན་པོར་རྫོགས་པར་སྦྱར་བའོ་ཞེས་འབྱུང་།
①②⑤⑥ སྡེ་སྲིད་སངས་རྒྱས་རྒྱ་མཚོ། དགའ་ལྡན་ཆོས་འབྱུང་བེེཌྰུརྱ་སེར་པོ། [M] ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1991:10.12.
③ ཞང་སྟོན་བསྟན་པ་རྒྱ་མཚོ། ཞང་སྟོན་བསྟན་པ་རྒྱ་མཚོའི་གསུང་འབུམ། པོད་དང་པོ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2004:2.
④མཁས་གྲུབ་དགེ་ལེགས་དཔལ་བཟང་། མཁས་གྲུབ་དགེ་ལེགས་དཔལ་བཟང་གི་གསུང་འབུམ། ཏ་པ། [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2014:380.
①རྗེ་ཤེས་རབ་རྒྱ་མཚོ། རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་རྩོམ་པོད་གཉིས་པ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2015:372.
② མཁས་གྲུབ་དགེ་ལེགས་དཔལ་བཟང་། མཁས་གྲུབ་དགེ་ལེགས་དཔལ་བཟང་གི་གསུང་འབུམ། ཏ་པ། [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2014:385.
③ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས། རྗེ་ཙོང་ཁ་པའི་རྣམ་ཐར་ཆེན་མོ། [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2015:36.
④ མཁས་གྲུབ་དགེ་ལེགས་དཔལ་བཟང་། རྗེ་ཙོང་ཁ་པའི་རྣམ་ཐར་དད་པའི་འཇུག་ངོགས། [M] འབྲས་སྤུངས་བཀྲ་ཤིས་སྒོ་མང་དཔེ་མཛོད་ཁང་། 2018:97.
⑤ གུང་ཐང་བསྟན་པའི་སྒྲོན་མེ། གུང་ཐང་བསྟན་པའི་སྒྲོན་མེའི་གསུང་འབུམ། ཀ་པ། [M] མི་རིགས་དཔེ་སྐྲུན་ཁང་། 2013:4.
① མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་ཙོང་ཁ་པ་ཞིབ་འཇུག་གླིང་། རྗེ་ཙོང་ཁ་པའི་རྣམ་ཐར་ཕྱོགས་བསྒྲིགས། དེབ་དང་པོ། [G] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2016:112.
②③མཁས་གྲུབ་དགེ་ལེགས་དཔལ་བཟང་། རྗེ་ཙོང་ཁ་པའི་རྣམ་ཐར་དད་པའི་འཇུག་ངོགས། [M] འབྲས་སྤུངས་བཀྲ་ཤིས་སྒོ་མང་དཔེ་མཛོད་ཁང་། 2018:120.22.
④འབྲུག་རྒྱལ་དབང་ཆོས་རྗེ་བློ་བཟང་འཕྲིན་ལས་རྣམ་རྒྱལ། འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་རྣམ་ཐར། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1981:268.
①②③④འབྲུག་རྒྱལ་དབང་ཆོས་རྗེ་བློ་བཟང་འཕྲིན་ལས་རྣམ་རྒྱལ། འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་རྣམ་ཐར། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1981:275.

①མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་ཙོང་ཁ་པ་ཞིབ་འཇུག་གླིང་། རྗེ་ཙོང་ཁ་པའི་རྣམ་ཐར་ཕྱོགས་བསྒྲིགས། དེབ་དང་པོ། [G] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2016:506.

② རྒྱ་ཡེ་བཀྲ་བྷོ། རྗེ་ཙོང་ཁ་པའི་བསྟོད་པ་ཕྱོགས་བཏུས་བསྔགས་འོས་བསྔགས་པ། [G] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2018:9.


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1