ཞང་ཞུང་པའི《རཱ་མ་ཎའི་རྟོགས་བརྗོད》དང་གླིང་ཚང་གི 《རཱ་མ་ཎའི་གཏམ་རྒྱུད》གཉིས་ཀྱི་བསྡུར་བ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-30


[གནད་བཏུས] 《རཱ་མ་ཡ་ཎ》ནི་འཛམ་གླིང་དུ་སྐད་གྲགས་ཀྱིས་ཁྱབ་པའི་སྒྲུང་རབས་ཆེན་མོ་ཞིག་ཡིན་ལ། རྒྱལ་ནང་དུ་འགྱུར་སྔ་ཞིང་དར་ཁྱབ་ཆེ་བ་ཞིག་ཀྱང་ཡིན། ཞང་ཞུང་པའི་རྟོགས་བརྗོད་ནི་རྒྱ་གར་གྱི《རཱ་མ་ཡ་ཎ》ལ་ཁུངས་བྱས་ཏེ་གསར་རྩོམ་གནང་བ་དང་། གླིང་ཚང་གི་གཏམ་རྒྱུད་ནི་ཞང་ཞུང་པའི་རྟོགས་བརྗོད་ལ་ཁུངས་བྱས་ཏེ་མཛད་པ་ཞིག་རེད། རྣམ་པའི་ཐད་ནས་ཞང་ཞུང་པའི་རྟོགས་བརྗོད་ལ་སྙན་ངག་ཆེན་པོའི་མཚན་ཉིད་ཡོངས་སུ་ཚང་ཞིང་། གླིང་ཚང་གི་གཏམ་རྒྱུད་ནི་ཟློས་གར་འཁྲབ་གཞུང་ཡིན་པར་འདོད། ཁྱད་པར་དེའི་བརྗོད་བྱའི་དོན་དང་མཛེས་དཔྱོད་ལྟ་བ་གཉིས་ཞིབ་འཇུག་ཁ་ཕྱོགས་སུ་བཟུང་སྟེ། རྩོམ་རིག་མི་རིགས་ཅན་དུ་གྱུར་ཟིན་པའི་ལྟ་བ་བཏོན་ཡོད།

[གནད་ཚིག] རཱ་མ་ཎ། རྟོགས་བརྗོད། རྩོམ་རིག གཤིབ་བསྡུར།

《རཱ་མ་ཡ་ཎ》ནི་རྒྱ་གར་གྱི་སྒྲུང་རབས་ཆེན་མོ་རྣམ་གཉིས་ཀྱི་ཡ་གྱལ་ཡིན་པས། རྒྱ་གར་གྱི་སྙན་རྩོམ་དང་ཟློས་གར་རྩོམ་རིག ཆོས་ལུགས་སོགས་ཕྱོགས་གང་ཐད་ལ་ཤུགས་རྐྱེན་ཐེབས་པར་མ་ཟད། འཛམ་གླིང་དུ་སྐད་གྲགས་ཀྱིས་ཁྱབ་ཡོད། “རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཀྭ་ཝ(爪哇)དང་ཐེ་ལན(泰国)མ་ལེ་ཞིི་ཡ(马来西亚)ལ་ལོ་སི(老挝)འབར་མ(缅甸)སོགས་ཨེ་ཤ་ཡ་ཤར་ལྷོའི་རྒྱལ་ཁབ་ཁག་ཏུ་དར་བར་མ་ཟད། སྔ་གཞུག་ཏུ་དབྱི་ཐ་ལི་དང་ཧྥ་རན་སེ། དབྱིན་ཇི། ཨུ་རུ་སུ་སོགས་ཡོ་རོབ་གླིང་དུ་དར་ཏེ”①རྒྱལ་ཁབ་མང་པོས《རཱ་མ་ཡ་ཎ》ལ་ཞིབ་འཇུག་བྱས་དང་བྱེད་བཞིན་པ་ལྟར། རྒྱལ་ནང་དུའང་རྟོགས་བརྗོད་འདི་སྔ་མོ་ནས་དར་ཏེ་རྒྱལ་ནང་གི་རྩོམ་རིག་ལ་ཤུགས་རྐྱེན་ཟབ་མོ་ཐེབས་མྱོང་། དེ་བས་འདིར་ཞང་ཞུང་པའི་རྟོགས་བརྗོད་དང་གླིང་ཚང་གི་ཟློས་གར་རྩོམ་རིག་གཉིས་གཞིར་བཟུང་སྟེ་དེའི་བྱུང་འཕེལ་དང་བརྗོད་བྱའི་བསམ་བློ། ཤུགས་སུ་སྦས་པའི་ལོ་རྒྱུས་དངོས་བཅས་ལ་གཤིབ་བསྡུར་རྩོམ་རིག་གི་ལམ་ནས་དཔྱད་ན།

དང་པོ། གཏམ་རྒྱུད་ཀྱི་བྱུང་བ།

《རཱ་མ་ཡ་ཎ》འཛམ་གླིང་དུ་དར་བའི་གོ་རིམ་ཁྲོད་འདིས་བརྗོད་བྱའི་དོན་དང་རྗོད་བྱེད་ཚིག་གཉིས་ཆ་ནས་མིའི་རིགས་ལ་བསམ་བློའི་རྒྱགས་ཕྱེ་མང་པོ་བསྩལ་མྱོང་བས། འཛམ་གླིང་རིག་གནས་ལོ་རྒྱུས་ལས།“《རཱ་མ་ཡ་ཎ》ནི་དྲང་སྲོང་གྲོག་མཁར་གྱིས་བརྩམས། ཁོང་ལ་ཆེས་ཐོག་མའི་སྙན་ངག་པ་དང་། རྟོགས་བརྗོད་འདི་ལ་ཆེས་ཐོག་མའི་སྙན་ངག་ཅེས་ཟེར། ཧ་ལམ་སྤྱི་ལོ་སྔོན་གྱི་དུས་རབས་བཞི་པའི་དུས་སུ་བྱུང་ཞིང་སྤྱི་ལོ་སྔོན་གྱི་དུས་རབས་གཉིས་པའི་སྐབས་སུ་ནང་དོན་གཏན་འཁེལ་བྱས།རྟོགས་བརྗོད་འདིའི་བརྗོད་བྱའི་ནང་དོན་གནའ་རབས་ཀྱི་ལོ་རྒྱུས་དོན་རྐྱེན་དང་ལྷ་སྒྲུང་ཡིན་ལ། གཞུང་ཚད་ཤོ་ལོ་ཀ་ཉིས་ཁྲི་བཞི་སྟོང་ལྷག་མཆིས་ཤིང་རྟོགས་བརྗོད་ཧྲིལ་པོ་ལེའུ་བདུན་གྱིས་གྲུབ”①ཅེས་པ་ལྟར། འདི་ནི་སྤྱི་ལོ་སྔོན་གྱི་དུས་རབས་བཞི་པའི་སྐབས་ཀྱི་ལོ་རྒྱུས་གཞིར་བཟུང་སྟེ་དྲང་སྲོང་གྲོག་མཁར་གྱིས་སྤྱི་ལོ་སྔོན་གྱི་དུས་རབས་གཉིས་པའི་ནང་སྙན་ངག་གི་ལུས་སུ་བརྩམས་པས། འདི་ནས་བཟུང་འཕགས་ཡུལ་དུ་སྙན་ངག་གི་རྩོམ་ལུས་དང《རཱ་མ་ཡ་ཎའི》རྟོགས་བརྗོད་དངོས་སུ་བྱུང་ལ། དྲང་སྲོང་གྲོག་མཁར་ནི་བྲམ་ཟེ་ཆོས་ལུགས་པ་ཡིན་པའི་སྟེང་སྐབས་དེའི་རྒྱ་གར་གྱི་གཙོ་རྒྱུགས་ཆོས་ལུགས་ནི་བྲམ་ཟེ་ཆོས་ལུགས་ཡིན་པས་རྟོགས་བརྗོད་འདི་ལ་བྲམ་ཟེ་ཆོས་ལུགས་ཀྱི་ཤུགས་རྐྱེན་ཐེབས་ཏེ་ལྷ་སྒྲུང་རང་བཞིན་ལྡན་པར་གྱུར། དེའི་སྐོར་ལ་ཏུན་ཧོང་ནས་ཐོན་པའི《རཱ་མ་ཎའི་རྟོགས་བརྗོད》ལས།“དྲང་སྲོང་དང་མེ་ག་སི་ན་གཉིས་བཤོས་པ་ལ། སྲས་གསུམ་བལྟམསྟེ། ནང་གྀ་ཆེད་པོ་ནི་མདའ་ཤ་གྲྀ་བ་ཞེས་བྱ། འབྲིང་པོ་ཨམ་པ་ཀར་ན་ཞེས་བྱ། ཐ་ཆུངས་བྀ་རི་ན་ཤ་ཞེས་བྱའ། མྱེས་པོ་ཚངས་པ་ནྀ། ནང་གི་ཆེད་པོ་ལ་བྱམས་ཏེ། མགོ་ཡང་བཅུ་བྱིན་ནོ། མགོ་མང་བ་འྀ་བཞིན། མཐུ་སྟོབས་དང་ལོངས་སྤྱོད་ཀྱང་ཆེ་འོ།”②ཞེས་པ་ལས་མདའ་ཤ་གྲྀ་བར་མགོ་བཅུ་ལྡན་ཞིང་མགོ་མང་བ་བཞིན་དུ་མཐུ་སྟོབས་ཀྱང་ཆེ་བར་བཤད་ལ། དེའི་ནུས་མཐུ་ཡོད་ཚད་ལྷ་ཆེན་ཚངས་པས་བསྩལ་ཅིང་། ཚངས་པ་ནི་བྲམ་ཟེ་ཆོས་ལུགས་ཀྱི་ལྷ་ཆེན་ཡིན་པས། འདི་ལས་རྟོགས་བརྗོད་འདིའི་ཆོས་ལུགས་རང་བཞིན་དང་ལྷ་སྒྲུང་རང་བཞིན་མཐོང་བར་མ་ཟད། རྟོགས་བརྗོད་འདི་སྔ་མོ་ནས་བོད་དུ་འགྱུར་བའང་རྟོགས་ཐུབ།

བོད་འགྱུར་ནི་ཏུན་ཧོང་གི་བྲག་ཕུག་ནས་ཐོན་པའི་བོད་ཀྱི་གནའ་རབས་ཀྱི་ཡིག་ཆ་ཁག་བཞི་འདུག་པ་དེ་ཡིན་ལ། བོད་ཀྱི་མཁས་པ་ཕལ་མོ་ཆེས་དེ་ནི་དུས་རབས་དགུ་པ་སྟེ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་བསྒྱུར་པར་བཤད། གཅིག་ཏུ་ན་འགྱུར་འདིའི་རྩོམ་སྟངས་བཙན་པོ་རྒྱལ་རབས་ཀྱི་རྩོམ་སྟངས་དང་ཤིན་ཏུ་མཐུན་ཞིང་།གཉིས་སུ་སྐབས་དེར་སྲིད་འབྱོར་རིག་གསུམ་ཡར་རྒྱས་ཆེ་བའི་སྐབས་ཡིན་པས། རྒྱ་གར་གྱི་ལོ་པཎ་གདན་དྲངས་ཏེ་ཆོས་མིན་དག་ཐེར་བྱས་ཤིང་། སྒྲ་སྒྱུར་རྒྱ་གར་གླིང་བཙུགས་ཏེ་རིག་གནས་ནང་འདྲེན་རྒྱ་ཆེར་བྱས། དེའི་ཚུལ་ནི།“རྒྱལ་པོས་དངོས་སུ་གཟུགས་ཁམས་བདེ་ཐང་ཡིན་ལ་དབང་པོ་ལྔ་ལ་སྐྱོན་མེད་པ། རིག་པ་གསལ་ལ་རྣོ་བ། དྲན་ཤེས་བརྟན་པ། སྙིང་རུས་ཆེ་བ་བཅས་ཆ་རྐྱེན་ལྔ་ཚད་གཞི་བྱས་ཏེ་ལོ་ཙཱ་པ་བརྒྱ་དང་བརྒྱད་གསོ་སྐྱོང་གནང་ཞིང་། ཞུས་ཆེན་གྱི་ལོ་ཙཱ་པ་དང་བར་ཞུས་ལོ་ཙཱ་པ། མཆན་བུའི་ལོ་ཙཱ་པ་བཅས་རིམ་པ་གསུམ་དུ་ཕྱེ། དེ་དག་ལ་ལོ་ཙཱ་པའི་གསོལ་ཐང་ཞེས་པ་འཚོ་བའི་ཐོབ་ཐང་བློན་ཆེན་དང་མཉམ་ཞིང་། རྒྱལ་པོའི་ཉིན་རེའི་གསོལ་ཟས་ཀྱི་འབྲུ་རིགས་དང་མར། ཇ། སྣུམ། ཤ་དང་ཤིང་ཏོག་སོགས་བསྡོམས་འབོར་གྱི་སུམ་ཆ་གཅིག་གི་ཐོབ་ཐང་དང་མཉམ་པ་རྒྱལ་པོའི་མཛོད་ནས་གནང་སྲོལ་བྱུང་།”① ཞེས་པ་ལྟར་རིག་གནས་འཕེལ་རྒྱས་ཆེད་དུ་ལོ་ཙཱ་པ་གསོ་སྐྱོང་དང་། དགོས་དབང་གིས་ལས་བགོས་རིམ་པ་གསུམ་དུ་ཕྱེ་སྟེ་ལོ་ཙཱ་ཚད་ལྡན་དུ་བཏང་བ། ལོ་ཙཱ་པར་འཚོ་བ་བླ་ནས་སྦྱར་ཏེ་རིག་གནས་དར་སྤེལ་བྱ་གཞག་རྒྱ་ཆེར་བྱས་པ་མཚོན། 《རཱ་མ་ཎའི་རྟོགས་བརྗོད》ཀྱང་སྐབས་དེར་བོད་དུ་འགྱུར་བ་དང་། བརྗོད་བྱར་ནང་ཆོས་ཀྱི་ཤུགས་རྐྱེན་ཐེབས་མེད་པར་མ་ཟད། བརྗོད་བྱའི་བསམ་བློ་སོར་འཇོག་བྱས་པས་ཞིབ་འཇུག་གི་རིན་ཐང་ལྡན། བོད་སིལ་བུའི་སྐབས་སུ་ལོ་པཎ་བཀའ་དྲིན་ཅན་རྣམས་ཀྱི་གསུང་རྩོམ་དང་བསྒྱུར་ཡིག་ཏུ་རྟོགས་བརྗོད་འདིའི་ནང་དོན་ཐོར་བུ་རེ་དཔེར་བཀོད་ནས་ཡོད་མོད་ཆེར་མ་དར།དུས་རབས་བཅོ་ལྔ་པར་རྗེ་ཙོང་ཁ་པ་ཆེན་པོའི་དངོས་སློབ་ཞང་ཞུང་ཆོས་དབང་གྲགས་པས(1404ལོ-1469ལོ)《རྒྱལ་པོ་རཱ་མ་ཎའི་གཏམ་རྒྱུད་ལས་བརྩམས་པའི་སྙན་ངག་གི་བསྟན་བཅོས་དྲི་ཟའི་བུ་མོའི་རྒྱུད་མང་གི་སྒྲ་དབྱངས》ཞེས་པ་བརྩམས། དོན་གྱི་བྱུང་བ་བརྗོད་པའི་སྙན་ངག་འདི་ཁ་དམ་ཞིང་གོ་དཀའ་བས། ཞལ་ཤུལ་པ་ངག་དབང་བསྟན་པའི་རྒྱ་མཚོས(འཁྲུངས་འདས་ལོ་ཚུགས་མི་གསལ།རབ་བྱུང་བཅོ་ལྔ་པའི་མཇུག་ཙམ་ལ་སྐུ་གཤེགས་པར་བཤད)རྟོགས་བརྗོད་འདིའི་འགྲེལ་བ《དྲི་མེད་ཤེལ་གྱི་འབབ་སྟེགས》མཛད། དེ་ནས་བཟུང་རྟོགས་བརྗོད་འདི་གངས་ཅན་བོད་དུ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཏོ། །

 ཕྱིས་སུ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གླིང་སྐལ་བཟང་ལེགས་བཤད་རྒྱ་མཚོས(1900ལོ-1988ལོ)《རྒྱལ་པོ་རཱ་མ་ཎའི་གཏམ་རྒྱུད་ལས་བརྩམས་པའི་ཟློས་གར་གྱི་ཚིག་རྒྱན》ཞེས་པའི་ཟློས་གར་རྩོམ་རིག་གི་མཚན་ཉིད་ཡོངས་སུ་ཚང་བའི་འཁྲབ་གཞུང་ཞིག་མཛད་ཅིང་། དེ་ནི་ཞང་ཞུང་པའི《རཱ་མ་ཎའི་རྟོགས་བརྗོད》དང་ཞལ་ཤུལ་པའི་འགྲེལ་བ《དྲི་མེད་ཤེལ་གྱི་འབབ་སྟེགས》ཀུན་མཁྱེན་འཇིགས་མེད་དབང་པོའི《གསོལ་འདེབས་ཀེ་ཏ་ཀའི་ཕྲེང་མཛེས་ཀྱི་རྣམ་བཤད་ཚིག་དོན་གསལ་བའིའགྲེལ་བ》སོགས་བསྟན་བཅོས་ཁུངས་དག་རྣམས་གཞི་བྱས་ཏེ་བརྩམས་མོད། འོན་ཀྱང་ཞང་ཞུང་པའི་རྟོགས་བརྗོད་ནི་དོན་བརྗོད་སྙན་ངག་ཡིན་ལ་གླིང་ཚང་གི་འཁྲབ་གཞུང་ནི་གར་སྟེགས་འཁྲབ་སྟོན་ལ་དམིགས་ནས་བརྩམས་ཕྱིར་དེ་གཉིས་བར་འདྲ་བའི་ཆ་དང་མི་འདྲ་བའི་ཆ་གང་མང་མཆིས་པས་དེའི་སྐོར་གཤམ་དུ་དཔྱད་པར་བྱའོ། །

གཉིས་པ། གཏམ་རྒྱུད་གཉིས་ཀྱི་བརྗོད་བྱའི་གཤིབ་བསྡུར།

བསྟན་བཅོས་འདི་གཉིས་ཀྱིས་རྒྱལ་པོ་རཱ་མ་ཎ་དང་བཙུན་མོ་སཱི་ཏཱ་གཉིས་ཀྱི་བརྩེ་དུང་བརྗོད་བྱར་བཟུང་ཡོད་པ་དང་། རྩོམ་མཁན་མཁས་དབང་རྣམ་གཉིས་ནི་ཚིག་རྒྱན་སྦྱོར་བའི་ཐབས་ལ་ཤིན་ཏུ་མཁས་པས་ཚིགས་བཅད་གཅིག་ལའང་རྒྱན་དུ་མའི་ལམ་ནས་ཕྱིའི་ཁོར་ཡུག་གི་རྣམ་པ་དང་ནང་སེམས་ཅན་གྱི་ཉམས་འགྱུར་སྣ་ཚོགས་བྲིས་ཡོད་ལ། ཁྱད་པར་དུ་ཚེག་བར་བདུན་མ་དང་དགུ་མའི་ལམ་ནས་སྙན་ངག་གི་རྩོམ་རྒྱ་སྣ་ཚོགས་ལྡན་པར་བྲིས་པས་རྩོམ་གྱི་འབྲི་ཐབས་ཕུན་སུམ་ཚོགས་ཤིང་།མངོན་བརྗོད་དང་དཔེ་རྒྱན། དོན་རྒྱན་སོགས་རྒྱན་སྣ་ཚོགས་ཀྱིས་བཅིངས་པ་ནི་འདི་གཉིས་ཀྱི་མཚུངས་ཆོས་ཡིན་མོད། རྩོམ་པ་པོ་གྲགས་ཅན་ཆན་མུའུ(钱穆)ཡིས“ང་ཚོས་རྩོམ་རིག་སྦྱོང་དུས་རྩོམ་རིག་ལ་གཤིབ་བསྡུར་གྱིས་སྦྱོང་དགོས་པ་ཡིན།”①ཞེས་པ་ལྟར། ཞང་ཞུང་པའི་རྟོགས་བརྗོད་ལ་སྙན་ངག་གི་རྩོམ་རྒྱ་སྣ་ཚོགས་ལྡན་ཞིང་།སྙན་ངག་ཁྲོད་ཚེག་བར་བདུན་རེ་ཚིག་རྐང་གཅིག་ཏུ་བྱས་པ་ཤས་ཆེ་ལ་ཚེག་བར་དགུ་རེ་ཚིག་རྐང་གཅིག་ཏུ་བྱས་པ་ཡང་ཅི་རིགས་སྣང་། གཞན་ཚེག་བར་བཅོ་ལྔ་དང་བཅུ་དགུ། ཉེར་གསུམ། ཉེར་དགུ། སོ་གཅིག་སོགས་ཚིག་རྐང་གཅིག་ཏུ་བྱས་པའི་སྙན་ངག་རྐང་པ་རིང་པོ་ཅན་ཡང་དུ་མ་ཡོད། ཞང་ཞུང་པའི་རྟོགས་བརྗོད་ལས།“རང་ཡང་འཁོར་བའི་བཙོན་རར་བཅིངས་པ་ཡི། །འཇིག་རྟེན་ལྷ་ཡིས་སུ་ཞིག་སྐྱོབ་པར་ནུས། ། དེ་ཕྱིར་གང་ལ་བསྐྱབ་ན་མི་བསླུ་བའི། ། དཀོན་མཆོག་སྐྱབས་འགྲོ་རྒྱལ་སྲས་ལག་ལེན་ཡིན། །”②ཞེས་པ་འདི་ནི་སངས་རྒྱས་ཆོས་ལུགས་ཀྱི་བསམ་བློ་བསྲེས་པའི་རྟགས་མཚན་གལ་ཆེན་ཞིག་ཡིན་ལ། ཞང་ཞུང་པའི་རྟོགས་བརྗོད་འདི་རྒྱ་གར་གྱི《རཱ་མ་ཡ་ཎ》 དང་མི་མཚུངས་པའི་ཁྱད་ཆོས་ཤིག་ཀྱང་ཡིན་པས། འདི་ལས་རྒྱ་གར་པའི་བྲམ་ཟེ་ཆོས་གཞུང་གི་བསམ་བློ་ལྡན་པའི་རྟོགས་བརྗོད་འདི་བོད་པ་ཅན་དུ་འགྱུར་མགོ་བརྩམས་པ་ཤེས་ཐུབ།ཞང་ཞུང་པས“ངག་གི་ཟླ་བ་འདི་ཡིས་མ་བསྡམས་པའི། །ཅ་ཅོའི་དྲི་མའི་ར་རི་འཛིན་ན་ཡང་། ། ལྷུན་གྲུབ་སྤོབས་པའི་འོད་རིགས་འབར་བ་ཡིས། ། ཉེས་པའི་མུན་པས་ནམ་ཡང་བརྫི་མི་འགྱུར། །”③ཞེས་བྱུང་བ་ནི་རྟོགས་བརྗོད་ཀྱི་ནང་དོན་འཇིག་རྟེན་གྱི་དགྲ་འདུལ་གཉེན་སྐྱོང་དང་ཕོ་མོའི་ཆགས་སྡང་གི་གཏམ་ལ་སྦྱར་བའི་རྐྱེན་གྱིས་རྗོད་བྱེད་རྨད་དུ་བྱུང་བའི་མཐུ་ཡིས་རང་ལ་ངག་གི་ཉེས་སྐྱོན་མེད་པར་བསྒྲུབས་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རབ་བྱུང་པ་རྣམས་ལ་རྒྱལ་པོ་དང་བློན་པོ། དམག་འཁྲུག་དང་བུད་མེད། འདོད་པའི་གཏམ་སོགས་ཀྱི་སྦྱོར་བར་འཇུག་མི་རུང་བར་གསུངས་པའི་རྒྱུ་མཚན་གྱིས་ཡིན་ལ། རྗོད་བྱེད་ཚིག་གི་རྩོམ་ཐབས་མེ་ལོང་མའི་ལུགས་སུ་སྙན་འགྱུར་འབུམ་གྱིས་ཕྱུག་པར་བརྩམས་ཤིང་།བརྗོད་བྱ་བོད་པའི་ཆོས་ལུགས་དད་མོས་དང་བསྟུན་ཏེ་རྟོགས་བརྗོད་འདི་བོད་པ་ཅན་དུ་འགྱུར་མགོ་བརྩམས་པའི་རྟགས་སོ། །ཡིན་ན་ཡང་གླིང་ཚང་གིས་མཛད་པའི་འཁྲབ་གཞུང《རྒྱལ་པོ་རཱ་མ་ཎའི་གཏམ་རྒྱུད་ལས་བརྩམས་པའི་ཟློས་གར་གྱི་ཚིག་རྒྱན》ནི་ཞང་ཞུང་པའི་རྟོགས་བརྗོད་གཞིར་བཟུང་སྟེ་མཛད་པས་དེའི་ལེགས་ཆ་མང་པོ་རྒྱུན་འཛིན་བྱས་ཡོོད། དེ་ནི་གར་སྟེགས་འཁྲབ་སྟོན་ལ་དམིགས་ནས་བརྩམས་པའི་ཟློས་གར་འཁྲབ་གཞུང་ཞིག་ཡིན་པས་གཅིག་བསྡུས་རང་བཞིན་ཆེ་བར་སྣང་ལ།འདིར་བཤད་པའི་གཅིག་བསྡུས་རང་བཞིན་ནི་མི་སྣའི་གཅིག་བསྡུས་རང་བཞིན་དང་བྱུང་རིམ་གྱི་གཅིག་བསྡུས་རང་བཞིན། ཡུལ་དུས་ཀྱི་གཅིག་བསྡུས་རང་བཞིན་བཅས་ལ་གོ་ཞིང་། ཟློས་གར་འཁྲབ་གཞུང་ལ་འདི་ལྟ་བུའི་གཅིག་བསྡུས་རང་བཞིན་ཆེ་བའི་རྒྱུ་མཚན་ནི་གར་སྟེགས་འཁྲབ་སྟོན་ལ་དངོས་པོའི་ཆ་རྐྱེན་དང་གནས་ཡུལ།འཁྲབ་སྟོན་མི་སྣ་སོགས་ཀྱི་ཚད་བཀག་ཐེབས་པས་འཁྲབ་སྟོན་ཁོར་ཡུག་དང་མི་སྣ་སོགས་གང་འདོད་དུ་བརྗེ་སྤོར་བྱེད་མི་ཆོག་པར་མ་ཟད། ད་དུང་ཟློས་གར་འཁྲབ་སྟོན་ལ་ལྟ་མཁན་གྱི་ཤེས་སྟོབས་ཀྱི་ཚད་བཀག་ཀྱང་ཐེབས་སྲིད་པས་བྱུང་རིམ་གྱི་སྐུད་སྣེ་རྙོག་འཛིང་ཆེ་མི་རུང་བ་དང་།མི་སྣའང་མང་པོ་ཡོད་མི་རུང་། དེ་བས་ཞང་ཞུང་པའི་རྟོགས་བརྗོད་དུ་མི་སྣ་དང་དང་དམག་ཚོགས། སྲིན་བློན་སོགས་མང་དུ་གནས་ཀྱང་གླིང་ཚང་གི་ཟློས་གར་འཁྲབ་གཞུང་ལས་མི་སྣ་གཙོ་བོ་བཅུ་ཁ་ལྷག་ལས་བཀོད་མེད་པ་ནི་ཟློས་གར་འཁྲབ་གཞུང་གི་མི་སྣའི་གཅིག་བསྡུས་རང་བཞིན་ཡིན་ལ། འདི་ནི་རྟོགས་བརྗོད་རྩོམ་རིག་དང་ཟློས་གར་འཁྲབ་གཞུང་གི་ངོ་བོའི་ཆ་ནས་བྱུང་བའི་ཁྱད་པར་ཡང་ཡིན། འཁྲབ་གཞུང་མི་སྣར་དཔེ་མཚོན་རང་བཞིན་ལྡན་པས། འཚོ་བའི་གནས་ཚུལ་ཕྱིར་མངོན་བྱེད་ཀྱི་མེ་ལོང་ལྟ་བུ་ཡིན། གླིང་ཚང་གི་འཁྲབ་གཞུང་ལས་དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་དཔེ་མཚོན་རང་བཞིན་ལྡན་པའི་མི་སྣ་གཙོ་བོ་དག་སོར་འཇོག་བྱས་ཏེ་རྟོགས་བརྗོད་ཀྱི་ནང་དོན་ཇི་བཞིན་ཕྱིར་མངོན་པ་ནི་འཁྲབ་གཞུང་གི་མི་སྣའི་གཅིག་བསྡུས་རང་བཞིན་ཡིན། འཁྲབ་གཞུང་གི་མི་སྣ་སྙིང་བསྡུས་བྱེད་པའི་གོ་རིམ་ཁྲོད་བྱུང་རིམ་ཡང་རང་ཤུགས་ཀྱིས་གཅིག་བསྡུས་བྱེད་དགོས་པས། ཞང་ཞུང་པའི་རྟོགས་བརྗོད་ལས་དཔེ་རྒྱན་དང་གཟུགས་རྒྱན་སོགས་རིག་བྱེད་གཏམ་རྒྱུད་ལ་སྦྱར་ཏེ་བྱུང་རིམ་ཞིབ་བརྗོད་བྱས་ཡོད་ཀྱང་། གླིང་ཚང་གི་འཁྲབ་གཞུང་ལས་འདིའི་སྐོར་གྱི་བྱུང་རིམ་ཉུང་བསྡུས་ཀྱིས་བརྗོད་ཡོད་པ་ནི།“འཆམ་སྟེགས་ཀྱི་གཡས་ཕྱོགས་ནས་སྲིན་བློན་རྣམས་བྲེལ་འཚུབ་ཀྱིས་འོངས་ཏེ་གྲལ་བསྒྲིགས། སྲིན་པོའི་རྒྱལ་པོ་ཡང་འཆམ་ཁང་ནས་གློག་འཁྱུགས་པ་ལྟར་བྱུང་སྟེ་མདུན་ངོས་སུ་འགྱིང་ཉམས་དང་བཅས། འདིར་ཚོགས་ཉོན། གདུག་པའི་ཆོ་འཕྲུལ་སྣ་ཚོགས་ཀྱིས། ། ཤ་ཟ་མ་མོ་ལས་ལ་འགྱེད། །རྟ་མཆོག་གདོང་གི་ཅོད་པན་ཅན། ། རྒྱལ་པོ་འབོད་སྒྲོགས་ཞེས་བྱ་ཡིན། ། ཞེས་མིང་བརྗོད། དེ་ནས་ཡར་སོང་སྟེ་མཆོད་སྟེགས་ཀྱི་སྟེང་གི་མེ་ཕོར་ནང་དུ་ཤོག་གུར་བྲིས་པའི་ཕྱུགས་ཀྱི་གཟུགས་བརྙན་དང་མགོ་བོ་རྣམས་མེ་ལ་སྲེག་བཞིན། ལྷ་ཆེན་དགོངས། ལྔ་པའི་དུས་ཀྱི་ཕོ་ཉ་ལ། །འཇིགས་པའི་འབོད་སྒྲོགས་བདག་གིས་ནི། ། ངལ་བ་བསྟེན་ཏེ་བསྲེག་མཆོད་ཀྱིས། ། ལྷ་ཡི་དབང་ཕྱུག་མཉེས་བྱེད་ན། ། ཐུགས་རྗེ་གཟིགས། བདེ་འབྱུང་སྤྲིན་གྱི་བ་གམ་ལས། ། བརྩེ་ཆེན་ཀེ་ལ་ཤ་ཡི་བཅུད། ། འཆི་མེད་དཔལ་གྱི་ཚེའི་བདུད་རྩི། ། མྱོང་བའི་དགའ་སྟོན་བདག་ལ་བསྩོལ། །ཅེས་བརྗོད་དེ་ནང་དུ་འགྲོ།”①ཞེས་པ་ལྟར་ཚིག་ཉུང་དོན་འདུས་དང་ཁ་གསལ་གོ་བདེ་ངང་སྲིན་རྒྱལ་གྱི་བྱ་སྤྱོད་བརྗོད་དེ་དགོས་མེད་ཀྱི་བྱུང་རིམ་མང་པོ་ཞིག་བསྡུས་ཏེ་བརྗོད་པ་ནི་གླིང་ཚང་གི་ཟློས་གར་འཁྲབ་གཞུང་གི་ཁྱད་ཆོས་སུ་མཐོང་། དེ་བས་ཡ་ལི་ཧྲི་ཏུའོ་ཏེ(亚里士多德)ཡིས“མགོ་རྩོམ་པ་དང་གཞུང་དངོས། མཇུག་བསྡུ་བ་བཅས་ཡོངས་སུ་ཚང་རྒྱུ་ནི་ཟློས་གར་གྱི་ཁྱད་ཆོས་ཀྱིས་ཐག་བཅད་པ་ཡིན”②ཞེས་པ་ལྟར་དོན་རྐྱེན་ཞིག་གིས་གཏམ་རྒྱུད་ཀྱི་མགོ་རྩོམ་པ་དང་དེ་སྐུད་སྣེ་གཙོ་བོར་བཟུང་ནས་གཏམ་རྒྱུད་ཀྱི་སྒྲིག་གཞི་བཀོད་སྒྲིག་བྱས་ཏེ་འབྲེལ་མེད་ཀྱི་བྱུང་རིམ་ཉུང་བསྡུས་བྱས་ཏེ་ཟློས་གར་གྱི་མཇུག་བསྡུ་བ་ནི་འཁྲབ་གཞུང་གི་གར་སྟེགས་རང་བཞིན་གྱིས་ཐག་བཅད་པ་ཡིན། དེའི་སྟེང་འཁྲབ་གཞུང་གི་བྱུང་རིམ་ལ་རྟོགས་བརྗོད་དང་བརྩམས་སྒྲུང་ལྟར་ཀྱག་ཀྱོག་ཆེ་ཞིང་འགལ་འཐབ་མང་དྲགས་ཚེ་ཟློས་གར་གྱི་མྱོང་ཚོར་ལ་ཤུགས་རྐྱེན་ཐེབས་ངེས་ཡིན་པས་ཟློས་གར་གྱི་བྱུང་རིམ་ནི་ངེས་པར་གཅིག་བསྡུས་ཆེ་དགོས་པ་ཡིན། དེ་བས་གླིང་ཚང་གི་འཁྲབ་གཞུང་ཁྲོད་བྱུང་རིམ་གཙོ་བོ་ལས་དགོས་མེད་ཀྱི་བྱུང་བ་རྣམས་གང་ཐུབ་ཀྱིས་ཉུང་བསྡུས་བྱས་པ་ནི་ཟློས་གར་འཁྲབ་གཞུང་གི་བྱུང་རིམ་གྱི་གཅིག་བསྡུས་རང་བཞིན་གྱིས་ཐག་བཅད་པ་རེད། འཁྲབ་གཞུང་ཁྲོད་མི་སྣ་དང་བྱུང་རིམ་ཉུང་བསྡུས་བྱས་པས་འཁྲབ་སྟོན་ཁོར་ཡུག་ཀྱང་རང་བཞིན་གྱིས་ཇེ་ཉུང་དུ་སོང་ཡོད། དེའི་སྟེང་ཟློས་གར་གྱི་ཁོར་ཡུག་ནི་ཟློས་གར་འཁྲབ་སྟོན་བྱེད་སའི་ར་བ་ཡིན་ལ། དོན་རྐྱེན་གྱི་མགོ་རྩོམ་ས་དང་བྱུང་རིམ་འཕེལ་རྒྱས་སུ་འགྲོ་བའི་ས། འགལ་བའི་ཡང་རྩེར་སླེབས་ས། དོན་རྐྱེན་མཇུག་རྫོགས་པའི་ས་ཆའང་ཡིན་པས། བརྩམས་སྒྲུང་དང་རྩོམ་རིག་གཞན་དུ་རྩོམ་པ་པོས་བྱུང་རིམ་གྱི་དགོས་མཁོར་གཞིགས་ཏེ་ཁོར་ཡུག་གང་འདོད་དུ་བསྒྱུར་ཆོག་མོད། འོན་ཀྱང་ཟློས་གར་འཁྲབ་སྟོན་བྱེད་སའི་ཁོར་ཡུག་ལ་འགྱུར་བ་གཏོང་དགོས་ཚེ་འཁྲབ་ཆས་དང་རས་ལྗོངས་ཀྱི་འགྱུར་བར་བརྟེན་ནས་ཡུལ་ལྗོངས་བསྒྱུར་དགོས་ལ། འཁྲབ་ཆས་དང་རས་ལྗོངས་བརྗེ་བ་ཡང་འཁྲབ་སྟོན་མཚམས་བཞག་པའི་སྐབས་སུ་བརྗེ་དགོས་ཕྱིར་འཁྲབ་སའི་ཡུལ་ལྗོངས་བརྗེ་བའི་གནས་ཚུལ་ཤིན་ཏུ་ཉུང་བས་ཟློས་གར་གྱི་དོན་རྐྱེན་དེ་ཁོར་ཡུག་ཉུང་ངུའི་ནང་འགྲུབ་དགོས་པའི་རྐྱེན་གྱིས་གླིང་ཚང་གི་འཁྲབ་གཞུང་ལས་ཁོར་ཡུག་ཉུང་ངུའི་ནང་འཁྲབ་སྟོན་མཇུག་རྫོགས་པར་བྱས་འདུག། ཁོར་ཡུག་མང་ཆེ་བ་གར་སྟེགས་གསལ་བཤད་ཀྱིས་འཐུས་པར་བྱས་པ་ནི་ཟློས་གར་རྩོམ་རིག་གི་ཁོར་ཡུག་གི་ཉིང་བསྡུས་ཡིན།དེ་ལས་གཞན་འཁྲབ་སྟོན་དུས་ཚོད་ལ་ཡང་གར་སྟེགས་ཀྱི་ཚད་བཀག་ཐེབས་ཡོད། དེ་ལྟར་གཏམ་རྒྱུད་ཀྱི་བྱུང་བ་དང་འཕེལ་རིམ། མཇུག་འབྲས་བཅས་ཀྱི་སྒྲིག་གཞི་ཚང་ལ་མི་སྣའི་སྣང་བརྙན་ཡོངས་སུ་བསྐྲུན་ཐུབ་པའི་ཚིག་ཉུང་དོན་འདུས་ཅན་གྱི་འཁྲབ་ཚིག་གིས་དུས་ཚོད་ཐུང་ངུའི་ནང་ཟློས་གར་གྱི་ནང་དོན་ཡོངས་སུ་འཁྲབ་སྟོན་བྱེད་ཐུབ་པར་བཏང་བ་དེས། ཟློས་གར་རོལ་མྱོང་ལ་རེ་སྒུག་བྱེད་པའི་སེམས་ཚོར་ཡུན་རིང་གནས་དཀའ་བའི་གར་སྟེགས་འཁྲབ་སྟོན་གྱི་གཞུང་ལུགས་ཀྱི་རེ་འདུན་ལ་ཡང་ཡོངས་སུ་མཐུན་པས། དུས་ཚོད་ཐུང་ངུའི་ནང་ཟློས་གར་གྱི་ནང་དོན་ཡོངས་སུ་འཁྲབ་སྟོན་བྱེད་ཐུབ་པ་ནི་ཟློས་གར་འཁྲབ་གཞུང་གི་དུས་ཚོད་ཀྱི་ཉིང་བསྡུས་ཡིན་ལ། ཞང་ཞུང་པའི་རྟོགས་བརྗོད་དང་མི་མཐུན་པའི་ཁྱད་པར་གཙོ་བོ་ཡང་ཡིན། དེ་བས་གླིང་ཚང་གི་འཁྲབ་གཞུང་ནི་ཞང་ཞུང་པའི་རྟོགས་བརྗོད་ལ་གཞི་བཅོལ་ཏེ་བརྩམས་ཀྱང་རྟོགས་བརྗོད་ཀྱི་རྩོམ་རྒྱ་ལས་ཡོངས་སུ་བརྒལ་ཏེ་དེང་རབས་ཀྱི་ཟློས་གར་འཁྲབ་གཞུང་གི་རྩ་དོན་བཞིན་རང་གཤིས་ཅན་གྱི་སྐད་ཆས་མི་སྣའི་སྣང་བརྙན་བཞེངས་བསྐྲུན་བྱས་ཤིང་། དགོས་མེད་ཀྱི་བྱུང་རིམ་དོར་ནས་ཟློས་གར་གྱི་ལྟད་མོ་མཚར་སྡུག་ཅན་དུ་བཏང་བ། གར་སྟེགས་མཛུབ་སྟོན་ལེགས་པར་བྱས་ཏེ་འཁྲབ་སྟོན་བདེ་བར་བཏང་བ། ཚིག་བརྒྱའི་མདུད་པ་གྲོལ་ཏེ་འཁྲབ་ཚིག་གོ་བདེར་བྱས་པ་སོགས་ནི་གླིང་ཚང་གི་འཁྲབ་གཞུང་འདིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སུ་མཐོང་།

གསུམ་པ། གཏམ་རྒྱུད་གཉིས་ཀྱི་ཤུགས་ལ་སྦས་པའི་བསམ་བློ།

རྒྱལ་པོ་རཱ་མ་ཎ་དང་སྲིན་རྒྱལ་འབོད་སྒྲོགས་གཉིས་གཡུལ་འགྱེད་ཚུལ་བརྗོད་པ་ནི་བསྟན་བཅོས་གཉིས་ཀྱི་འདྲ་བའི་ཆ་ཡིན་མོད། འོན་ཀྱང་ཁོང་གིས་རྟོགས་བརྗོད་ལ་སྙན་འགྱུར་འབུམ་གྱིས་ཕྱུག་པ། ཁ་དམ་ཞིང་གོ་དཀའ་བའི་རྟོགས་བརྗོད་དེ་འདྲ་བརྩམས་པར་དགོངས་གཞི་ངེས་ཅན་ཞིག་ཡོད་ངེས་ཡིན། དེའི་ཐད་ཞལ་ཤུལ་པའི་འགྲེལ་བར།“ཐ་སྙད་ཀྱི་གཙུག་ལག་མ་ལུས་པ་ལ་དབང་འབྱོར་ཞིང་ཁ་བ་རི་བའི་སྙན་ངག་མཁན་མཐའ་དག་གི་རལ་བའི་ཟུར་ཕུད་ཀྱི་རྩེ་མོར་ཞབས་ཀྱི་པད་མོ་ངལ་གསོ་བའི་མཁས་གྲུབ་ཆེན་པོ་དཔལ་ཞང་ཞུང་ཆོས་དབང་གྲགས་པའི་སྡེས་མཛད་པའི་རྒྱལ་པོ་རཱ་མ་ཎའི་གཏམ་རྒྱུད་ལས་བརྩམས་པའི་སྙན་ངག་གི་བསྟན་བཅོས”①ཞེས་པ་དང་། དེའི་སྟེང་ཞང་ཞུང་པའི་རྟོགས་བརྗོད་འདིས་བོད་པའི་ཆོས་ལུགས་བསམ་བློ་དང་བསྟུན་ཅི་ཐུབ་བྱས་ཏེ། རྟོགས་བརྗོད་འདི་བོད་པ་ཅན་དུ་བསྒྱུར་ནས་འཆད་ཉན་གྱི་དབུ་བརྩམས་པར་འདོད།

དེ་དང་བསྡུར་ཚེ་གླིང་ཚང་གི་འཁྲབ་གཞུང་ལས་རྒྱལ་པོ་རཱ་མ་ཎ་དང་སཱི་ཏཱའི་བརྩེ་དུང་གི་གཏམ་རྒྱུད་བྲིས་ཡོད་ཀྱང་བརྗོད་བྱའི་སྙིང་བོ་ནི་སངས་རྒྱས་ཆོས་ལུགས་དང་འོ་ཆུ་བཞིན་ལྷན་དུ་འདྲེས་ཚུལ་ནི།“སྤྲེའུ་ཧ་ནུ་མན་ཐས་ཐབས་མཁས་པའི་རྣམ་དཔྱོད་ཀྱི་སྒྱུ་རྩལ་ལ་བརྟེན་ནས་སྲིན་པོ་ཕྲ་རགས་མང་པོ་དང་། དེའི་རྗེ་དཔོན་འབོད་སྒྲོགས་སོགས་དངོས་དང་གཟུགས་བརྙན་མ་འཆུགས་པར་སོ་སོར་གསལ་བར་རྟོགས་ཤིང་། ཁྱད་པར་དུ་འབོད་སྒྲོགས་ཀྱི་མགྲིན་བཅུའི་སྟེང་མ་རྟ་གདོང་ནི་ཁོ་རང་གི་སྲོག་གནད་ཡིན་ཕྱིར་དེ་བཅད་ན་སྲོག་དང་བྲལ་བར་ཤེས་པ་ནི། བདེན་མེད་སྒྲུབ་བྱེད་ཀྱི་གཏན་ཚིགས་ཡང་དག་ལ་བརྟེན་ནས་རྣམ་པར་དཔྱོད་པའི་ཤེས་རབ་ཀྱིས་ཆོས་རྣམས་རང་བཞིན་གྱིས་མ་གྲུབ་པའི་དོན་ལ་བསམས་ཏེ་བདེན་འཛིན་ཕྲ་རགས་མང་པོ་དང་སྲིད་པའི་རྩ་བ་འཇིག་ལྟ་ལྷན་སྐྱེས་ཀྱི་འཛིན་སྟངས་དེ་ཁོ་ན་ཡིན་པར་ངོས་འཛིན་ཞིང་། རྒྱལ་པོ་རཱ་མ་ཎའི་མདའ་གཞན་ལས་ཁྱད་པར་འཕགས་པ་འཕངས་ན་ཕོག་པས་ཁྱབ་པ། ཕོག་ན་འཆི་བས་ཁྱབ་པ། ཤི་ན་མཐོ་རིས་སུ་སྐྱེ་བས་ཁྱབ་པ་སྟེ་དམ་བཅའ་གསུམ་ལྡན་གྱི་མདའ་རྟ་ཁ་མས་འབོད་སྒྲོགས་ཀྱི་མགྲིན་པ་སྟེང་མ་རྟ་མགོ་བཅད་དེ་སྲོག་དང་བྲལ་བར་བྱས་ཤིང་། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་ཁ་ཐོབ་པ་དེ་མཐའ་གཉིས་སྤངས་པའི་དབུ་མའི་ལྟ་བ་རང་བཞིན་མེད་རྟོགས་ཀྱི་ཤེས་རབ་རྣོན་པོས་བདག་འཛིན་རྩད་ནས་བཅད་དེ་ཟབ་མོའི་ལམ་གྱི་རྟོགས་པ་ཁྱད་པར་ཅན་རང་རྒྱུད་ལ་སྐྱེ་བར་བྱེད་པའི་མཚོན་བྱེད་ཡིན་ནོ། ། དེ་ལྟར་ན་ཟློས་གར་གྱི་ཚུལ་འདི་ཡང་བསྟན་པའི་ཞབས་འདེགས་དང་། བྱང་ཆུབ་སྒྲུབ་པའི་ལམ་གྱི་སྤོགས་འདོན་དུ་ཤེས་པར་བྱ་ཡི། བྱིས་པའི་རོལ་རྩེད་ལྟ་བུ་དང་། གཟིགས་མོར་འཕྱར་གཡེང་ཙམ་དུ་མི་དགོངས་པར་འཚལ།”②ཞེས་པ་ལས་གླིང་ཚང་གིས་འཁྲབ་གཞུང་འདི་བརྩམས་པའི་དགོངས་གཞི་གསལ་བོར་རྟོགས་ནུས། གླིང་ཚང་གི་འཁྲབ་གཞུང་ནི་རྟོགས་བརྗོད་འདི་ག་རྩོམ་རིག་མི་རིགས་ཅན་དུ་གྱུར་ཟིན་པའི་དན་རྟགས་ཤིག་ཀྱང་ཡིན། དེ་བས་རྟོགས་བརྗོད་འདི་བོད་འགྱུར་བྱུང་བའི་གོ་རིམ་ཁྲོད། ཡུལ་དུས་ཀྱི་རྗེས་ཤུལ་རྟོགས་བརྗོད་སྟེང་ཆགས་ཏེ་གཙོ་བོ་ལུས་ལྟ་བུའི་ཕོ་མོའི་བརྩེ་བ་སྟོན་པའི་བརྗོད་བྱ་དང་ཕལ་བ་ཡན་ལག་ལྟ་བུའི་ཆོས་ལུགས་ཀྱི་ནང་དོན་སྟོན་པའི་བརྗོད་བྱའི་བསམ་བློ་གཉིས་གྲུབ་ཡོད།

དེ་བས《རཱ་མ་ཎའི་རྟོགས་བརྗོད》ལས་རྒྱལ་པོ་རཱ་མ་ཎས་སྲིན་པོའི་རྒྱལ་ཁམས་བཅོམ་པ་ནི་མཛེས་སྡུག་དཔལ་གྱིས་སྒེག་པའི་བཙུན་མོ་སཱི་ཏཱ་འཕྲོག་རྩོད་བྱས་པ་ལས་བྱུང་བའི་རྐྱེན་གྱིས་གཡུལ་ལས་རྒྱལ་རྗེས་རྒྱལ་པོ་རཱ་མ་ཎས་རྒྱལ་སྲིད་སྤངས་ཏེ་བཙུན་མོ་སཱི་ཏཱ་དང་ལྷན་
དུ་དབེན་པའི་ནགས་སུ་ཞུགས་པས། བརྩེ་དུང་ནི་དམག་འཁྲུག་གི་འབྱུང་རྐྱེན་དང་གཡུལ་ལས་རྒྱལ་བྱེད་ཀྱི་སྟོབས་ཤུགས་ཡིན་ཞེས་བྱུང་ནའང།“ལོ་རྒྱུས་སྙན་རྩོམ་གྱིས་གནའ་རབས་ཀྱི་དམག་འཁྲུག་གི་ལོ་རྒྱུས་བརྗོད་པ་ཡིན”①ཞེས་པ་ལྟར་ལོ་རྒྱུས་སྙན་རྩོམ་མམ་སྒྲུང་རབས་ཆེན་མོ་ནི་གནའ་རབས་སུ་དམག་འཁྲུག་བརྒྱབ་པའི་ལོ་རྒྱུས་གཞིར་བཟུང་སྟེ་བྱུང་བ་ཡིན་པས། 《རཱ་མ་ཎའི་རྟོགས་བརྗོད》ཀྱི་བརྗོད་གཞི《རཱ་མ་ཡ་ཎ》ཡང་གནའ་རབས་ཀྱི་དམག་འཁྲུག་གི་ལོ་རྒྱུས་གཞིར་བཟུང་ནས་བརྩམས་པར་འདོད། རྒྱུ་མཚན་ནི། བོད་དུ་གྲགས་ཆེ་བའི《བྱ་སྤྲེལ་གཏམ་རྒྱུད》ཀྱང་ཚིག་ངོས་ནས་ཡུལ་བཀྲ་ཤིས་མཛེས་དགའི་རི་ཀུན་བཟང་ཞེས་པར་བྱ་སྤྲེལ་གཉིས་ཀྱིས་རི་དེའི་སྐེད་པ་བརྩད་དེ་འཐབ་རྩོད་བྱུང་ཚུལ་བརྗོད་ཀྱང་།
དོན་དངོས་སུ་གོར་བོད་གཉིས་ཀྱི་དམག་འཁྲུག་ཤུགས་ལ་བརྗོད་པ་ཡིན། དེའི་སྐོར་ལ་བོད་ཀྱི་ལོ་རྒྱུས་དྲིས་ལན་བརྒྱ་བ་ལས།“དབྱིན་ཇི་བཙན་རྒྱལ་རིང་ལུགས་པས་གོར་ཥར་ངན་སྐུལ་བྱས་ཐོག 1842ལོར་གོར་ཥས་སྔར་བཞག་མནའ་གན་བོར་ཏེ་གཉའ་ནང་དང་སྐྱིད་རོང་བལ་བོར་སྤྲོད་དགོས་པའི་ཚུལ་མིན་གྱི་རེ་ངན་བཏོན་པ་བཀའ་ཤག་གིས་དང་ལེན་མ་བགྱིས་སྟབས། 1855ལོར་གོར་ཥས་བཙན་འཛུལ་དམག་འཁྲུག་བསླངས་ཏེ་སྐྱིད་གྲོང་དང་རྫོང་དགའ། གཉའ་ནང་སོགས་རིམ་བཞིན་བཙན་གྱིས་བཟུང་། མཐར་བཀའ་བློན་དང་བཀྲ་ཤིས་ལྷུན་པོ། ས་སྐྱ། གདན་ས་གསུམ་གྱི་འཐུས་མི་བལ་ཡུལ་དུ་སོང་ནས་ཞི་བའི་གྲོས་མོལ་གནང་ཐོག་འདྲ་མཉམ་མིན་པའི་ཆིངས་ཡིག་མི་འཇོག་ཐབས་མེད་བྱུང་། དེ་ནི་བོད་ཀྱི་ལོ་རྒྱུས་སྟེང་བཞག་པའི་འདྲ་མཉམ་མིན་པའི་ཆིངས་དོན་ཐོག་མ་ཡིན།”②ཞེས་པ་ལྟར་དོན་དངོས་སུ་གཏམ་རྒྱུད་འདིས་བྱ་སྤྲེལ་གཉིས་ཀྱི་ས་རྩོད་ཙམ་བརྗོད་པ་མིན་པར། བྱ་ཡིས་བོད་དང་སྤྲེལ་གྱིས་གོར་ཥ་མཚོན་པར་བྱས་ཏེ་གོར་ཥས་བོད་ལ་བཙན་འཛུལ་བྱས་པའི་ལོ་རྒྱུས་ཤུགས་ལ་བརྗོད་ཡོད་པས་སོ། ། དེའི་སྐོར་ལ་ཆབ་འགག་རྟ་མགྲིན་གྱིས་བརྩམས་པའི《བོད་ཀྱི་རྩོམ་རིག་ལོ་རྒྱུས》ལས།“རཱ་མ་ཎའི་རྟོགས་བརྗོད་ནི་རྒྱ་གར་གྱི་གདོད་མའི་སྤྱི་ཚོགས་ལམ་ལུགས་ཕྱོགས་ཡོངས་ནས་ཉམས་རྒུད་དུ་གྱུར་ཏེ་བྲན་གཡོག་ལམ་ལུགས་ཀྱི་རྒྱལ་ཕྲན་སིལ་མ་མང་པོ་བྱུང་བས། རྒྱལ་ཕྲན་ཕན་ཚུན་བར་གཅིག་ཁོངས་གཅིག་ལ་སྡུད་པ་དང་བུད་མེད་དང་རྒྱུ་ནོར་འཕྲོག་རྩོད་ཀྱི་འཐབ་འཁྲུག་མང་དུ་བྱུང་བ་བརྗོད་ཡོད”③ཅེས་པ་བཞིན་རྟོགས་བརྗོད་འདིའི་ཤུགས་ལ་སྦས་པའི་ལོ་རྒྱུས་དངོས་ནི་རྒྱ་གར་གདོད་མའི་སྤྱི་ཚོགས་ནས་བྲན་གཡོག་ལམ་ལུགས་སྤྱི་ཚོགས་སུ་བར་བརྒལ་བྱེད་སྐབས་སུ་རྒྱལ་ཕྲན་སིལ་མ་ཕན་ཚུན་གཅིག་ཁོངས་གཅིག་སྡུད་ཀྱི་དམག་འཁྲུག་བརྒྱབ་པའི་ལོ་རྒྱུས་ས་བོན་གཞིར་བྱས་ཏེ་དྲང་སྲོང་གྲོག་མཁར་གྱིས་འཆར་ཡན་རང་བཞིན་ལྡན་པའི་སྙན་ངག་གི་ལམ་ནས་དཔའ་བོ་དང་མཛེས་མའི་བརྩེ་དུང་གི་གཏམ་རྒྱུད་ལ་སྦྱར་ཏེ་བརྩམས་པ་ཡིན།

མཇུག་སྡོམ།
མདོར་ན་རྟོགས་བརྗོད་ལས་རྒྱལ་པོ་རཱ་མ་ཎས་ཚང་
ཚིང་ནགས་སུ་གནས་པའི་སྤྲེའུ་གྲོགས་སུ་བཀུག་ནས་སྲིན་རྒྱལ་འབོད་སྒྲོགས་ལ་གཡུལ་བྱས་ཏེ་སྲིན་ཡུལ་བཅོམ་པའི་གཏམ་རྒྱུད་ཁྱད་མཚར་བ་ཞིག་བཤད་ཀྱང་།འདིའི་ཤུགས་ལ་སྦས་པའི་ལོ་རྒྱུས་དངོས་ནི་གནའ་བོའི་རྒྱ་གར་གདོད་མའི་སྤྱི་ཚོགས་ནས་བྲན་གཡོག་ལམ་ལུགས་སྤྱི་ཚོགས་སུ་བར་བརྒལ་བྱེད་སྐབས། ཕོ་བྲང་ནང་ཁུལ་དུ་སྲིད་དབང་འཕྲོག་རྩོད་ཀྱི་འགལ་བ་དང་བྲན་གཡོག་རྒྱལ་ཁབ་ཕན་ཚུན་བར་མངའ་ཁོངས་དང་རྒྱུ་ནོར། བུད་མེད་སོགས་འཕྲོག་རྩོད་ལས་བྱུང་བའི་དམག་འཁྲུག་གི་ལོ་རྒྱུས་རྣམས་ཡིད་སྤྲུལ་ཕུན་སུམ་ཚོགས་པའི་འཆར་ཡན་གྱི་ལམ་ནས་སྤྲེའུ་དང་སྲིན་པོ་འཐབ་པའི་རྣམ་པར་བརྗོད་ཅིང་། དེ་དག་ཕན་ཚུན་གཡུལ་བསྲེས་དོན་ཡང་བུད་མེད་འཕྲོག་རྩོད་ལ་རྐྱེན་བྱས་ཚུལ་བརྗོད་དེ་དཔའ་བོ་དང་མཛེས་མའི་བརྩེ་དུང་གི་གཏམ་རྒྱུད་ཤུགས་ཆེར་བརྗོད་ཡོད། དེར་མ་ཟད་རྟོགས་བརྗོད་བྱུང་འཕེལ་ལས་བྲམ་ཟེ་ཆོས་ལུགས་དང་རིགས་རྒྱུད་ལམ་ལུགས་སོགས་ཀྱི་ནང་དོན་ལྡན་པར་གྱུར་ལ། ཁྱད་པར་དུ་ཞང་ཞུང་པས་སངས་རྒྱས་ཆོས་ལུགས་ཀྱི་བསམ་བློ་བསྣན་པས་བོད་པ་ཅན་དུ་བསྒྱུར་པའི་དབུ་བརྩམས་ཤིང་། གླིང་སྐལ་བཟང་ལེགས་བཤད་རྒྱ་མཚོས་འཁྲབ་གཞུང་ཁྲོད་སངས་རྒྱས་ཆོས་ལུགས་ཀྱི་ལྟ་གྲུབ་དང་ཡུལ་སྲོལ་གོམས་གཤིས། བོད་པའི་མཛེས་འཛིན་གྱི་ལྟ་བ་སོགས་དང་མཐུན་ཞིང་གར་སྟེགས་སྟེང་འཁྲབ་སྟོན་བྱས་ཆོག་པའི་འཁྲབ་གཞུང་གསར་རྩོམ་གནང་བ་ནི་རྟོགས་བརྗོད་འདི་བོད་པ་ཅན་དུ་གྱུར་ཟིན་པའི་རྟགས་ཡིན་པས། ང་ཚོར་རྩོམ་རིག་འཕེལ་རྒྱས་ཀྱི་ཡང་རྩེ་ནི་རྩོམ་རིག་མི་རིགས་ཅན་དུ་བསྒྱུར་དགོས་པའི་ཆོས་ཉིད་བསྟན་པ་ཡིན་ནོ། །
* སྐལ་ལྡན་དོན་གྲུབ། མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང2019ལོའི་དེང་རབས་རྩོམ་རིག་རབ་འབྱམས་ཞིབ་འཇུག་སློབ་མ།

①[印度] 蚁蛭著 季羡林译 罗摩衍那(森林篇)[M]译林出版社 2018:5.


① 张光智编.世界文化史古代卷[M].浙江人民出版社,1999:125.

② བསོད་ནམས་སྐྱིད་དང་དབང་རྒྱལ་གྱིས་ཕྱོགས་སྒྲིག་དང་འགྲེལ་བཤད་བྱས། ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ། [M] མི་རིགས་དཔེ་སྐྲུན་ཁང་། 1983:145.


① བཀྲ་ཤིས་ཚེ་རིང་གིས་གཙོ་སྒྲིག་བྱས། བོད་སྤྱི་བཤད། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2008:92.


① 钱穆讲述叶龙记录整理.中国文学史[M]天地出版社,2016:4.

②③ ཞང་ཞུང་ཆོས་དབང་གྲགས་པ། རཱ་མ་ཎའི་རྟོགས་བརྗོད། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1981:26.187.


① རིན་ཆེན་བཀྲ་ཤིས་དང་བསོད་ལོ། རིན་ཆེན་རྡོ་རྗེ་བཅས་ཀྱིས་འདེམ་སྒྲིག་བྱས། སྔོན་བྱོན་མཁས་པའི་ངག་རིག་རིན་ཆེན་གཏེར་མཛོད། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2020:6.

② 董健、马俊山著.戏剧艺术十五讲[M].北京大学出版社,2020:36.


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1