གཙོ་ངོས།>> དེང་རབས་མི་སྣ།>>སྒྱུ་རྩལ་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༢ལོའི་ཟླ་བ་༠༣ཚེས་༣༠ཉིན།

༄༅། །ལྷ་སྐྱིད།

ནས་ཁུར་བུ་མོ། བོད་ཀྱི་གཞས་མ་གྲགས་ཅན་ལྷ་སྐྱིད།


ངོ་སྤྲོད་མདོར་བསྡུས།

        དེ་ཡང་གཞས་མ་ལྷ་སྐྱིད་ནི་1985ལོར་སི་ཁྲོན་དཀར་མཛེས་ཁུལ་གསེར་རྟ་རྫོང་གསེར་སྨད་ཀྱི་རོང་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་། སྤྱི་ལོ་2004ལོར་ལྷག་བསམ་དཀར་བའི་གྲོགས་པོ་གཉེན་ཉེ་དུ་མའི་རྒྱབ་སྐྱོར་དང་སྐུལ་མ་ལ་བརྟེན་ནས་གླུ་གར་གྱི་སྟེགས་བུར་གོམ་པ་དང་པོ་སྤོས། སྤྱི་ལོ་2005ལོར་ཕ་ཡུལ་གསེར་རྟ་རྫོང་དབུ་ཚུགས་ནས་བགྲང་བྱ་ང་ལྔ་ལོན་པའི་མཛད་སྒོའི་ཐོག །ས་གནས་གཞས་པའི་ཚབ་མཚོན་བྱས་ཏེ《ཕ་ཡུལ་གསེར་རྟ》ཞེས་པའི་གླུ་དབྱངས་བླངས་པས་ཉན་མཁན་ཁྲི་སྟོང་མང་པོའི་དགའ་བསུ་ཆེན་པོ་ཐོབ། སྤྱི་ལོ་2010མཚོ་སྔོན་རྒྱང་བསྒྲགས་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱིས་རོགས་སྒྲུབ་བྱས་པའི《གངས་ཆབ་ཟེགས་མའི་འགྱུར་ཁུགས》ཞེས་པའི་རིག་རྩལ་སྤྲོ་ཚོགས་ཆེན་མོ་སྟེ་པི་ཝང་གི་འཇིག་རྟེན་ཞེས་པའི་ལོ་སར་དགོང་ཚོགས་ཆེན་མོར་ཞུགས། 2014ལོར་ཁམས་པའི་བརྙན་འཕྲིན་གྱི་དགའ་སྤྲོའི་བོད་འབྲེལ་ས་ཁུལ་དུ་བསྐྱོད་པ་ལས། བོད་དམག་ཡུལ་ཚོ་རུ་བསྐྱོད་པའི་སྤྱི་ཕན་མཛད་སྒོར་དགའ་མོས་ངང་མཉམ་ཞུགས་བྱས། 2018ལོར་དགེ་རྒན་ཆེན་མོ་རྡོ་རེད་ལགས་དང་མཉམ་དུ《ནས་ཁུར་བུ་མོའི》ཆེད་བསྒྲིགས་ཁག་བཞི་པ་སྟེ་སྲིད་པའི་དབྱངས་རྟ་ཞེས་པ་ཕབ་བསྐྲུན་དང་། དགེ་སློབ་མཉམ་དུ་ཁམས་པའི་བོད་སྐད་བརྙན་འཕྲིན་གྱི་ལོ་སར་དགོང་ཚོགས་སུ་ཞུགས་ཏེ། ཨ་མདོའི་དཀྲོལ་ལེན་སྒྱུ་རྩལ་གྱི་ཁྱད་ཆོས་འབུར་དུ་ཐོན་པའི་དཀྲོལ་ལེན་ཞིག་གངས་ཅན་སྤུན་ཟླ་ཡོངས་ཀྱི་སྙན་ལམ་དུ་ཕུལ། 2019ལོར་ཁམས་པ་བརྙན་འཕྲིན་དགའ་སྤྲོའི་བོད་འབྲེལ་ས་ཁུལ་དུ་བསྐྱོད་པའི་ལེ་ཚན་ལས། བྱང་སྡེ་ཉི་མ་རྫ་ཆུ་ཁའི་ཡུལ་མི་སྤུན་ཟླ་ཡོངས་ཀྱི་སྙན་དབང་གསོ་བའི་བདུད་རྩི་རུ་སྙན་པའི་གླུ་གཞས་དབྱངས་སུ་དྲངས། 2020ལོར་ཁམས་པའི་བརྙན་འཕྲིན་གྱི《དགའ་སྤྲོའི་གླིང་ག》སྐབས་གསུམ་པར་ཞུགས་ནས། མི་རིགས་རང་གི་རིག་གནས་སྒྱུ་རྩལ་བཞད་གད་དང་གླུ་གཞས་རྩེད་མོ་སོགས་ཀྱིས་རྒྱ་ཆེའི་ལྟད་མོ་བའི་ཡིད་གར་གཤིས་བཟང་ཡ་རབས་ཀྱི་བོད་མོ་དག་མའི་སྣང་བརྙན་བཞེངས། 2021ལོར་ཨ་མདོ་བོད་སྐད་བརྙན་འཕྲིན་གྱི་གངས་རིའི་སྐར་རྒྱན་ལེ་ཚན་དུ་མོ་རང་གི་ཆེད་བསྒྲིགས་ནས་ཁུར་བུ་མོ་ཁག་ལྔ་པ་སྟེ་གཡས་འཁྱིལ་དུང་གི་སྒྲ་དབྱངས་ཞེས་པ་དེར་མདོ་དབུས་ཁམས་ཀྱི་སྣ་མང་གླུ་གཞས་འཚོལ་བསྡུ་དང་སློབ་སྦྱོང་བྱས་ཤིང་རང་རང་གི་རོལ་ཆ་དང་དཀྲོལ་སྟངས། གཞན་ཡང་སྐད་དང་ཡུལ་དེའི་གྱོན་ཆས་སོགས་ཞིབ་ཅིང་ཕྲ་བར་བསྒྲིགས་ཏེ། ཕྱོགས་ཀུན་ནས་གྲ་འཛོམས་པོའི་ཆེད་ཚོགས་ཕུན་སུམ་ཚོགས་པ་ཞིག་ལེགས་གྲུབ་བྱུང་ཞིང་རྒྱ་ཆེའི་གསན་མཁན་ཡོངས་ཀྱི་རྣ་བའི་གསོས་དང་མིག་གི་བདུད་རྩི་རུ་གྱུར།
བཅར་འདྲིའི་ལེའུ།
        གསར་འགོད་པ། ཁྱེད་རང་གླུ་གཞས་སྒྱུ་རྩལ་གྱི་ལམ་དུ་ཞུགས་པའི་ཐོག་མའི་ཀུན་སློང་ངམ་གོམ་པ་དང་པོ་དེ་གང་ནས་བརྩམས་པ་ཡིན། སློབ་སྦྱོང་གི་བརྒྱུད་རིམ་ཅི་འདྲ་ཡིན་ནམ།
        ལྷ་སྐྱིད། ཐོག་མའི་ཀུན་སློང་ངམ་གོམ་པ་དང་པོ་འདི་ནས་བརྩམས་པ་ཡིན་ཞེས་གསལ་ཐག་ཆོད་པོ་ཞིག་རང་གིས་ཀྱང་དྲན་བཞིན་མི་འདུག །སྐབས་དེ་རང་ཉིད་ལ་མཚོན་ན་སྤྱིར་བཏང་གི་རོང་མོ་དཀྱུས་མ་ཞིང་ལས་བྱེད་མཁན་ཞིག་ཡིན། ད་ལྟ་ལྟ་བུའི་བརྙན་སྡེར་དང་ཟེར་སྡེར་སོགས་ལྟ་ས་དང་ཉན་ས་མང་པོ་ཡང་མི་འདུག གཙོ་བོ་སྒྲ་ཐག་འགའ་རེ་ཉན་ཐུབ་པ་ཙམ་ཡིན། དེ་དུས་ནས་གླུ་གཞས་ལེན་རྒྱུ་ལ་དགའ་མཁན་ཞིག་ལས་རང་ཉིད་གཞས་མ་ཞིག་ཡོང་བའི་རེ་བའམ་ཀུན་སློང་གང་ཡང་མེད་མོད། དེ་སྐབས་ང་ཚོའི་ཕ་ཡུལ་ན་ཁྱིམ་ཚང་སོ་སོའི་ལོ་སར་སོགས་ཀྱི་སྐབས། གླུ་ལེན་དང་བྲོ་འཁྲབ་གཞས་གར་སོགས་རྩེད་མོ་རྒྱུན་དུ་རྩེ་སྲོལ་ཡོད། དེ་སྐབས་ངས་ཀྱང་གཞས་ཆ་རེ་བླངས་མྱོང་ལ། ལོ་ལོན་ཆ་རེས་བསྟོད་པ་ཡང་བྱས་མྱོང་། དེ་ནི་ཕལ་ཆེར་ང་རང་གླུ་གཞས་ལམ་ཁར་བསྙེག་པའི་གོམ་པ་དང་པོ་དེ་ཡིན་རྒྱུ་རེད་བསམ། དེ་ནས་བཟུང་ཐོག་མར་བོད་ཡིག་གི་རྨང་གཞི་འབྲི་ཀློག་ནས་བརྩམས་ཏེ་སློབ་སྦྱོང་གི་འགོ་བརྩམས་པ་ཡིན།
        གསར་འགོད་པ། ཁྱེད་ཀྱི་ཆེད་བསྒྲིགས་ཐོག་མ་ནས་ཁུར་བུ་མོའི་ཕབ་སྐྲུན་གྱི་རྒྱབ་ལྗོངས་སམ་དེ་འབྲེལ་གྱི་གཏམ་རྒྱུད་གང་འདྲ་འདུག །
        ལྷ་སྐྱིད། ངས་ཆེད་བསྒྲིགས་ཐོག་མ《ནས་ཁུར་བུ་མོ》དེ་སྤྱི་ལོ་2009ལོའི་ལོ་མཇུག་ཙམ་ནས་འགོ་བརྩམས་ཏེ་2010ལོར་ཕབ་སྐྲུན་བྱས་པ་ཡིན། དེའི་ནང་གི་གཞས་ཚིག་རྩོམ་པ་པོ་དང་དབྱངས་རྩོམ་པ་པོ། མདོར་ན་བྱ་བ་ཞིག་གི་འགོ་བརྩམས་ཚེ་འབྲེལ་ཡོད་མི་སྣ་མང་པོ་འབྲེལ་ཡོད་པ་ཆོས་ཉིད་རེད། ཚང་མས་རྒྱབ་སྐྱོར་བླ་མེད་འོག་ཏུ་གྲུབ་པ་ཡིན་ལ། ཁྱད་པར་དུ་ཐོག་མཐའ་ཀུན་ཏུ་ངའི་ཨ་ཞང་ཟླ་བ་དོན་གྲུབ་ཀྱིས་གཙོ་འགན་ཁུར་ནས་ལེགས་གྲུབ་བྱུང་བ་ཡིན་ལགས།
        གསར་འགོད་པ། གླུ་གཞས་དགོང་ཚོགས་ཁྲོད་ཁྱེད་ཀྱིས་དཀྲོལ་ལེན་ཙམ་མ་ཟད། བོད་ཀྱི་ཡུལ་ལུང་སོ་སོའི་གླུ་གཞས་སྒྱུ་རྩལ་འཁྲབ་སྟོན་གྱ་ནོམ་པ་ཞིག་བྱས་ནས་ཀུན་གྱི་ཡིད་སེམས་བཀུག་སོང་། འདིའི་སློབ་སྦྱོང་གི་བརྒྱུད་རིམ་དང་ཐོག་མའི་སེམས་འདུན་སྐོར་ནས་ཁ་བརྡ་རེ་གནང་རོགས།

        ལྷ་སྐྱིད། ངོ་མ་རང་ཉིད་ལ་བསམ་ན་ཤེས་ཡོན་དང་སྒྱུ་རྩལ་གང་གི་ཕྱོགས་ནས་ཀྱང་ངོམས་འོས་པའི་འཇོན་ཐང་གང་ཡང་མེད་མོད། ཡིན་ནའང་བོད་ཀྱི་གར་སྟེགས་འགྲིམས་པའི་བོད་ཀྱི་གཞས་མ་ཙམ་གྱི་མིང་ཐོགས་པ་དང་རང་ཉིད་ཀྱིས་ལོ་ཤས་རིང་སློབ་སྦྱོང་ཅུང་ཙམ་བྱས་པ་དེ། རང་ཉིད་ལ་དགའ་མཁན་ཉན་མཁན་གྲོགས་པོ་ཡོངས་ལ་ལེགས་སྐྱེས་ཙམ་འབུལ་འདོད་པའི་ཀུན་སློང་གིས་ཡིན། དེ་ཡང་ཨ་མདོའི་དཀྲོལ་ལེན་པ་གྲགས་ཅན་དགེ་རྒན་རྡོ་རེད་དང་། ལྷ་སའི་སྟོད་གཞས་ནང་མའི་དགེ་རྒན་བཀྲ་ཤིས་རྡོ་རྗེ་ལགས། གཞན་ཁམས་འབའ་གཞས་ཀྱི་རྒྱུན་འཛིན་པ་དགེ་རྒན་སྐལ་བཟང་ནོར་བུ་བཅས་ཆེད་དུ་གདན་འདྲེན་ཞུས་ཏེ། ཁོང་རྣམ་པའི་བཀའ་སློབ་དང་འཛུབ་ཁྲིད་ལ་ཉན་ནས་སློབ་སྦྱོང་གི་སྐལ་བཟང་ཐོབ་པའི་བཀའ་དྲིན་ལས། ད་རེས་ཀྱི་དགོང་ཚོགས་དེ་ཡང་ལེགས་གྲུབ་བྱུང་བ་ཡིན།

        གསར་འགོད་པ། ཁྱེད་རང་གི་བུ་མོས་ཀྱང་གླུ་གཞས་དང་རོལ་ཆས་སོགས་སྦྱོང་བཞིན་པ་མཐོང་ཡོད་པས། གླུ་གཞས་སྒྱུ་རྩལ་གྱི་ལམ་བུའི་ཐོག་བུ་མོས་རང་ལ་བློ་བསྐྱེད་ཅི་འདྲ་ཐེབས་སོང་།
        ལྷ་སྐྱིད། སློབ་གྲྭའི་ངལ་གསོ་སྐབས་དང་ནངས་ནུབ་རྣམས་སུ་བུ་མོ་དང་མཉམ་དུ་རོལ་མོའི་སྐོར་དང་གླུ་གཞས་སྐོར་གྱི་སྐད་ཆ་དང་སློབ་སྦྱོང་ཅུང་ཙམ་རེ་བྱས་པ་ཡིན། སྤྱིར་གྲོང་ཁྱེར་ཆེ་ས་ན་སློབ་སྦྱོང་གི་ཆ་རྐྱེན་འཛོམས་པོ་རེད། ཡིན་ན་ཡང་མི་རིགས་རང་གི་རིག་གནས་ཤིག་ཤེས་དགོས་ཚེ་སློབ་གྲྭའི་ར་བ་ཁོ་ན་ལས་མཐར་ཆགས་སུ་ཤེས་ཁག་པོ་རེད། དེ་བས་རང་གིས་ཀྱང་སློབ་སྦྱོང་ཅི་ནུས་བྱ་རྒྱུ་དང་ཤེས་རྒྱུ་དེ་བུ་མོ་ལའང་ཅུང་ཙམ་སློབ་ཐུབ་ན་ཕན་པ་འདུག་སྙམ། སྐབས་རེར་བུ་མོའི་འདྲི་ཚིག་རེ་རེས་རང་ལའང་འདང་རྒྱག་ས་མང་པོ་འདུག །གང་ལྟར་བུ་མོས་རང་གི་སློབ་སྦྱོང་ལ་སྐུལ་མ་ཐེངས་མང་ཐེབས་མྱོང་།
        གསར་འགོད་པ། ཁྱེད་རང་གླུ་གཞས་སྒྱུ་རྩལ་གྱི་གོམ་ཁ་ཐོག་མ་བསྒྱུར་བ་ནས་ད་ལྟའི་བར་དུ་རང་ཉིད་ལ་དགོངས་འཆར་ཅི་འདྲ་འདུག།།
        ལྷ་སྐྱིད། གལ་ཏེ་རང་གིས་བྱ་བ་ཞིག་བསྒྲུབ་དགོས་ཚེ་ངེས་པར་དུ་དེའི་སྐོར་ལ་སློབ་སྦྱོང་ཅུང་ཙམ་མི་བྱེད་ཐབས་མེད་རེད། གཞས་བླངས་ན་ཡང་དེ་དང་འདྲ་པོ་རེད། སློབ་སྦྱོང་བྱེད་རྒྱུ་དེ་གལ་ཆེན་རེད་བསམ། ཅི་འདྲའི་མི་ཤེས་མཁན་ཞིག་ཡིན་ཡང་སློབ་སྦྱོང་བྱས་དང་མ་བྱས་ལ་ཁྱད་པར་ཆེན་པོ་འདུག།།རང་ལ་མཚོན་ན་ཡང་ཐོག་མའི་རྨང་གཞི་ཧ་ཅང་ཞན་པས། སློབ་སྦྱོང་གང་བྱས་ཀྱང་མཐར་ཕྱིན་པ་ཞིག་ཤེས་ཐུབ་ཀྱི་མི་འདུག ཡིན་ནའང་སློབ་སྦྱོང་ཕྲན་ཙམ་བྱས་པས་ཐ་ན་ཡང་དེ་དེ་འདྲ་རེད་ཐལ་བསམ་པ་ཙམ་དང་ཡང་ན་རགས་རིམ་ཙམ་ཤེས་ཐུབ་བཞིན་འདུག །ལོ་མང་པོ་ཞིག་ལ་གླུ་གཞས་ཀྱི་ལམ་ཁ་འདིའི་བརྒྱུད་རིམ་ཁྲོད་རང་གིས་ནམ་རྒྱུན་འདི་ལྟར་བསམ་བཞིན་ཡོད།
        གསར་འགོད་པ། ད་ལྟ་ཁྱེད་རང་གིས་དཀྲོལ་ལེན་སྒྱུ་རྩལ་གྱི་འཛིན་སྐྱོང་སྤེལ་གསུམ་ཐད་ནུས་པ་མི་དམན་པ་ཐོན་བཞིན་ཡོད་ལ། སློབ་མ་ཡང་མང་པོ་སྐྱོང་བཞིན་ཡོད་པས། འདིའི་སྐོར་ནས་མྱོང་བའམ་བརྗོད་འདོད་པའི་སྐད་ཆ་ཅི་ཡོད་ལགས།
        ལྷ་སྐྱིད། སྤྱིར་དཀྲོལ་ལེན་རིག་གནས་འདི་འཛིན་སྐྱོང་སྤེལ་གསུམ་ལ་ཕྱག་རྗེས་ཆེ་བའི་དགེ་རྒན་དང་དཀྲོལ་ལེན་པ་གྲགས་ཅན་མང་པོ་བཞུགས་ཡོད། ང་འདྲ་ཞིག་གིས་ཕན་ཆེན་པོ་ཐོགས་ནི་མ་རེད་ལ། དགོས་ནི་ཡང་མ་རེད་དེ། ཡིན་ནའང་རང་ཉིད་དཀྲོལ་ལེན་བྱེད་མཁན་ཞིག་གི་ངོས་ནས་བསམ་ནས། རང་ནུས་གང་ཡོད་ཀྱིས་འདི་ལ་སྲི་ཞུ་ཅུང་བསྒྲུབ་པའི་མོས་པ་དང་འདུན་པ་ཙམ་ཡོད། དགེ་རྒན་ཟེར་བའི་ཡིག་འབྲུ་འདི་གཉིས་ཧ་ཅང་བརྗིད་ཆེ་བས་ངས་ཁུར་མི་ཐེག་མོད། གང་ལྟར་དགའ་ཕྱོགས་གཅིག་པའི་ངོ་ཤེས་འགའ་རེར་མཉམ་དུ་དཀྲོལ་ལེན་སློབ་སྦྱོང་བྱས་པ་ཡིན། རོལ་མོ་དཀྲོལ་ན་འདྲ། གླུ་བླངས་ན་ཡང་འདྲ། མི་འགའ་རེ་དང་མཉམ་དུ་སློབ་སྦྱོང་བྱས་ན་གོ་བ་གསར་པ་དང་ཉམས་མྱོང་བརྗེ་རེས་སོགས་ཀྱི་ཕན་པ་འདུག

        གསར་འགོད་པ། མ་འོངས་པར་ཉིད་ལ་འཆར་གཞི་ཅི་འདྲ་ཡོད་དམ།

        ལྷ་སྐྱིད། ཐོག་མའི་དགའ་ཕྱོགས་དེ་རང་ཉིད་ཀྱི་འོས་འགན་དུ་བཟུང་ནས། རང་མི་རིགས་ཀྱི་རིག་གནས་སྐྱེད་ཚལ་ལ་སྲི་ཞུ་ཅུང་ཙམ་ཡོང་བ་དང་། རང་ལ་དགའ་མཁན་གྱི་གྲོགས་པོ་གྲོགས་མོ་ཡོངས་ཀྱི་རེ་བ་སྟོང་ཟད་མི་བྱེད་པའི་རེ་བ་དང་འཆར་གཞི་ཡོད། མཇུག་མཐར་ཚང་མ་ཁ་དགེ །བཀྲ་ཤིས།
        མདོར་ན་གཞས་མ་ལྷ་སྐྱིད་ནི་རྒན་བཀུར་ཆུང་བྱམས་ཀྱི་གུས་བརྩི་རང་ཆས་སུ་གྲུབ་ཅིང་། བོད་སྐད་གཙང་མ་བཤད་ཅིང་བོད་གཞས་དག་མ་ལེན་པའི་བོད་ཀྱི་ན་གཞོན་གཞས་མ་ཞིག་ཡིན་པར་མ་ཟད། ཆ་གང་ནས་ཀྱང་བོད་ཁམས་ཀྱི་གཞས་མ་རྩེ་གྲས་ཤིག་ཏུ་གྱུར་ཡོད། དཔེར་ན། བཅར་འདྲི་ཞིག་ལས། བདག་ནི་ནམ་ཡང་བོད་ཀྱི་གཞས་མ་ཆེས་ཕལ་བ་ཞིག་ལས་མཚན་སྙན་གྱི་ཆེ་བ་ཅི་ཡང་མེད། ཡིན་ནའང་། བདག་གི་གླུ་སྐད་ལ་བོད་པ་མང་པོ་ཞིག་གིས་དགའ་བསུ་དང་ཁས་ལེན་ཐོབ་ཡོད་པ་ཙམ་གྱི་ཆ་ནས། ངས་ནམ་ཡང་བོད་སྐད་གཙང་མ་བཤད་ནས་བོད་ལྭ་རྣལ་མ་གྱོན་བཞིན། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱིས་ཕྱུག་པའི་དབྱངས་རྟ་མང་པོ་ཞིག་ལ་དུས་རབས་གསར་པའི་ཟུངས་ཁྲག་བསྣོན་པ་ལ་ཤ་ཐང་དུ་འབད་བཞིན་ཡོད་ཅེས་པའི་གླེང་མོལ་ཐུང་ངུ་དེས་ཀྱང་ཁོ་མོའི་སྒྱུ་རྩལ་གྱི་དད་འདུན་དང་གཞན་དྲིང་མི་འཇོག་པའི་ཤེས་རྒྱ་དེ་མཚོན་ནོ། །དེ་སྔོན་བོད་ཀྱི་མིང་དུ་གྲགས་པའི་དཀྲོལ་ལེན་པ་རྒན་རྡོ་རེད་ལགས་དང་ལྷ་སའི་སྲོལ་རྒྱུན་སྟོད་གཞས་ནང་མ་སོགས་དཀྲོལ་ལེན་པ་རྒན་བཀྲ་ཤིས་རྡོ་རྗེ། གཞན་ཡང་འབའ་གཞས་ལེན་སྟངས་དང་པི་ཝང་འཐེན་མཁན་ཕུལ་དུ་བྱུང་བའི་དགེ་རྒན་སྐལ་བཟང་ནོར་བུ་སོགས་ལས། མདོ་དབུས་མདོ་ཁམས་གསུམ་གྱི་གླུ་གཞས་ལེན་སྟངས་དང་རོལ་མོ་དཀྲོལ་རྩལ་ལ་སྦྱང་བ་ནན་ཏན་བྱས། ད་ལྟ་ཡང་བོད་ཀྱི་གནའ་དེང་གི་རིག་གནས་སྤྱི་དང་། སྒོས་སུ་རོལ་མོ་དཀྲོལ་རྡུང་སོགས་ལ་རང་ནུས་ཡོད་རྒུས་སློབ་སྦྱོང་བྱེད་མུས་སུ་མཆིས་སོ། ། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1