པེད་ཏིན་གྱིས་ཨ་མེ་རི་ཁའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྒེར་གྱི་ཉེས་གཅོད་ལ་རྒོལ་བའི་བཅའ་ཁྲིམས་ཐོག་མའི་སྟེང་མིང་བཀོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 04-01


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཟླ་གསུམ་པའི་ཚེས་ཉེར་དགུ་ཉིན་ཨ་མེ་རི་ཁའི་ལོ་རྒྱུས་སྟེང་གི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྒེར་གྱི་ཉེས་གཅོད་ལ་རྒོལ་བའི་བཅའ་ཁྲིམས་ཐོག་མའི་སྟེང་མིང་བཀོད་པ་དང་། སྒེར་གྱི་ཉེས་གཅོད་དེ་ཐོག་དང་པོར་རྒྱལ་ཕྲན་མཉམ་འབྲེལ་གྱི་བཅའ་ཁྲིམས་ཁྲོད་འཁོན་འཛིན་ནག་ཉེས་ཀྱི་གྲས་སུ་བཞག་པ་རེད། 
        པེད་ཏིན་གྱིས་ཕོ་བྲང་དཀར་པོ་ནས་སྤེལ་བའི་མིང་འགོད་མཛད་སྒོའི་སྟེང་བཤད་རྒྱུར། ལོ་ངོ་བརྒྱ་ཕྲག་ལྷག་གི་དུས་ཚོད་ནང་སྒེར་གྱི་ཉེས་གཅོད་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་འཆར་ཟིན་བརྒྱ་ཕྲག་འགའ་རྒྱལ་ཚོགས་ནས་རྩིས་མེད་དུ་བཏང་བ་དང་། སྒེར་གྱི་ཉེས་གཅོད་ནི་ཨ་མེ་རི་ཁའི་རིགས་རྒྱུད་གནད་དོན་གྱི་སྣང་ཚུལ་ཞིག་རེད་ཟེར། 
        ཨ་མེ་རི་ཁ་རུ་འཁོན་འཛིན་ནག་ཉེས་ཞེས་པ་ནི་ཚོགས་ཁག་ག་གེ་མོར་དམིགས་པའི་མཐོང་ཆུང་དང་ཕྱོགས་རིས་ཀྱིས་སྐུལ་བའི་ནག་ཉེས་བྱ་སྤྱོད་ཅིག་ལ་གོ་བ་དང་། གནོད་ཐེབས་མཁན་མང་བོ་ནི་གྲངས་ཉུང་རིགས་རྒྱུད་ཀྱི་ཚོགས་ཁག་རེད། དེའི་སྔོན་ཨ་མེ་རི་ཁའི་འཁོན་འཛིན་ནག་ཉེས་དང་འབྲེལ་བའི་རྒྱལ་ཕྲན་མཉམ་འབྲེལ་གྱི་བཅའ་ཁྲིམས་ནང་དུ་སྒེར་གྱི་ཉེས་གཅོད་དེ་འཁོན་འཛིན་ནག་ཉེས་གྲས་སུ་བཞག་མེད། 
        པེད་ཏིན་གྱིས་ཉིན་དེར་བཀོད་པའི་བཅའ་ཁྲིམས་འཆར་ཟིན་གྱི་མིང་ལ་ཨེ་མུས་ཐི་ཏིས་ཨར་གྱི་སྒེར་གྱི་ཉེས་གཅོད་ལ་རྒོལ་བའི་བཅའ་ཁྲིམས་ཞེས་འབོད་པ་དང་། རྒྱལ་ཕྲན་མཉམ་འབྲེལ་གྱི་བཅའ་ཁྲིམས་དེའི་འོག སྒེར་གྱི་ཉེས་གཅོད་བཀོལ་བར་སྐྱོན་འཛུགས་བྱས་པའི་མིར་ཆེས་མཐོ་ན་ལོ་ངོ་སུམ་ཅུའི་བཙོན་འཇུག་བྱས་ཆོག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1