༄༅། །སེར་ཤུལ་རྫོང་གི་རྣམ་པར་སྣང་མཛད་ཀྱི་བྲག་བརྐོས་ཁག་གསུམ།

བསོད་ནམས་རྡོ་རྗེ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-12


དང་པོ། སེར་ཤུལ་རྫོང་གི་བྲག་ལྷ་མོ། 


    བྲག་ལྷ་མོ་ནི་ད་ལྟའི་སི་ཁྲོན་ཞིང་ཆེན་སེར་ཤུལ་རྫོང་ལོ་ཕྱུག་གྲོང་རྡལ་དུ་གནས་ཡོད་ལ། རྟ་མདའ་ཞེས་པའི་ལུང་པ་སྟེ། སེར་ཤུལ་རྫོང་ནས་ལོ་ཕྱུག་གྲོང་རྡལ་གྱི་བརྒྱུད་ལམ་དུ་གྲོང་རྡལ་དང་ལེ་བར་15ལྷག་གི་སར་བྲག་ལྡེབས་ཁ་ལྷོ་འཁོར་ངོས་སྙོམས་པོ་ཞིག་གི་ངོས་སུ་བརྐོས་ཡོད། བྲག་བརྐོས་དེ་ཁག་གཉིས་ཀྱིས་གྲུབ་ཡོད་དེ། གཙོ་སྐུ་རྣམ་པར་སྣང་མཛད་དང་བྱང་སེམས་འཁོར་གཉིས་བཅས་སྐུ་གསུམ་དང་། སྐུའི་གཡས་ཕྱོགས་དང་ཞབས་ལ་བརྐོས་པའི་རྡོ་བརྐོས་ནི་ཁ་བྱང་ངམ་བསྔོ་སྨོན་གྱི་ཡི་གེ་ཡིན།

 


སེར་ཤུལ་རྫོང་ལོ་ཕྱུག་གྲོང་རྡལ་གྱི་བྲག་ལྷ་མོ།

    བྲག་བརྐོས་ཀྱི་ལྷ་སྐུ་ལས་གཙོ་སྐུ་རྣམ་པར་སྣང་མཛད་ཕྱག་གཉིས་མཉམ་བཞག །ཞབས་དཀྱིལ་ཀྲུང་དང་སྐུ་དྲང་པོར་སྲོང་སྟེ་སེང་གེ་གཉིས་ཀྱིས་བཏེགས་པའི་པད་འདབ་ཉིས་བརྩེགས་ཀྱི་ཁྲི་ལ་བཞུགས་ཡོད་ཅིང་། དཔུང་པ་གཉིས་སུ་དཔུང་རྒྱན་གསོལ་ཡོད་ལ། མགུལ་དུ་མེ་ཏོག་དང་མུ་ཏིག་གི་དོ་ཤལ་དང་མགུལ་རྒྱན་གསོལ་བ། དབུ་ལ་མེ་ཏོག་གམ་མུ་ཏིག་སོགས་རིན་པོ་ཆེའི་རྩེ་གསུམ་པའི་དབུ་རྒྱན་མནབས་པ། དབུ་སྐྲ་རྒྱབ་ཏུ་དཔྱངས་བའི་རྣམ་པ་མངོན་ལ། དབུ་ལ་ཁམ་བུའི་དབྱིབས་ཀྱི་འོད་གོར་མེ་ལྕེ་ཡི་ཟེར་མ་འཕྲོ་བ། རྒྱབ་འོད་ཉིས་བརྩེགས་ཅན་དུ་བཞེངས་ཡོད། སྤྱན་གྱི་དཀྱུས་རིང་ལ་བྱམས་པ་དང་བརྩེ་བ་མངོན་པའི་ཞི་བའི་རྣམ་པར་ཡོད། སྙན་ཤལ་ཕྲག་པ་དང་མཉམ་ལ་སྙན་རྒྱན་མེ་ཏོག་གི་དབྱིབས་ལྟ་བུས་བརྒྱན་པ། སྐུ་སྟོད་དུ་བླ་གོས་དར་ཕྲ་མོ་ཞིག་ཕྱག་གཡས་པའི་མཆན་འོག་ནས་ཕྲག་པ་གཡོན་པར་དཀྲིས་ནས་རྒྱབ་ཏུ་གཟར་ཡོད། སྐུ་སྨད་ལ་སྐ་རགས་ལྟེ་བའི་སྨད་ཙམ་ལ་བཅིངས་ཤིང་སྨད་གཡོགས་མནབས། པད་གདན་གྱི་ཁྲི་སེང་གེ་གཉིས་ཀྱིས་བཏེགས་པས་མའི་གཞུང་རྟ་སྤོམ་པ་ཞིག་གིས་ཁུར་བ་མངོན་ལ། གཡོན་ཕྱོགས་ཀྱི་སེང་གེའི་ཁོག་སྟོད་ཀྱི་ཆ་བྲག་ངོས་ཆག་གྲུམ་བྱུང་བས་མི་མངོན། ཁྲི་ཞབས་སུ་བྲག་བརྐོས་སྐུ་བརྙན་གྱི་མཛད་བྱང་དང་བསྔོ་སྨོན་བརྐོས་ཡོད་པ་གཤམ་གྱི་བཤུས་ཡིག་ཁ་པར་གཟིགས། གཙོ་སྐུའི་གཡས་ཕྱོགས་ཀྱི་བྲག་ལྡེབས་སུ་སྐུའི་མཛད་བྱང་བྲིས་པ་ཡི་གེ་ཀ་པར་གཟིགས།

    གཡོན་ཕྱོགས་ཀྱི་འཁོར་ནི་འཕགས་པ་སྤྱན་རས་གཟིགས་བཞེངས་སྟབས་ཀྱི་རྣམ་པ་སྟེ། སྐུའི་མཐོ་ཚད་ལ་320cmལྷག་དང་། དཔུང་བའི་ཞེང་ལ་56cmཙམ་ཡོད། སྐུ་ཟུར་ཀྱིས་བཞེངས་ཤིང་དབུ་ཞྭ་རྒྱན་ཅན་རྩེ་ཡོད་པ་གསོལ་བ། དབུའི་རྒྱབ་ཏུ་ཁམ་བུའི་དབྱིབས་ཀྱི་འོད་གོར་གྱི་ཟེར་མཆེད་པ། གདོང་གི་སྤྱན་དཀྱུས་རིང་བ་ཞི་བའི་རྣམ་པ་མངོན། དབུ་གཙོ་སྐུ་ལ་ཅུང་དུད་པའི་རྣམ་པར་འདུག །རྣ་བ་གཡོན་པའི་སྙན་ཤལ་ཕྲག་པ་དང་མཉམ་ལ་སྙན་རྒྱན་མེ་ཏོག་གི་དབྱིབས་ལྟ་བུས་རྒྱན་པ། མགུལ་དུ་སྐེ་རྒྱན་དང་དཔུང་བ་གཉིས་སུ་དཔུང་རྒྱན་རྩེ་མོ་ཅན་གྱིས་བརྒྱན་པ། ལག་པ་གཡོན་པ་སྙིང་ཁར་ཕྱག་ཏུ་མེ་ཏོག་པད་པ་འདབ་མ་གྲོལ་མ་ཐག་པ་རྐང་གཅིག་བསྣམས་པ། ཕྱག་གཡས་པས་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་ཡོད། བླ་གོས་དར་ཕྲ་མོ་ཞིག་ཕྲག་པ་གཡོན་ནས་རྒྱབ་ཏུ་གཟར་འདུག སྨད་གཡོག་མནབས་ཤིང་གོས་དར་ཕྲ་མོས་རྐང་པ་གཉིས་ལ་དཀྲིས་ཡོད་པ་མཐོང་ལ། དཀྲིས་རིས་གསུམ་མངོན་འདུག ཞབས་སོར་པད་འདབ་གཉིས་བརྩེགས་ཀྱི་ཁྲི་ལ་འཁོད་ཡོད་པ་ཙམ་ལས་གསལ་པོར་མི་མངོན། པད་འདབ་རྒྱས་ཤིང་ཆེ་ལ། ལྷག་པར་གྲོལ་བའི་རྣམ་པར་མཐོང་།

    གཙོ་སྐུའི་གཡས་ཕྱོགས་འཁོར་ནི་ཕྱག་ན་རྡོ་རྗེ་གེར་བཞེངས་ཀྱི་རྣམ་པ་སྟེ། སྐུའི་མཐོ་ཚད་ལ་333cmལྷག་དང་། དཔུང་སྟབས་ཞེང་ལ་62cmལྷག་ཡོད། སྐུ་ལུས་གཙོ་སྐུ་ལ་ཟུར་གྱིས་ཕྱོགས་ཤིང་མགོ་བོ་ཅུང་དུད་པའི་རྣམ་པར་འདུག །དབུ་རྒྱན་རྩེ་གསུམ་ཅན་དབུས་སུ་སྐུ་གཅིག་བཞུགས་སུ་གསོལ་བ་ཞིག་མནབས་པ། དབུ་སྐྲ་རྒྱབ་དུ་དཔྱངས་པ། དབུའི་རྒྱབ་ཏུ་ཁམ་བུའི་དབྱིབས་ཀྱི་རྒྱབ་འོད་ཟེར་འཕྲོ་བ་ཡོད་ལ། གདོང་གི་སྤྱན་དཀྱུས་རིང་བ་ཞི་བའི་རྣམ་པ་དང་། སྙན་ཤལ་ཕྲག་པ་དང་མཉམ་ལ་རྒྱན་མེ་ཏོག་གི་དབྱིབས་ལྟ་བུས་རྒྱན། མགུལ་དུ་དོ་ཤལ་དང་དཔུང་བ་གཉིས་སུ་དཔུང་རྒྱན་གྱིས་རྒྱན་པ། ཕྱག་གཡས་པ་སྙིང་ཁར་ཕྱག་ཏུ་མེ་ཏོག་པད་པ་འདབ་མ་གྲོལ་བ་ཞིག་བསྣམས། ཕྱག་གཡས་པས་སྐྱབས་སྦྱིན་གྱི་ཕྱག་རྒྱ་མཛད་ལ། ཕྱག་གཉིས་སུ་ལག་གདུབ་མནབས། བླ་གོས་དར་ཕྲ་མོ་ཞིག་ཕྱག་གཡས་པའི་མཆན་ནས་ཕྲག་པ་གཡོན་པར་དཀྲིས་ལ་རྒྱབ་ཏུ་གཟར་འདུག་ཅིང་སྣེ་མོ་རྐང་པ་གཡས་པའི་པུས་མོའི་རྒྱབ་ངོས་བར་དུ་དཔྱངས་འདུག །སྐ་རགས་དང་སྐུ་སྨད་ལ་སྨད་གཡོག་དཀྲིས་ཡོད་པ་མཐོང་ལ། ཞབས་རྗེན་གྱིས་ཞབས་སོར་གཉིས་པད་འདབ་ཉིས་བརྩེགས་གི་ཟེའུ་འབྲུའི་སྟེང་ལ་འཁོད་ཡོད་པ་གསལ་པོར་མངོན། པད་པའི་འདབ་མ་རྒྱས་ཤིང་ཆེ་ལ། གོང་འོག་ཉིས་བརྩེགས་སུ་བཞད་འདུག །

སེར་ཤུལ་རྫོང་ལོ་ཕྱུག་གྲོང་རྡལ་གྱི་བྲག་ལྷ་མོའི་བྲག་བརྐོས་མཛད་བྱང་། ཀ་པ།




བྲག་བརྐོས་ཀྱི་མ་ཡིག་ཀ་པའི་བཤུས་ཡིག ། 




༄། །བཙན་པོ་བྱང་ཅུབ་སེམས་དཔཱ་ཁྲྀ་སྲོང་ལྡེ་བརྩན་གྱྀ་སྐྀུའྀ་རིང་ལ

བསོད་ནམས་ཆེ། དབུ་རྨོག་བརྩན་ཏེ། ཕྱོགས་བཅུར་མཐཱ་སྐྱེས་ནས

སྤད་རིང་དར་ཏོ ཐེག་པ་ཆེན་པོ་མདཱོ་སྡེ་མྔ་མོ་ཞིག་གཏན་ལ་བབ་པར་བསྒྱུར་ཏོ

ཁྲི་རྒྱལ་ལ་སྩོགསྤ་བརྒྱ་སྟོང་པྲག་དུ་མ་ཞྀག་ཐྼ་པྼ་ཞུགསོ

གཙུག་ལག་ཁང་རྒྱས་པར་བརྩྀགསྟེ། རྐྱེན་འབངས་ད་རྗེ་ཞྀང་ལ

ལྡན་པར་ཕུལ། དམ་པའྀ་ཆོས་ལ་ནཾ་དུ་ཡྔ་མྱྀ་འཇིག་པར་

扬 二 □ 造

□ད་པ་ཆེན་པོ་བཞེསྟེ་བརྟན་པར་□ུ□སོ། །

扬 扬 二 二 造 仏 也


 

སེར་ཤུལ་རྫོང་ལོ་ཕྱུག་གྲོང་རྡལ་གྱི་བྲག་ལྷ་མོའི་བྲག་བརྐོས་མཛད་བྱང་། ཁ་པ།




བྲག་བརྐོས་ཀྱི་མ་ཡིག་ཁ་པའི་བཤུས་ཡིག ། 




༄། སེམས་ཅན་གཅིག་གི□། ཐོགྨ་མྱེད་པའྀ་དུས་ཙམ་གྱྀ། སྐྱེ་ཤྀའི་རྣམ་གྲངས་སྙེད་ཀྱིསུ།

མྱྀ་སྐྱར་བེེ་སེམས་ཀྱྀས་དོན་ཀྱང་བྱ། དེ་ལྟར་དེ་བཞྀན་མ་ལུས་པཻ།

□ཅ་མྱྀ་བུ་ཡྔ། སྐྱྀད་ལུས□པྼ་སེཾས་ཅན་མྱ་ངན་བཟླ་བར་སེམས་བསྐྱེད་དོ། ཆོས་ན་སྟོང་སྟེ་མྱི་དམྱྀགས་བ། ཤེས་རབ་ཀྱིས་ནི་གསལ་རྟོགས་ཏེ། ཐབྶ་མཁྶ་ལྡན་པ་མྀ་དམྀགྶ་པར།

དགེེའ་བའྀ་རྣམས་གྲངས་ཀུན་རྫོགས་སྤྱད། དཾ་པེེ་ཆོས་ཀྱི་གཞུང་འདི་དག□ ྶཐོས་ནས་རྟོགསྟེ་ཡི་རང་བ། །བླ་ན་མྱེད་པེེ་བྱང་ཆུབ་གྱི། ཕྱིར་□གྱི་པ་ཡྔ་དག་འགྱུར།



གཉིས་པ། སེལ་ཤུལ་རྫོང་ཁྲོམ་བཟའ་འགབ་མ་ཤུག་པ་གནས་རིའི་བྲག་བརྐོས་རྣམ་སྣང་། 




    ཁྲོམ་བཟའ་འགབ་མ་ནི་ད་ལྟའི་སེར་ཤུལ་རྫོང་གི་གྲོང་རྡལ་ཞིག་ཡིན་ལ། རྫོང་དང་ལེ་དབར་བརྒྱ་ལྷག་ཆོད་ཡོད། གྲོང་རྡལ་དང་ལེ་དབར་1.5ཙམ་གྱི་སར་ཤུག་པ་གནས་རི་ཟེར་བའི་རྫ་རི་མཐོན་པོའི་འདབས་སུ་བྲག་རྡོའི་སྟེང་དུ་ལྷ་སྐུ་དང་བྲག་བརྐོས་ཡི་གེ་ཁག་བཅུ་གསུམ་ཙམ་བརྐོས་ཡོད་ཅིང་། བྲག་བརྐོས་ཀྱི་ཚོགས་དེའི་ཞིབ་ཕྲའི་ས་གནས་ནི་ཁ་ཕྱོགས་ལྷོ་ནུབ་230°མཚམས་སུ་ཕྱོགས་ལ། སའི་གོ་ལའི་བྱང་གི་འཕྲེད་ཐིག་N32°52′36″དང་ཤར་གྱི་གཞུང་ཐིག་ལ་E98°36′40″མཚོ་ངོས་ལས་མཐོ་ཚད་སྨིད་3910m མཚམས་སུ་གནས་པོའི་བཙན་པའི་སྐབས་ཀྱི་བྲག་བརྐོས་ཀྱི་ཚོགས་ཤིག་རེད། རིའི་འདབས་སུ་འཕྲེད་དུ་བྲག་བརྐོས་ཁག་བཅུ་གསུམ་ཙམ་ཡོད་ལ། བྲག་བརྐོས་ཁག་བདུན་པར་བྲག་རྡོ་ཟུར་གསུམ་ངོས་སྙོམས་པོ་ཅན་ཞིག་ཏུ་རྣམ་སྣང་དང་སྐུ་སྟོད་ཅིག་བརྐོས་འདུག་སྟེ། སྐུའི་མཐོ་ཚད་ལ་68cm དང་ཞེང་ལ་37cm ཙམ་ཡོད། ཕྱག་གཉིས་མཉམ་བཞག་དང་དཀྱིལ་ཀྲུང་གིས་པད་འདབ་ཉིས་བརྩེགས་ཀྱི་ཁྲི་ལ་བཞུགས་ཤིང་། སྐུ་སྟོད་དུ་དར་གྱི་ལམ་བུའམ་བླ་གོས་ཕྲག་པ་གཡོན་ནས་གཡས་ཀྱི་མཆན་འོག་ནས་དཀྲིས་ཡོད་པས་ལག་པ་གཡས་པ་དཔུང་རྗེན་དང་། སྐུ་སྨད་ལ་སྨད་གཡོག་མནབས་པ། སྐུའི་རྒྱབ་ཡོལ་བརྐོས་རིས་ཉིས་བརྩེགས་ཕྱི་ལ་མེ་ལྕེ་མཆེད་པ་དང་དབུ་འོད་ཁམ་བུའི་དབྱིབས་ཅན་མེ་ལྕེའི་ཟེགས་མ་མཆེད་པ། དབུའི་གཙུག་ཏོར་རམ་དབུ་ཞྭ་སྒོར་སྒོར་ཅུང་མཐོན་པོ་ཅན་དབུ་རྒྱན་རྩེ་མོ་གསུམ་ཅན་གསོལ་བ། དཔུང་རྒྱན་དང་སྐེ་རྒྱན་གསོལ་ཡོད་ལ། སྤྱན་གྱི་དཀྱུས་རིང་བ་བསམ་གཏན་ལ་བཞུགས་པའི་རྣམ་པར་བཞེངས་ཡོད། སྐུའི་གཡོན་ངོས་དང་གཤམ་དུ་སྐུའི་བསྟོད་པའི་བརྐོས་ཡིག་གཤར་ཁ་བརྒྱད་འདུག་སྟེ། མཇུག་ཏུ་གཡུང་དྲུང་གི་རྟགས་卍ཀྱིས་རྒྱ་བཏབ་འདུག །


སེལ་ཤུལ་རྫོང་ཁྲོམ་བཟའ་འགབ་མ་ཤུག་པ་གནས་རིའི་བྲག་བརྐོས་རྣམ་སྣང་།




བྲག་བརྐོས་མ་ཡིག་ཞལ་བཤུས། 




1.༄། །བསོད་ནཾས་

2.ལྷུན་གྱྀས་གྲུབ་པེེ༼ཡེེ སེེ༽སྐུ། བསྒྲིབས་

3.ཆོས་རྣཾས་ཡོངསུ་བསྩལྡ། །བྱང་ཆུབ་མཆོག་རྙེད་ཀུ

4.ཁྱབ། །ལྷུན་ཀྱིས་གྲུབ་པ་ཡེ་ཤེས་བཞྀ། དམྱིགས་མྱེད་མཉཾ་བ་ནཾ་གེེ་བྱེད

5.མ་རཱ་རྟག་པ་གཡུང་དྲུང་སྟེ། །རྣཾ་པར་སྣང་ཛད་ཡང་དག་པས། །བདག་གྀས་སོལ

6.ཅིང་མཆོད་ཕྱག་འཚལ། །ཿ། །གཅུང་ཀྱྀ་སློབ་མ་ལྨ་སྨན་ལེགས་གུས་པའྀ་སེམས་ཀྱིས་

7.འགྲོ་བའྀ་སེམས་ཆན་སུ་ཞིག་གིས། །མཐོང་སྟེ་ ཕྱག་འཚལ་ས་ནསུ་། །ཀླགས་༼བླགས༽ཤིང་བསྟན་པ་དང་། །

8མཐཱ་ཡས་མ་ལུས་སེམས་ཆན་ཀུན། །བླ་མྱེད་བྱང་ཆུབ་གྲུབ་པར་སྨོན། །卍

སེལ་ཤུལ་རྫོང་ཁྲོམ་བཟའ་འགབ་མ་ཤུག་པ་གནས་རིའི་བྲག་བརྐོས་རྣམ་སྣང་གི་བཀབ་བཤུས།




གསུམ་པ། སེལ་ཤུལ་རྫོང་ལོ་ཕྱུག་གྲོང་རྡལ་དབེན་གུག་གྲོང་ཚོའི་རྣམ་སྣང་། 

སེལ་ཤུལ་རྫོང་ལོ་ཕྱུག་གྲོང་རྡལ་དབེན་གུག་གྲོང་ཚོའི་རྣམ་སྣང་།




    དབེན་གུག་གམ་དབྱེར་གོ་གྲོང་ཚོའི་རྣམ་པར་སྣང་མཛད་ཀྱི་བྲག་བརྐོས་ནི་སེར་ཤུལ་རྫོང་གི་ལོ་ཕྱུག་གྲོང་རྡལ་འབའ་དགའ་ཞང་དབྱེར་གོའམ་དབེན་གུག་གོང་ཚོར་ཡོད་ཅིང་། འབྲི་ཆུ་དང་སྨི་50ལྷག་གི་བར་ཐག་ཡོད། བྲག་བརྐོས་ཀྱི་ཞིབ་ཕྲའི་ས་གནས་ནི་180°ཕྱོགས་མཚམས་སུ་འཁོར་ཡོད་ལ། སའི་གོ་ལའི་བྱང་གི་འཕྲེད་ཐིག་N32.255°དང་ཤར་གྱི་གཞུང་ཐིག་ལ་E98.022°མཚོ་འཕགས་མཐོ་ཚད་སྨི་3326mགི་མཚམས་སུ་གནས་ཤིང་། རྡོ་ཕ་བོང་ཆེན་པོ་ངོས་སྙོམས་པོ་མཐོ་ལ་སྨི་4ཙམ་དང་ཞེང་དུ་སྨི་5ལྷག་གི་ངོས་སུ་སྣམ་པར་སྣང་མཛད་ཀྱི་སྐུ་བརྐོས་རིས་སུ་བཞེངས་ཡོད་དེ། སྐུའི་མཐོ་ཚད་ལ་300cmཞེང་དུ་253cmའདུག །རྣམ་སྣང་ཕྱག་གཉིས་མཉམ་བཞག་དང་སྐྱིལ་ཀྲུང་གིས་པད་འདབ་ཉིས་བརྩེགས་ཀྱི་ཁྲི་ལ་བཞུགས་ཤིང་སྐུ་སྟོད་དུ་དར་ཕྲ་མོ་གཅིག་གམ་བླ་གོས་ཕྲག་པ་གཡོན་པ་ནས་གཡས་པའི་མཆན་བརྒྱུད་སེ་རལ་དུ་དཀྲིས་འདུག །མགུལ་རྒྱན་དང་དཔུང་རྒྱན། ལག་གདུབ་གསོལ། དབུའི་ཐོར་ཚུགས་མཐོ་ལ་མཐའ་རུ་རྩེ་མོ་གསུམ་ཅན་གྱི་དབུ་རྒྱན་གསོལ་ཅིང་མགོའི་གཡས་གཡོན་གཉིས་སུ་དར་སྣེ་གཉིས་ཀྱང་མཐོང་། དབུ་རྒྱན་སྟེང་དུ་རི་མོའི་མཛེས་རིས་ཀྱིས་བརྒྱན། ཞལ་གྱི་དཀྱིལ་འཁོར་སྒོར་དབྱིབས་སུ་ཡོད་ལ་སྤྱན་ནི་དཀྱུས་རིང་། རྣ་རྒྱན་མེ་ཏོག་གི་དབྱིབས་སུ་ཡོད་པ་ཕྲག་མགོར་སླེབས་པ་གསོལ་ཡོད། དབུའི་འོད་གོར་དང་སྐུའི་རྒྱབ་ཡོལ་ལ་རི་མོ་ཉིས་བརྩེགས་ཡོད། སྐུའི་གཡོན་ངོས་སུ་ན་མོ་རྣཾ་པར་སྣང་མཛད་ཅེས་སྐུའི་ཚད་བརྐོས་ཡོད་དོ། །ས་གནས་འདིའི་མང་ཚོགས་ཀྱི་ངག་རྒྱུན་དུ་རྣམ་སྣང་གི་སྐུ་འདི་ནི་རྒྱ་བཟའ་ཀོང་ཇོས་བཞེངས་པར་བཤད་མོད། དེ་ནི་ངག་རྒྱུན་ཙམ་ལས་ལོ་རྒྱུས་ཀྱི་རྒྱབ་རྟེན་ཅི་ཡང་མི་མངའ། །


(རྩོམ་པ་པོ། བསོད་ནམས་རྡོ་རྗེ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་ཕྱག་ལས་གནང་བཞིན་ཡོད། )


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1