ཨེ་ཅིབ་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ཨ་རབ་མནའ་འབྲེལ་རྒྱལ་ཁབ་དག་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་གྲོས་མོལ་གྱི་འདུམ་འགྲིག་པར་འགྱུར་བར་གྲ་སྒྲིག་བྱེད་བཞིན་ཡོད་པའི་ཚུལ་བསྟན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 04-06


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྲུའུ་ཁའེ་ལི་ཡིས་ཚེས་བཞི་ཉིན་མའོ་སི་ཁོ་ནས་བསྟན་དོན། ཨ་རབ་རྒྱལ་ཁབ་མནའ་འབྲེལ་རྒྱལ་ཁབ་དག་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་གྲོས་མོལ་གྱི་འདུམ་འགྲིག་པར་གྱུར་ནས། གྲོས་མོལ་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་དང་། དམག་དོན་འགོག་རྒོལ་མྱུར་མོར་མཇུག་སྒྲིལ་བ། ཞི་བའི་ཐག་གཅོད་ཇུས་གཞི་འགོད་པར་གྲ་སྒྲིག་བྱེད་བཞིན་ཡོད་ཟེར། 
        ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་བཞི་ཉིན་འཚམས་འདྲིར་ཡོང་བའི་ཨ་རབ་མནའ་འབྲེལ་ཀྱི་ཝུའུ་ཁི་ལན་གནད་དོན་གྱི་འབྲེལ་གཏུགས་ཚན་ཆུང་དང་གྲོས་མོལ་བྱས་ཏེ། ཝུའུ་ཁི་ལན་གྱི་གནས་བབ་ལ་གྲོས་བསྡུར་བྱས། ཨ་རབ་ཀྱི་པུའུ་ཀྲང་རིམ་པའི་འཐུས་ཚབ་ཚོགས་པ་དེར་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཀའེ་ཐི་ཡིས་སྣེ་ཁྲིད་ཡོད་ཅིང་། ཁོངས་མིར་ཨེ་ཅིབ་དང་ཅོར་ཏན། ཨར་ཅི་རི་ཡཱ། དབྱི་རག སུའུ་ཏན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བཅས་ཀྱི་འཐུས་མི་འདུས། 
        ཧྲུའུ་ཁའེ་ལི་ཡིས་གྲོས་མོལ་བྱས་རྗེས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དམིགས་འབེན་ནི་ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་ཐད་ཀར་གྲོས་མོལ་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་རེད། ཨ་རབ་མནའ་འབྲེལ་གྱིས་མིག་སྔའི་འཁྲུག་རྩོད་ས་ཁུལ་གྱི་མི་ཆོས་རིང་ལུགས་གནས་བབ་དང་འཁྲུག་རྩོད་ལས་འཛམ་གླིང་ཡོངས་ཀྱི་ནུས་ཁུངས་དང་འབྲུ་རིགས་འདུས་པའི་དཔལ་འབྱོར་ཁྱབ་ཁོངས་སུ་བྱུང་བའི་ཤུགས་རྐྱེན་ངན་པར་སེམས་ཁུར་བྱེད་བཞིན་ཡོད་ཟེར། 
        ལཱ་ཧྥུའུ་ལོ་ཧྥུའུ་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་རབ་མནའ་འབྲེལ་གྱིས་ཝུའུ་ཁི་ལན་གནས་བབ་ཐད་ནས་ཆོད་དོན་སྤེལ་བར་བཀའ་དྲིན་ཞུས། ཁོས་ཨ་རབ་མནའ་འབྲེལ་གྱི་འཐུས་ཚབ་ཚོགས་པའི་བར་གྲོས་མོལ་བྱེད་སྐབས་ཨུ་རུ་སི་ཡིས་ཝུའུ་ཁི་ལན་ནས་དམིགས་བསལ་དམག་དོན་འགུལ་སྐྱོད་སྤེལ་བའི་དམིགས་འབེན་དང་། མིག་སྔའི་ཉམས་ཉེན་ཐག་གཅོད་བྱེད་པའི་མདུན་ལྗོངས། ཨུ་རུ་སིའི་ཕྱོགས་ཀྱིས་དོན་དེའི་ཐད་བཏོན་པའི་དཀའ་ཚེགས་དང་བརྩོན་འགྲུས་བཅས་རྒྱས་བཤད་བྱས། 
        ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཐུས་ཚབ་ཚོགས་པས་བསྟུད་མར་བརྙན་རིས་བརྒྱུད་དེ་གྲོས་མོལ་བྱེད་བཞིན་ཡོད་ཅིང་། གལ་ཏེ་གྲོས་མོལ་ལ་གྲུབ་འབྲས་ཐོབ་ན། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་མགོ་ཁྲིད་པས་གྲོས་མོལ་བྱེད་ཀྱང་སྲིད་ཟེར། ཁོས་བསྟན་དོན། ཝུའུ་ཁི་ལན་ཕྱོགས་ཀྱིས་གྲོས་མོལ་བྱེད་སྐབས་ཝུའུ་ཁི་ལན་གྱི་མིའི་ཁེ་ཕན་མཛུབ་སྟོན་དུ་བྱེད་པ་ལས། རྒྱང་ཐག་རིང་བའི་བློ་འདོན་པའི་བསམ་འཆར་ལ་ཉན་དགོས་མེད་ཟེར། ཨུ་རུ་སིའི་ཕྱོགས་ཀྱིས་བསྟུད་མར་ཝུའུ་ཁི་ལན་གྱི་འཁྲུག་རྩོད་དང་འབྲེལ་བའི་བརྡ་འཕྲིན་རྫུན་མ་ཐེར་འདོན་བྱེད་རྒྱུ་ཡིན་པ་དང་། ནུབ་ཕྱོགས་རྒྱལ་ཁབ་རེ་འགས་བརྡ་འཕྲིན་རྫུན་མ་དེ་དག་བེད་སྤྱད་དེ་འཕོང་དཀྲུག་རང་བཞིན་གྱི་རིགས་འདེད་བྱེད་རྩིས་ཡོད་ཟེར། ཁོས་ད་རུང་བསྟན་དོན། ནུབ་ཕྱོགས་རྒྱལ་ཁབ་དག་གི་ཁྲིམས་འགལ་དང་སྔོན་གྱི་ལོ་རྒྱུས་སྟེང་མེད་པའི་བཀག་སྡོམ་བྱེད་ཐབས་ལས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཐད་ཆམ་ཕབ་དྲག་པོ་བཏང་ཡོད་ཟེར། 
        ཨ་རབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཀའེ་ཐི་ཡིས་བསྟན་དོན། ཨ་རབ་རྒྱལ་ཁབ་དག་གིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་རྐྱེན་སྲོལ་ལས་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་པའི་གཏན་འཁེལ་ལས་རིམ་བརྩི་སྲུང་ནན་མོ་བྱེད་དགོས་པར་འདོད་པ་དང་། ཐོག་མཐའ་བར་གསུམ་དུ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྒྲོམ་གཞིའི་ནང་གྲོས་ཞིབ་བྱས་ཏེ་འབྲེལ་ཡོད་ཀྱི་བཀག་སྡོམ་ཆོད་དོན་སྤེལ་དགོས་བསམ་བཞིན་ཡོད་ཟེར། 
        རྒྱུས་ལོན་བྱུང་བ་ལྟར་ན། ཨ་རབ་མནའ་འབྲེལ་གྱི་འཐུས་ཚབ་ཚོགས་པ་ཚེས་ལྔ་ཉིན་ཕོ་ལན་གྱི་རྒྱལ་ས་ཧྭ་ཧྲ་རུ་སོང་ནས་ཝུའུ་ཁི་ལན་གྱི་ཕྱི་འབྲེལ་བློན་ཆེན་ཁུའུ་ལེ་པཱ་དང་གྲོས་མོལ་བྱེད་རྒྱུ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1