འཛམ་གླིང་གི་ཕྱུག་པོ་ཨང་དང་པོ་ཁོང་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-08


 
   ཨ་རིའི་རྒྱུ་ནོར་དུས་དེབ《ཧྥུའོ་པུའུ་སི》(Forbes)ཡིས་ས་གནས་དེ་གའི་དུས་ཚོད་ཚེས་5ཉིན་2022ལོའི་གོ་ལ་ཧྲིལ་པོའི་ཕྱུག་པོའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། ཨ་རིའི་བར་སྣང་འཚོལ་ཞིབ་ལག་རྩལ་ཀུང་སིའི་གསར་གཏོད་པ། ཐེ་སི་ལེའི་དབུ་བཞུགས་ལག་བསྟར་མཁན་ཨའེ་ལུང་·མ་སི་ཁེ(Elon Musk)ལ་རྒྱུ་ནོར་ཨ་སྒོར་དུང་ཕྱུར་2190ཡོད་པས་ཨ་མུ་ཟོང་གསར་གཏོད་པ་པེ་ཟོ་སེ་(Jeff Bezos)བརྗེས་ནས་འཛམ་གླིང་གི་ཕྱུག་པོ་ཨང་དང་པོར་གྱུར་ཡོད། འདི་ཡང་པེ་ཟོ་སེ་ལོ་བཞི་ཡི་རིང་ལ། ཐོག་དང་པོར་ཨང་རིམ་གཉིས་པར་གྱུར་པ་རེད། 
   《ཧྥུའོ་པུའུ་སི》ཡི་ནང་དམག་འཁྲུག་དང་། ཏོག་གསར་རིམས་ནད། རྐང་དངུལ་འཛིན་ལོར་གྱི་འཛའ་ཐང་ཆག་པ་སོགས་ལས་གོ་ལ་ཧྲིལ་པོའི་ཕྱུག་པོ་ཚོར་ཤུགས་རྐྱེན་ཆེན་པོ་བཟོས་ནས། 2022ལོར་གོ་ལ་ཧྲིལ་པོའི་ཕྱུག་པོའི་མིང་ཐོའི་ནང་མི་2668ལས་ཚུད་མེད། དེ་ནི་2021ལོ་ལས་མི་87ཉུང་དུ་ཕྱིན་འདུག 
   གཞན་ཡང་། 2022ལོར་ཨང་རིམ་ནང་ཚུད་མཁན་གྱི་རྒྱུ་ནོར་བསྡོམས་འབོར་ཨ་སྒོར་དུང་ཕྱུར་ཁྲི་12.7ཟིན་པ་དེ་2021ལོ་ལས་ཨ་སྒོར་དུང་ཕྱུར་4000ཉུང་དུ་ཕྱིན་ཡོད་པ་རེད། 
《ཧྥུའོ་པུའུ་སིའི》ནང་ད་ཐེངས་ཀྱི་མིང་ཐོའི་ནང་2022ལོའི་ཟླ་3ཚེས་11ཉིན་གྱི་མ་རྐང་རིན་གོང་དང་དངུལ་བརྗེས་འཛའ་ཐང་སྤྱད་དེ་དངོས་ཡོད་རྒྱུ་ནོར་རྩིས་བརྒྱབ་ཡོད་པ་དང་། འདས་ཟིན་པའི་ལོ་གཅིག་ནང་མ་སི་ཁེའི་རྒྱུ་ནོར་ཨ་སྒོར་དུང་ཕྱུར་680འཕར་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1