བོད་ལྗོངས་ཀྱིས་ཧྲང་ཧའེ་དང་ཅི་ལིན་ལ་རོགས་སྐྱོར་དངོས་ཟོག་སྐྱེལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 04-12





         ཟླ4པའི་ཚེས10ཉིན་རོགས་སྐྱོར་དངོས་ཟོག་ཁག་ཅིག་ལྷ་ས་གྲོང་ཁྱེར་ནུབ་ཟོག་འབབ་ཚིགས་སུ་རླངས་འཁོར་ནང་བླུགས་ནས་ཧྲང་ཧའེ་གྲོང་ཁྱེར་དང་ཅི་ལིན་ཞིང་ཆེན་སོགས་སུ་དབོར་གྲབས་བྱེད་བཞིན་ཡོད་པ་རེད། བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་ཧྲང་ཧའེ་གྲོང་ཁྱེར་དང་ཅི་ལིན་ཞིང་ཆེན་གྱི་རིམས་འགོག་ལས་དོན་སེམས་ལ་བཟུང་ནས། རིམས་འགོག་གི་འཚོ་བའི་དངོས་ཟོག་ཁག་གཅིག་འཕྲལ་དུ་རོགས་སྐྱོར་བྱ་རྒྱུའི་ཐག་བཅད་པ་སྟེ། བོད་ལྗོངས་ཀྱིས་ཧྲང་ཧའེ་གྲོང་ཁྱེར་ལ་ཟོག་ཤ་ཏུན100དང་རང་བྱུང་འཐུང་ཆུ་ཏུན3000རོགས་སྐྱོར་བྱ་རྒྱུ་དང་། ཅི་ལིན་ཞིང་ཆེན་ལ་རང་བྱུང་འཐུང་ཆུ་ཏུན5000རོགས་སྐྱོར་བྱ་རྒྱུ་རེད།

         མིག་སྔར། ཧྲང་ཧའེ་གྲོང་ཁྱེར་དང་ཅི་ལིན་ཞིང་ཆེན་གྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་གི་གནས་བབ་ཧ་ཅང་ཛ་དྲག་རེད། ཧྲང་ཧའེ་གྲོང་ཁྱེར་དང་ཅི་ལིན་ཞིང་ཆེན་ནི་ཁ་གཏད་བོད་སྐྱོར་གྲོང་ཁྱེར་དང་ཞིང་ཆེན་ཡིན་པའི་ངོས་ནས། དུས་ཡུན་རིང་པོའི་ནང་བོད་རང་སྐྱོང་ལྗོངས་ལ་རྒྱབ་སྐྱོར་དང་རོགས་རམ་གང་མང་བྱས་པས། ཧྲང་ཧའེ་གྲོང་ཁྱེར་དང་ཅི་ལིན་ཞིང་ཆེན་གྱི་རིམས་ནད་ལ་བོད་རང་སྐྱོང་ལྗོངས་ཡོངས་ཀྱི་མི་དམངས་ཁྲི360ཡིས་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད། བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་འབྲེལ་ཡོད་ས་ཁུལ་དང་གྲོང་ཁྱེར། སྡེ་ཁག་བཅས་དང་མཉམ་དུ་མྱུར་བར་ལས་དོན་སྤེལ་ནས་ལག་བསྟར་བྱས་པ་དང་། འབྲེལ་ཡོད་ཁེ་ལས་སྒྲིག་འཛུགས་བྱས་ཏེ་དངོས་ཟོག་ཐོན་སྐྱེད་དང་གྲ་སྒྲིག་ཡག་པོ་བྱས་ཤིང་། ལྕགས་ལམ་སྡེ་ཁག་དང་འབྲེལ་གཏུག་བྱས་ནས་སྐྱེལ་འདྲེན་བཀོད་སྒྲིག་བྱས་པ་རེད།  

         བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་ཏང་ཙུའུ་ཡི་ཁོངས་མི་དང་ཐིང་ཀྲང་གཞོན་པ་སུའུ་པིན་གྱིས་ངོ་སྤྲོད་བྱས་དོན། དངོས་ཟོག་ཁག་དང་པོ་དེ་ལྷ་ས་དང་གཞིས་རྩེ་ནས་ཧྲང་ཧའེ་གྲོང་ཁྱེར་དང་ཅི་ལིན་ཞིང་ཆེན་དུ་དབོར་ཏེ་ཉིན5ནས7བར་དམིགས་སར་འབྱོར་ངེས་རེད། “ས་གནས་དེ་གའི་བསྡུ་ལེན་ནུས་པར་གཞིགས་ཏེ་རྗེས་མཐུད་དངོས་ཟོག་ཁག་བགོས་ནས་དབོར་འདྲེན་བྱ་རྒྱུ་ཡིན། ང་ཚོས་ས་གནས་དེ་གའི་སྡེ་ཁག་དང་འབྲེལ་མཐུད་བཀོད་སྒྲིག་ཡག་པོ་བྱས་ཟིན་ལ། གང་མགྱོགས་སྒོས་སྐྱེལ་འདྲེན་བྱ་རྒྱུ་ཡིན།”ཞེས་སུའུ་པིན་གྱིས་དེ་ལྟར་བཤད་པ་དང་། ཁོང་གིས་ད་དུང“དངོས་ཟོག་འདི་དག་གི་ཁྲོད་བོད་ལྗོངས་མི་དམངས་ཀྱི་མཛའ་བརྩེ་ཟབ་མོ་འདུས་ཡོད་ལ། ཧྲང་ཧའེ་དང་ཅི་ལིན་གྱི་མི་དམངས་སྔ་ཙམ་ནས་དཀའ་ངལ་ལས་རྒྱལ་བར་རེ་བ་བྱེད་བཞིན་ཡོད།”ཅེས་བཤད་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1