གཙོ་ངོས།>> སྐྱེ་ཁམས།>>ཤེས་བྱ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༢ལོའི་ཟླ་བ་༠༤ཚེས་༡༣ཉིན།

༄༅།།འུར་ཆ་དོར་ནས་གཙང་པོའི་མགོ་ཁུངས་སྲུང་བ།

        རྨ་ཆུ་དང་འབྲི་ཆུ། རྫ་ཆུ་གསུམ་གྱི་མགོ་ཁུངས་ཡིན་པའི་མཚོ་སྔོན་ཞིང་ཆེན་གྱི་ལྷོ་ཕྱོགས་སུ་ཆགས་པའི་གཙང་གསུམ་འབྱུང་ཡུལ་ས་ཆར། གནའ་ནས་བཟུང“ཀྲུང་ཧྭའི་ཆུ་ལྕོག”དང“ཨ་ཤེ་ཡའི་ཆུ་ལྕོག”གི་མཚན་སྙན་ཐོབ་ཡོད་ལ། དེ་ནི་འཛམ་གླིང་གི་རྒྱ་མཚོའི་ངོས་ལས་ཆེས་མཐོ་བའི་ས་ཁུལ་དང་སྐྱེ་དངོས་སྣ་མང་རང་བཞིན་ཆེས་འཛོམས་པའི་ས་ཁོངས་ཤིག་ཡིན།
        རང་བྱུང་གི་འཕོ་འགྱུར་དང་། མིའི་རིགས་ཀྱི་འགུལ་སྐྱོད་སོགས་ཀྱི་སྟབས་ཀྱིས། གཙང་གསུམ་འབྱུང་ཡུལ་གྱི་རྩྭ་ས་ཞན་འགྱུར་བྱུང་མྱོང་ལ། ཆུ་བོའི་བཞུར་རྒྱུན་ཡང་ཆད་མྱོང་།
        2016ལོར། རང་རྒྱལ་གྱི་ཆེས་ཐོག་མའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱ་ཡུལ་ཏེ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱ་ཡུལ་མགོ་ཚུགས་པ་ནས་བཟུང་། “ཁྱིམ་ཚང་གཅིག་ལ་ལས་གནས་གཅིག”ཡོད་པའི་སྐྱེ་ཁམས་བདག་སྐྱོང་གི་སྤྱི་ཕན་ལས་གནས་ནང་རྐྱེན་དེ་ཀུན་གྱིས་དོ་སྣང་བྱ་ཡུལ་དུ་གྱུར། སྒྲིག་སྲོལ་ཚོད་ལྟ་བྱ་ཡུལ་གྱི་ཁྱབ་ཁོངས་ནང་སྲོལ་རྒྱུན་ཕྱུགས་ལས་གཉེར་མཁན་གྱི་འབྲོག་པ་རྣམས་སྐྱེ་ཁམས་བདག་སྐྱོང་པར་གྱུར་བས། ཁོ་ཚོས་འུར་ཆ་དོར་ནས་གཙང་གསུམ་མགོ་ཁུངས་སྲུང་ཞིང་། རྒྱལ་ཁབ་སྤྱི་གླིང་གི་ལྟ་སྲུང་པ་ངོ་མར་གྱུར།

ལྗང་མདོག་ལ་ལྟ་སྐྱོང་བྱས་ནས་གཙང་པོའི་མགོ་ཁུངས་སྲུང་སྐྱོབ་བྱེད་པ།
        ལོ་ན48ལ་སོན་པའི་འབྲོག་མོ་སྐྱེ་ཁམས་བདག་སྐྱོང་པ་བསོད་ནམས་དབང་མོ་ཚང་འབྲི་ཆུའི་མགོ་ཁུངས་ཡོད་སའི་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་དུ་ཡོད། གཡུ་འབྲུག་ལྟར་རྒྱུ་བའི་འབྲི་ཆུ་ཡིས། གནས་འདི་རུ“ལེ་དབར་ཁྲི་ཡི་འབྲི་ཆུའི་ཁུགས་སོ་དང་པོའི”མཚར་སྡུག་གི་མཛེས་ལྗོངས་གྲུབ་ཡོད།
        བསོད་ནམས་དབང་མོས་ཕྱོགས་གཅིག་ནས་གད་སྙིགས་བཏུ་བ་དང་། ཕྱོགས་གཅིག་ནས་སྐྱེ་ཁམས་བདག་སྐྱོང་པའི་གསོ་སྦྱོང་འཛིན་གྲྭའི་སྟེང་བསླབས་པའི་མན་ངག་སྟེ། “གསའ་ནི་བོད་སྐད་ཡིན་ལ། རྒྱ་སྐད་དུ་ཞུའེ་པའོ་ཟེར། གནའ་ནི་བོད་སྐད་ཡིན་ལ་རྒྱ་སྐད་དུ་ཡན་དབྱང་ཟེར། རྫི་བོར་འགྲོ་བ་ནི་སྐོར་སྲུང་གི་དོན་དང་། མཚོ་སྐོར་བ་ནི་ལྟ་ཞིབ་ཚད་ལེན་བྱེད་ཆེད་ཡིན། སྲོག་ཆགས་མཐོང་དུས་ཟིན་ཐོར་འགོད་དགོས”ཞེས་ངག་ནས་ཡང་ཡང་འདོན་བཞིན་འདུག
        སྔོན་ཆད་གནས་འདིའི་རྩྭ་ས་ཞན་འགྱུར་ཚབས་ཆེན་བྱུང་བ་དང་། ད་དུང་ས་ནག་ཐང་ཡང་བུད་མྱོང་། “རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱས་པ་དེས་ཕ་ཡུལ་གྱི་ཁོར་ཡུག་ལ་སྲུང་སྐྱོབ་བྱས་པ་སྔར་ལས་བཟང་ཞིང་། རི་སྐྱེས་སྲོག་ཆགས་མང་པོའང་ཕྱིར་ལོག་ཅིང་། ཆུ་ཡང་སྔོན་ཆད་དང་བསྡུར་ན་ཇེ་གཙང་དུ་གྱུར་ཡོད”ཅེས་བསོད་ནམས་དབང་མོས་དེ་ལྟར་བཤད།
        ཞལ་རས་ནག་མདངས་བཀྲ་ཞིང་། ལག་ཟུང་རྩུབ་མོར་ཆགས་པའི་དབང་ཕྱུག་ད་ལོར་ལོ49ཡིན་ལ། ཁོ་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་མགོ་ཁུངས་གླིང་ཁུལ་ཆུ་དམར་ལེབ་རྫོང་དོ་དམ་ཁྲུའུ་ཡི་སྐྱེ་ཁམས་བདག་སྐྱོང་པ་ཞིག་ཡིན། དབང་ཕྱུག་གི་ཁ་པར་དང་པར་ཆས་ཀྱི་ནང་དུ། གསའ་དང་ཤྭ་བ་མཆུ་དཀར་སོགས་མཐོ་སྒང་གི་རི་སྐྱེས་སྲོག་ཆགས་རྩ་ཆེན་གྱི་འདྲ་པར་མང་པོ་ཉར་ཡོད། རི་སྐྱེས་སྲོག་ཆགས་པར་ལེན་པ་དང་ཟིན་ཐོར་འགོད་རྒྱུ་ནི་དབང་ཕྱུག་གི་ལས་ཀའི་ཁྲོད་ཀྱི་གཅིག་ཡིན་ལ། ཁོའི་དགའ་ཕྱོགས་ཆེ་ཤོས་དེ་ཡང་ཡིན།
        “ད་ལྟ་རི་སྐྱེས་སྲོག་ཆགས་ཇེ་མང་ནས་ཇེ་མང་དུ་གྱུར་བ་དེ་ནི། རྩྭ་ས་ཇེ་བཟང་ནས་ཇེ་བཟང་དུ་གྱུར་བ་དང་། སྐྱེ་ཁམས་ཇེ་ལེགས་ནས་ཇེ་ལེགས་སུ་གྱུར་པས་རེད”ཅེས་དབང་ཕྱུག་གིས་མྱོང་ཚོར་ཟབ་མོའི་སྒོ་ནས་དེ་ལྟར་བཤད།
        དབང་ཕྱུག་ལོ་ཐོག་ལོ་བརྩེགས་ཀྱིས་རྒྱ་མཚོའི་ངོས་ལས་མཐོ་ཚད་ལ་སྨི4000ཡན་ཡོད་པའི་ས་ཁུལ་དུ་འདུར་རྒྱུག་བྱེད་བཞིན་ཡོད་ལ། ཟླ་རེར་གཟའ་འཁོར་གཅིག་ཡས་མས་ལ་རི་ལུང་དུ་བསྐྱོད་པ་དང་སྐོར་སྲུང་བྱེད་དགོས་ནའང་། ཁོ་ལ་ཐང་ཆད་པའི་སྣང་བ་སྐྱེ་མྱོང་མེད། ཁོས་བཤད་རྒྱུར། སྐྱེ་སྟོབས་རྒྱས་བཞིན་པའི་རྩྭ་དང་རྩི་ཤིང་རེ་རེ་དངོས་སུ་མཐོང་ཐུབ་པ་དང་། ཕ་ཡུལ་གྱི་རི་ཆུ་ལ་ལྟ་སྲུང་བྱེད་ཐུབ་པ་ནི། ཁོའི་སེམས་ཁོང་གི་ཆེས་བདེ་སྐྱིད་ལྡན་པའི་དོན་དག་ཅིག་ཡིན་ཟེར།
        ཉེ་བའི་ལོ6གི་རིང་ལ། ས་དེའི་འབྲོག་པ་མང་པོ་ཞིག་དབང་ཕྱུག་དང་བསོད་ནམས་དབང་མོ་དང་འདྲ་བར། སྐྱེ་ཁམས་བདག་སྐྱོང་པར་གྱུར་ནས། སྐྱེ་ཁམས་ཀྱི་ཕོར་བ་ལག་ཏུ་བཟུང་ཞིང་། སྐྱེ་ཁམས་ཀྱི་ཟ་མ་བཟའ་ཐུབ་པར་གྱུར།

ལྗང་མདོག་ལ་བརྟེན་ནས་རེ་བ་སྲུང་སྐྱོང་བྱེད་པ།
        གནམ་སྔོན་པོ་དང་སྤྲིན་དཀར་པོ་མཐོང་ཐུབ་པའི་ཡུས་ཧྲུའུ་ཁུལ་རྫ་སྟོད་རྫོང་རྣམ་སྲས་ཞང་ནི་གྲང་ངར་ཁྲོད་ན་ལྷིང་འཇགས་ངང་གནས་ཡོད། རྫ་ཆུས་གནས་འདི་ནས་མཛེས་སྡུག་གི་གཞི་ཐིག་ཅིག་བྲིས་སྟབས། རྔམ་ཞིང་མཛེས་པའི་རྣམ་སྲས་ཞང་གི་གྲོག་རོང་ཆེན་མོའི་མཛེས་ལྗོངས་གྲུབ་ཡོད།
        པདྨ་དབང་གྲགས་ནི་རྣམ་སྲས་ཞང་གནས་མདོ་སྡེ་བའི་འབྲོག་པ་ཞིག་ཡིན། སྔོན་ཆད་སྒོ་ཕྱུགས་འཚོ་བའི་ཁོ་རང་ནི་ད་ལྟ་འུར་ཆ་དོར་ནས། ས་དེའི་སྐད་གྲགས་ཅུང་ཙམ་ཡོད་པའི་ལམ་ཁྲིད་པ་ཞིག་ཏུ་གྱུར་ཡོད། རྣམ་སྲས་ཞང་ནི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་ཆེས་ཕུན་སུམ་ཚོགས་པའི་ས་ཁུལ་གྲས་ཀྱི་གཅིག་ཡིན་ཞིང་། “གསའ་ཡི་ཕ་ས”ཞེས་པའི་མཚན་སྙན་ཐོགས་ཡོད་ལ། གནས་འདི་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནང་གི་སྐྱེ་ཁམས་དམིགས་བསལ་བདག་གཉེར་བྱ་འགུལ་ཐེངས་དང་པོར་སྤེལ་སའི་ཚོད་ལྟའི་གནས་ཀྱང་ཡིན།
        སྐྱེ་ཁམས་ཆེད་མཁས་པས་ཁོ་ཚོར་རི་སྐྱེས་སྲོག་ཆགས་སྐོར་གྱི་ཤེས་བྱ་དང་། ཕྱི་ནས་མཉམ་འཇོག་དགོས་པའི་དོན་ཚན་སོགས་ཀྱི་ཤེས་བྱ་དང་རྩལ་ནུས་མང་པོ་ཁྲིད་རྗེས། འབྲོག་པ་ཚོས་རྒྱལ་ཁབ་ཕྱི་ནང་ནས་འོངས་པའི་གཞི་རྒྱ་ཅུང་ཆུང་ཆུང་ཅན་གྱི་ཁ་ཆད་སྐྱེ་ཁམས་ཡུལ་སྐོར་པ་སྣེ་ལེན་བྱེད་ཐུབ། སྐྱེ་ཁམས་ཡུལ་སྐོར་པས་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་བྱ་སྤྱོད་ཀྱི་ཚད་གཞི་རབ་དང་རིམ་པའི་ཆིངས་ཡིག་སྟེང་མིང་རྟགས་བཀོད་རྗེས། གནས་འདི་ནས་སྐྱེ་ཁམས་རོལ་མྱོང་བྱས་ཏེ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་འགུག་ཤུགས་ལོངས་སུ་སྤྱད་ཆོག
        “ངེད་ཚང་ནི2019ལོར་རང་བྱུང་རོལ་མྱོང་མཁན་སྣེ་ལེན་བྱེད་ཆོག་པའི་ཁྱིམ་ཚང་དུ་གྱུར། དེའི་ཁར་སྐྱེ་ཁམས་བདག་སྐྱོང་པའི་ལོ་རེའི་ཡོང་སྒོ་སྒོར་ཁྲི2.16བསྣན་ན། ལོ་གཅིག་ལ་བསྡོམས་པས་ཡོང་སྒོ་སྒོར་ཁྲི15ཙམ་ཡོད། སྔོན་ཆད་དང་བསྡུར་ན། འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད”ཅེས་པདྨ་དབང་གྲགས་ཀྱིས་དེ་ལྟར་བཤད།
        པདྨ་དབང་གྲགས་ལམ་འཁྲིད་པར་མ་གྱུར་བའི་སྔོན་ལ། ཁོ་ཚང་གི་ཡོང་སྒོ་ནི་ཕྱུགས་ལས་ཁོ་ནར་བརྟེན་པ་ཡིན་ལ། ཁྱིམ་ཚང་གང་པོའི་ཡོང་སྒོའང་དུས་རྒྱུན་ལག་ཟད་དཔུང་ཐུག་ཏུ་གྱུར་ཏེ་ཐབས་ཆག་པོ་ཡིན།

ལྗང་མདོག་གི་ཕུགས་བསམ་བསྙེགས་ནས་སེམས་ཅན་ལ་ལྟ་སྲུང་བྱེད་པ།
        རྒྱ་མཚོའི་ངོས་ལས་མཐོ་ཚད་ལ་སྨི4000ཡན་ཡོད་པའི་གཙང་གསུམ་འབྱུང་ཡུལ་དུ་དབྱང་དབུགས་དཀོན་པ་དང་། གནམ་གཤིས་གྲང་ངར་ཆེ་ནའང་། སྲོག་ལྡན་འགྲོ་མི་རུང་བའི་གནས་མིན།
        གསའ་དང་། གཟིག ཁྲི་ལེ། འཕྱི་བ། ཤྭ་བ་མཆུ་དཀར། ཝ་སོགས་མཐོ་སྒང་གི་རི་སྐྱེས་སྲོག་ཆགས་མང་པོ་གནས་འདིར་འཚོ་ཞིང་རྒྱུད་སྤེལ་ཏེ། གཙང་གསུམ་འབྱུང་ཡུལ་ནི་རི་སྐྱེས་སྲོག་ཆགས་ཀྱི་ཞིང་ཁམས་སུ་གྱུར་ཡོད།
        རྨ་ཆུའི་མགོ་ཁུངས་སུ་གནས་པའི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ནི། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་མགོ་ཁུངས་གླིང་ཁུལ་གྱི་ལྟེ་བའི་ས་ཁུལ་དུ་གནས་ཡོད། 2021ལོའི་ཟླ12པའི་ཞོགས་པ་ཞིག་ལ། མཚོ་སྐྱ་རིང་ཞང་ཀླུ་ནག་སྡེ་བའི་སྐྱེ་ཁམས་བདག་སྐྱོང་པ་རྣམ་ཚེ་ཡིས་མཚོ་སྐྱ་རིང་ལ་སྐོར་སྲུང་བྱེད་སྐབས། ལམ་འགྲམ་དུ་རྐྱང་ཞིག་འདུག་པ་རྒྱང་རིང་ཞིག་ནས་མཐོང་། རྣམ་ཚེ་ཐག་ཇེ་ཉེ་ནས་ཇེ་ཉེར་གྱུར་མོད། འོན་ཀྱང་རྐྱང་དེ་ཁོ་ལ་མ་གཡོལ་བར་བསྡད་འདུག
        རྣམ་ཚེ་ཐག་ཉེ་སར་གོམ་པ་འགའ་སྤོས་རྗེས་ད་གཟོད་རྐྱང་དེ་ནི་ལྕགས་རའི་ཁུག་ལ་དཀྲིས་འདུག་པ་ཤེས། ཁོ་མྱུར་དུ་སོང་ནས་ལག་པ་གཉིས་ཀྱིས་ལྕགས་ར་བཅད་དེ། རྐྱང་གི་རྨིག་པ་ཕན་ཚུན་དཀྲིས་ལོག་བརྒྱབ་ཡོད་པའི་ལྕགས་སྐུད་ཀྱི་གསེང་ནས་བཏོན། ཉེན་ཁ་ལས་ཐར་བའི་རྐྱང་ཡར་ལངས་ཏེ་མགོ་བོ་དཀྲུག་དཀྲུག་འགའ་བྱེད་པ་དང་། ལག་པ་གཉིས་ཀའི་སྟེང་ངལ་གསོ་ཅུང་ཙམ་བྱས་རྗེས། མྱུར་དུ་བརྒྱུགས་སོང་། སྐབས་དེར་རྣམ་ཚེ་ཡིས་ད་གཟོད་རང་གི་ལག་པ་ན་ཁྲག་འཛག་བཞིན་པ་མཐོང་། “སྐབས་དེར་ལག་ཤུབས་ཆ་གཅིག་མ་གཏོགས། སྐམ་པ་སོགས་ལག་ཆ་གཞན་ཅི་ཡང་མེད། མྱུར་བ་མྱུར་དུ་རྐྱང་དེ་བསྐྱབ་རྒྱུ་ལས་གཞན་ཅི་ཡང་མ་དྲན”ཞེས་རྣམ་ཚེ་ཡིས་དེ་ལྟར་བཤད།
        ན་ནིང་དགུན་ཁར། ཡུས་ཧྲུའུ་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་རག་སྨད་ཞང་འབེན་མ་སྡེ་བའི་སྐྱེ་ཁམས་བདག་སྐྱོང་པ་རྡོ་རྗེ་དོན་གྲུབ་དང་། འབྲུག་ལྷ་ཚེ་རིང་། དོན་ཆོས་བཀྲ་ཤིས་སོགས་མི་གསུམ་རི་སྐོར་དུ་སྐྱོད་སྐབས། བྲག་གཟར་པོ་ཞིག་གི་འོག་ཏུ་གསའ་རྨས་མ་ཞིག་མཐོང་། སྐབས་དེར། རྨས་ཕོག་པའི་གསའ་ཡི་འགྲམ་དུ་ཁྲག་རྗེས་ཡོད་ལ། ཤྭ་ར་དང་། རུས་པ། ཤ་སྐྱི་བཅས་ཡོད། ཁོ་ཚོས་གསའ་དེ་ནི་ཁ་ཟས་འཚོལ་སྐབས། སྟབས་མ་ལེགས་པར་བྲག་ཁ་ནས་ལྷུང་སྟེ་རྨས་སྐྱོན་ཕོག་པ་ཤེས།
        སྒོ་ཕྱུགས་སྨན་པའི་མངགས་བཀོད་ལྟར། འབྲུག་ལྷ་ཚེ་རིང་གིས་རྨས་ཕོག་པའི“གངས་རིའི་རྒྱལ་པོ”རུ་འབོད་པ་འདི་ལ་བདག་སྐྱོང་བྱས། ནོར་ཤ་ཤ་རྡོག་ཏུ་བཅས་ནས་ལྕགས་སྐུད་སྟེང་བརྒྱུས་ཏེ་གསའ་ལ་བྱིན་པ་དང་། འགྱིག་དམ་ནང་དུ་ཆུ་བླུགས་ནས།གསའ་ཡི་སྐོམ་པ་སེལ།
        གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་སུན་ལི་ཅུན་གྱིས་བཤད་རྒྱུར། ད་ལྟའི་བར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་ཁྱོན་བསྡོམས་སྐྱེ་ཁམས་བདག་སྐྱོང་པ་ཉིས་ཁྲི་ལྷག་ཡོད་པ་དང་། ཁོ་ཚོས་རྩྭ་ས་བདག་སྐྱོང་དང་། སྐྱེ་ཁམས་ལྟ་ཞིབ་ཚད་ལེན། གནམ་གཤིས་བརྟག་དཔྱད་སོགས་ཀྱི་བྱ་བ་སྒྲུབ་བཞིན་ཡོད་ལ། སོ་སོའི་ཁོངས་གཏོགས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་གནས་ཚུལ་ཁོང་དུ་ཆུད་པར་བྱས་ཏེ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་མཁན་གྱི་སྟོབས་ཤུགས་གཙོ་བོར་གྱུར་ཡོད་ཟེར། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1