ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་ནས་ཨུ་རུ་སིའི་ནུས་ཁུངས་བཀག་སྡོམ་བྱེད་པར་ཆོད་དོན་སྤེལ་མེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 04-14


    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་པའོ་ལོས་ལེ་ཡིས་ཚེས་བཅུ་གཅིག་ཉིན་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཉིན་དེར་ཨུ་རུ་སིའི་རྡོ་སྣུམ་དང་རང་བྱུང་སོལ་རླངས་ལ་བཀག་སྡོམ་བྱེད་ཐབས་སྤྱོད་པར་ཆོད་དོན་སྤེལ་མེད་ཟེར། 
    ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་ཕྱི་འབྲེལ་བློན་ཆེན་གྱིས་ཉིན་དེར་ལུ་ཙམ་པོག་ནས་གྲོས་ཚོགས་བསྡུས་ཏེ། ཨུ་རུ་སིའི་ནུས་ཁུངས་བཀག་སྡོམ་བྱེད་པ་དང་ཝུའུ་ཁི་ལན་ལ་དམག་དོན་རོགས་སྐྱོར་བྱེད་པ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས། པའོ་ལོས་ལེ་ཡིས་གྲོས་ཚོགས་གྲོལ་རྗེས་ཀྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། གྲོས་ཚོགས་ནས་ཨུ་རུ་སིའི་ནུས་ཁུངས་ལ་བཀག་སྡོམ་བྱེད་པའི་ཐད་ཆོད་དོན་སྤེལ་མེད་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་མུ་མཐུད་དུ་འབྲེལ་ཡོད་བཀག་སྡོམ་བྱེད་ཐབས་ཇི་ལྟར་ལག་བསྟར་བྱེད་པ་དང་བཀག་སྡོམ་ལས་ཨུ་རུ་སིའི་དཔལ་འབྱོར་ལ་ཐེབས་པའི་ཤུགས་རྐྱེན་ལ་ཚོད་དཔག་བྱེད་པར་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར། 
    པའོ་ལོས་ལེ་ཡིས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་རེ་འགས་ཨུ་རུ་སིའི་ནུས་ཁུངས་ལ་བརྟེན་ཡོད་པས། བཀག་སྡོམ་ལས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་བར་གྱི་དོ་མཉམ་མིན་པའི་གནས་བབ་ལ་ཤུགས་རྐྱེན་ཐེབས་སྲིད་ཟེར། ཁོས་བལྟས་ན། ཡོ་རོབ་གླིང་མནའ་འབྲེལ་གྱིས་བཀག་སྡོམ་ཆོད་དོན་སྤེལ་སྐབས་མཐུན་སྒྲིལ་གཅིག་གྱུར་བྱེད་དགོས་པར་འདོད། 
    པའོ་ལོས་ལེ་ཡིས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཝུའུ་ཁི་ལན་ལ་ཡང་བསྐྱར་ཡོ་སྒོར་དུང་ཕྱུར་ལྔའི་དམག་དོན་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཐག་བཅད་ཡོད་ཀྱང་། ཁོངས་གཏོགས་རྒྱལ་ཁབ་སོ་སོ་དང་ཡོ་རོབ་གླིང་གྲོས་ཁང་ཡིད་འཐད་བྱུང་དགོས་ཟེར། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1