༄༅།། བོད་ཀྱི་དམངས་སྲོལ་འཕྲོད་བསྟེན་རིག་གནས་ལ་དཔྱད་པ།

ཐུབ་བསྟན་ཕུན་ཚོགས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-21


 ཐུབ་བསྟན་ཕུན་ཚོགས། 



        འབྱུང་རྩིས་ནི་གནའ་བོའི་ཞང་བོད་རིག་གནས་རྙིང་ཤོས་ཤིག་ཡིན་ལ་རང་བྱུང་ཚན་རིག་གི་བསམ་བློའི་རྨང་གཞི་ཞིག་ཀྱང་ཡིན། གནའ་སྔ་མོར་ཡིག་རྨོངས་མང་ཡང་རྒྱུན་ཤེས་ཕལ་ཆེར་ཕ་མེས་ནས་ངག་ནས་ངག་ཏུ་བརྒྱུད་དེ་རྒྱུན་འཛིན་དང་བེད་སྤྱོད་བྱེད་པའི་ལུགས་སྲོལ་ཤུགས་ཆེན་པོར་ཆགས་ཡོད། དཔེར་ན། དེང་དུས་ཞིང་འབྲོག་ས་ཁུལ་གྱི་མི་རྣམས་ཕལ་ཆེར་ཡིག་རྨོངས་ཡིན་ཀྱང་སྒྲོལ་མ་དང་། བསམ་པ་ལྷུན་གྲུབ། བདེ་ཆེན་སྨོན་ལམ་སོགས་ཤོག་ལྷེབ་སུམ་ཅུ་བཞི་བཅུ་ཙམ་རེ་བློ་འཛིན་བྱེད་ཅིང་ངག་ཐོག་ནས་འདོན་ཐུབ་པ་ལ་ཐེ་ཚོམ་མེད་པ་ལྟར། གནའ་བོའི་མེས་པོ་རྣམས་ཀྱིས་ཀྱང་ལོ་གཅིག་གི་དུས་བཞིའི་འགྱུར་བ་དང་། དུས་རྟགས་གནམ་དཔྱད། ཟླ་བ་སོ་སོའི་གཟའ་སྐར་དང་། ཚེས་གྲངས། ཉིན་ཞག་གཅིག་གི་དུས་ཚོད་བཅུ་གཉིས་སོགས་བློ་འཛིན་བྱས་ཡོད་སྟབས། སྟབས་བདེའི་སྒོ་ནས་ཞིང་འབྲོག་ཐོན་སྐྱེད་ཀྱི་དུས་ཚོད་སྔོན་བརྡ་བཏང་ཐུབ་ཅིང་ཡོད་པ་ནི། ཞང་ཞུང་རྒན་པོའི་ངག་རྩིས་དང་། རྒན་མོ་བལ་མའི་ཟླ་རྩིས་སོགས་ལས་ཤེས་ཐུབ། དེས་ན་དེང་རབས་ཀྱི་ལོ་ཐོ་དང་། ཆུ་ཚོད་ཟེར་བ་འདི་དག་ཁོ་ཚོའི་ངག་ཐོག་ནས་བཏོན་ཐུབ་པ་ཞིག་བྱུང་ཡོད། དེ་བཞིན་ཏུ་དམངས་ཁྲོད་ཀྱི་ལུས་ཁམས་བདེ་ཐང་སྲུང་སྐྱོབ་ཀྱི་རྒྱུན་མཁོའི་ཤེས་བྱ་རྣམས་ཀྱང་མི་སོ་སོའི་ངག་ཐོག་བརྒྱུད་ནས་དུས་བཞི་སོ་སོར་སྤང་བླང་གི་ལས་ཀ་བྱས་ཡོད་པ་འདི་དག་ནི་འགའ་ཞིག་ཚན་རིག་དང་མི་མཐུན་པ་ཡོད་ཀྱང་དེ་ནི་སྐབས་དེའི་སྤྱི་ཚོགས་སྤྱིའི་བསམ་བློའི་ཆུ་ཚད་ཀྱི་ཁ་སྟབས་དེ་ཙམ་སླེབས་མེད་པ་ཙམ་ལས། དོན་དུ་འཚོ་བའི་ནང་དུ་རྒྱུན་མཁོའི་རིང་འཚོ་ཚེ་ཡི་བཅུད་ལེན་གྱི་ཐབས་མང་པོ་ཤེས་ཡོད་པ་རེད།
        དཔེར་ན། སྤར་ཁ་དང་སྨེ་བ་ལ་བརྟག་ནས་ལོ་གཅིག་གི་དུས་བཞི་སོ་སོའི་དུས་ཀེག་ཡོད་པ་དང་། དེ་དག་གི་སྐབས་སུ་ནད་རིགས་སྔོན་འགོག་གི་ཐབས་ལ་སྤང་བླང་གི་བྱ་སྤྱོད་གང་དགོས་སོགས་དམངས་ཁྲོད་འཚོ་བའི་རིག་གནས་རྣམ་པ་སྣ་ཚོགས་པ་ཞིག་སྤེལ་ཡོད་པ་རེད།
        གཤམ་ལ་ཞང་བོད་དམངས་ཁྲོད་སྲོལ་རྒྱུན་རིག་གནས་ལས་དུས་བཞིའི་ཁམས་དང་བསྟུན་ནས་ལུས་ཁམས་བདེ་ཐང་གི་འཕྲོད་བསྟེན་སྤང་བླང་སྐོར་མདོར་བསྡུས་ཙམ་བཤད་པར།

        གཅིག །སྤར་ཁ་ལི།
        ༈ །ལི་ནི་སྤང་པོ་ཁ་སེར་གཉན། །མེ་ཡི་ལས་དང་རྫས་དམར་སྤང༌། །རྫ་མཁན་བསྲུང་ཞིང་མགོ་ཤ་སྤང༌། །ཡུགས་སའི་ཟས་དང་བུ་སྲིང་ཟས། །ཕྱིང་པ་རྟ་གཡུ་མི་ཉོའོ། །གཙུག་ཏོར་རྣམ་འཇོམས་ཚེ་དཔག་དང༌། །ཤེར་ཕྱིན་དབང་ཕྱུག་ཟོར་མདོས་དང༌། །བཙན་མདོས་ཡུམ་གྱི་ཆོ་ག་བྱ། །བོན་ནི་བོང་ར་གཞོབ་སེལ་བཙན། །མདེ་ཐུང་གནམ་ཐེལ་བཅོས་པར་བྱ། །


        〖☲ལི〗 སྤར་ཁ་ལི་ལ་བབས་ན།(防病养生时间9月22日-11月6日)ལི་ནི་སྤང་པོ་ཁ་སེར་གཉན། ཞེས་པར་སྟོན་དུས་སྤང་ཁ་སེར་བའི་དུས་ཏེ་སྤྱི་ཟླ་9པའི་ཚེས་22ཉིན་ནས་སྤྱི་ཟླ་11པའི་ཚེས་6བར་ཞག་46གི་རིང་ལ་སྤར་ཁ་ལིའི་སྐག་དུས་ཡིན་པས་དུས་དེར། སྤར་ཁ་ལི་ཐོག་ཏུ་བབས་པའི་མི་རྣམས། འཕྲོད་བསྟེན་གཙང་སྦྲ་སོགས་ལ་ལྷག་པར་དུ་དོ་སྣང་བྱ་རྒྱུ་གལ་ཆེ། དུས་འདིར་ཁྲག་ནད་དང༌། སྙིང་ནད། མགོ་དང་ཀླད་ནད་ལྡང་ཉེན་ཡོད་པས་མེ་ཡི་ལས་རིགས་དང༌། རྫས་དམར་པོའི་རིགས། མགོ་ཤ་དང༌། ཁྲག་རིགས་ཀྱིས་བཟོས་པའི་ཟས་རིགས། ཆང་དང་ཨ་རག་སོགས་ལ་འཛེམ་དགོས། །


        གཉིས། སྤར་ཁ་ཁོན།
        ༈ །ཁོན་ནི་རོལ་པོ་ཁ་ནག་གཉན། །ས་ལས་གྱང་རལ་གྱང་མཁན་དང༌། །རྒན་མོའི་འགྲུལ་དང་ཡུགས་སའི་ཟས། །དཔུང་གཡོན་ཤ་བསྲུང་རྒྱ་རོལ་དང༌། གྲ་ལྔ་ས་སྙིང་ལང་ཀར་གཤེགས། བགྲེས་ཞུས་ཏོག་གཟུངས་བརྒྱད་སྟོང་འདོན། །སྤྱི་མདོས་མ་ཏྲཾ་འཕུང་བཟློག་དང༌། །བདུད་དང་བསེན་མོ་དགུ་མདོས་བྱ། །བརྒྱ་བཞི་ཉི་འདོན་ས་སྒོ་བཅད། །བོན་ནི་ཞལ་བསྒྱུར་ཁྲམ་བཟློག་དང༌། །ཕུང་སྲི་སྐྱས་འདེད་བྱ་བར་བཤད། །


        〖☷ཁོན〗 སྤར་ཁ་ཁོན་ལ་བབས་ན། (防病养生时间3月20日-5月4日)ཁོན་ནི་རོལ་པོ་ཁ་ནག་གཉན། ཞེས་པ་དཔྱིད་ས་ཞིང་རྨོ་བའི་དུས་ཏེ་སྤྱི་ཟླ་3པའི་ཚེས་20ནས་སྤྱི་ཟླ་5པའི་ཚེས་4བར་ཞག་46རིང་ལ་སྤར་ཁ་ཁོན་གྱི་སྐག་དུས་ཡིན་པས་དུས་དེར། སྤར་ཁ་ཁོན་ཐོག་ཏུ་བབས་པའི་མི་རྣམས་འཕྲོད་བསྟེན་གཙང་སྦྲ་སོགས་ལ་ལྷག་པར་དུ་དོ་སྣང་བྱ་རྒྱུ་གལ་ཆེ། དུས་འདིར་མ་ཞུ་བ་དང༌། ཟས་དུག་སོགས་གྲང་བ་བད་ཀན་གྱི་ནད་གཞི་ལྡང་བའི་དུས་ཡིན་པས། ས་བརྐོ་བ་དང༌། ཞིང་ལས་སོགས་ས་ལས་རིགས་སྤང༌། ལུག་ཤ་རྙིང་པ་དང༌། གཙང་སྦྲ་མེད་པའི་བཟའ་བཏུང་རིགས་རྣམས་འཛེམ་དགོས། །


        གསུམ། སྤར་ཁ་དྭ།
        ༈ །དྭ་ནི་འཁྱགས་པ་ཁྲལ་ཁྲོལ་གཉན། །མེ་ལས་ལྕགས་སྤྱད་ལེན་པ་སྤང༌། །སྤྱང་ཁྱེར་ཤ་དང་གོ་མཚོན་ཧོམ། །མགར་བ་མགར་ཟས་བསྲུང་བྱ་ཞིང༌། །དཀོན་བརྩེགས་ཁྱེའུ་ཞུས་གནམ་ལྕགས་མཆུ། །རྡོར་མཆུ་སྣང་བརྒྱད་ཚེ་ཏོག་གཟུངས། །དགྲ་ལྷའི་གྲལ་མདོས་བེ་ཧར་གྱི། །གསང་མདོས་ས་བདག་སྙིང་བཅོས་དང༌། །སིལ་མ་བཅུ་གསུམ་ཁྲམ་གྱི་མདོས། བོན་ནི་ལྕགས་མདའ་བཅུ་གསུམ་དང༌། །ཤ་རུ་གཡོན་པ་བྱ་བ་ཡིན། །


        〖☱དྭ〗 སྤར་ཁ་དྭ་ལ་བབས་ན། (防病养生时间11月7日-12月20日)དྭ་ནི་ཁྱགས་པ་ཁྲལ་ཁྲོལ་གཉན། ཞེས་པ་དགུན་ཆུ་ལ་ཆབ་རོམ་ཆགས་པའི་དུས་ཏེ་སྤྱི་ཟླ་11པའི་ཚེས་7ནས་12པའི་ཚེས་20བར་ཞག་44རིང་སྤར་ཁ་དྭ་ཡི་སྐག་དུས་ཡིན་པས་དུས་དེར། སྤར་ཁ་དྭ་ལ་བབས་པའི་མི་རྣམས་འཕྲོད་བསྟེན་གཙང་སྦྲ་སོགས་ལ་ལྷག་པར་དུ་དོ་སྣང་བྱ་རྒྱུ་གལ་ཆེ། དུས་འདིར་གནམ་གཤིས་དྲོ་གྲང་འགྱུར་ལྡོག་གི་དུས་མཚམས་ཤིག་ཡིན་སྟབས། ལྕགས་རིགས་ཀྱི་རྫས་དུག་འབྱུང་སླ་བའི་སྐབས་དང་འཁེལ་ཡོད། ལྕགས་རིགས་ཀྱི་རྫས་དང་འབྲེལ་ཡོད་ཀྱི་ཟས་རིགས་དང༌། མགར་བའི་ཁྱིམ་དང་མགར་བས་བཟོས་པའི་ཟས་རིགས་དང༌། སྤྱང་ཀི་སོགས་གཅན་གཟན་གྱིས་བསད་པའི་ཤ་རིགས་ལ་འཛེམ་དགོས། །


        བཞི། སྤར་ཁ་ཁེན།
        ༈ །ཁེན་ནི་གནམ་སྔོ་ས་སྔོ་གཉན། །རྒྱལ་འགོང་ཆགས་པའི་བན་རྫས་དང༌། །བུ་སྲིང་ཟས་དང་གོས་ལྷམ་ཁྱི། །ཁང་ཐོག་བཤུ་འབུབས་ལ་སོགས་སྤང༌། །གསེར་འོད་ཕལ་ཆེན་ཉི་ཁྲི་དང༌། །བགྲེས་ཞུས་ལང་གཤེགས་རྒྱལ་མདོ་ལྔ ། །དུར་སྲི་མནན་དང་རྒྱལ་མདོས་དང༌། །གནམ་ཐེའུ་མདོས་བྱ་གནམ་སྒོ་བཅད། །བོན་ནི་རྒྱལ་པོ་གྲ་ཤེལ་དང༌། །ནམ་མཁའ་དགུ་ ཕར་ལ་སོགས་བྱ། །


        〖☰ཁེན〗 སྤར་ཁ་ཁེན་ལ་བབས་ན། (防病养生时间5月5日-6月20日)ཁེན་ནི་གནམ་སྔོ་ས་སྔོ་གཉན། ཞེས་པ་དབྱར་རྩྭ་ཐང་སྔོ་བའི་དུས་ཏེ་སྤྱི་ཟླ་5པའི་ཚེས་5ནས་སྤྱི་ཟླ་6པའི་ཚེས་20བར་ཞག་46རིང་སྤར་ཁ་ཁེན་གྱི་སྐག་དུས་ཡིན་པས་དུས་དེར། སྤར་ཁ་ཁེན་ཐོག་ཏུ་བབས་པའི་མི་རྣམས་འཕྲོད་བསྟེན་གཙང་སྦྲ་སོགས་ལ་ལྷག་པར་དུ་དོ་སྣང་བྱ་རྒྱུ་གལ་ཆེ། དུས་འདིར་རྡུལ་ཕྲན་གྱི་དུག་ཕོག་སླ་བའི་དུས་ཡིན་སྟབས། དགོན་པ་སོགས་ལས་བྱུང་བའི་ཅ་ལག་རྙིང་པ་དང༌། གཙང་སྦྲ་མེད་པའི་ཉེ་སྐོར་ཀྱི་གོས་ལྷམ་སོགས་ལ་འཛེམས། ལྷག་པར་དུ་ཁྱི་སོགས་སྲོག་ཆགས་ཀྱི་སྤུ་གདུག་ལ་འཛེམ་དགོས། །


        ལྔ། སྤར་ཁཾ།
        ༈ །ཁམ་ནི་ཆུ་བོ་གཞུང་རྒྱས་རྩུབ། ཆུ་ལས་རིགས་དང་ཆུ་ཆེན་བརྒལ། མཁར་ལས་ཉ་དང་ཕག་གི་ཤ། །གྲུ་པ་ཉ་པ་མཇུག་ཤ་འཛེམ་། །སྤྲིན་ཆེན་པད་དཀར་ཀླུ་འབུམ་དང༌། །སྤང་ཀོང་ཁྱེའུ་ཆུ་འབེབས་འདོན། །མཚོ་སྨན་ཀླུ་མོ་དགུ་མདོས་དང༌། །བོན་ནི་ལོ་མ་ལྔ་ཤས་དང༌། །ལྷ་སེལ་ཀླུ་སེལ་ཀླུ་བསེན་བཅོས། །མདེ་ཐུང་ཀླུ་ཡི་བེ་འདེད་བྱ། །


        〖☵ཁཾ〗 སྤར་ཁ་ཁཾ་ལ་བབས་ན། (防病养生时间6月21日-8月6日) ཁཾ་ནི་ཆུ་བོ་གཞུང་རྒྱས་རྩུབ། ཅེས་པ་དབྱར་ཆུ་བོ་གཞུང་རྒྱས་པའི་དུས་ཏེ་སྤྱི་ཟླ་6པའི་ཚེས་21ནས་སྤྱི་ཟླ་8པའི་ཚེས་6བར་ཞག་47རིང་སྤར་ཁཾ་གྱི་སྐག་དུས་ཡིན་པས་དུས་དེར། སྤར་ཁ་ཁཾ་ལ་བབས་པའི་མི་རྣམས་འཕྲོད་བསྟེན་གཙང་སྦྲ་སོགས་ལ་ལྷག་པར་དུ་དོ་སྣང་བྱ་རྒྱུ་གལ་ཆེ། དུས་འདིར་ཕྱི་རོལ་ཏུ་ཆར་རླུང་རྒྱས་པས་ནང་དུ་འབྱུང་བ་ཆུ་རླུང་གི་ནད་གཞི་གསོགས་པའི་དུས་ཡིན་སྟབས། ཆུ་ལས་དང༌། ཉ་སོགས་ཆུ་གནས་རིགས་ཀྱི་ཤ་དང༌། ཕག་ཤ་བཅས་འཛེམས། ཆུ་ཆེན་རྐྱལ་པ་དང༌། གྲུ་གཟིངས་སོགས་སུ་ཞུགས་ན་གོད་རྐྱེན་ཡོང་ཉེན་ཡོད། །


        དྲུག །སྤར་ཁ་གིན།

        ༈ །གིན་ནི་ཆུ་བོ་དར་ཆགས་གཉན། །ས་ལས་བན་ནོར་དཔྱི་ལྷུ་གཡས། །བ་གླང་ཉོ་དང་ཐབ་གཞོབ་དང༌། །ཁྱད་པར་སྒོམ་ཆེན་ཟས་ལྷག་ནི། །འཛེམ་ལ་གླང་རུ་ལུང་བསྟན་དང༌། །བརྒྱད་སྟོང་སྟོབས་ཆེ་འབུམ་གཙུག་ཏོར། མཆུ་གསུམ་ཤ་རི་བྷྱོ་མདོས་དང༌། །མ་མོའི་གླིང་བཞི་སྤྱི་མདོས་དང༌། ས་བདག་གཏོར་མདོས་དང་ནི་བོན། །མདེ་ཐུང་ཁ་བཞི་གཉན་ཡོ་བཅོས།


        〖☶གིན〗 སྤར་ཁ་གིན་ལ་བབས་ན། (防病养生时间12月21日-2月3日)གིན་ནི་ཆུ་བོ་དར་ཆགས་གཉན། ཞེས་པ་དགུན་ཆུ་བོ་ལ་དར་ཆགས་པའི་དུས་ཏེ་སྤྱི་ཟླ12པའི་ཚེས་21ནས་སྤྱི་ཟླ་2པའི་ཚེས་3བར་ཞག་45རིང་ལ་སྤར་ཁ་གིན་གྱི་སྐག་དུས་ཡིན་པས་དུས་དེར། སྤར་ཁ་གིན་ལ་བབ་པའི་མི་རྣམས་འཕྲོད་བསྟེན་གཙང་སྦྲ་སོགས་ལ་ལྷག་པར་དུ་དོ་སྣང་བྱ་རྒྱུ་གལ་ཆེ། དུས་འདིར་ཕྱི་རོལ་ཏུ་འབྱུང་བ་ས་ཆུའི་ཁམས་རྒྱས་པས་བད་ཀན་གསོག་པའི་ཟས་རིགས་གླང་ཤ་དང༌། བཟའ་བཏུང་ལྷག་མ་དང༌། གྲང་བའི་རིགས་བཅས་ལ་འཛེམས། ལྷག་པར་ཐབ་གཞོབ་སོགས་བསུར་དྲི་ངན་པ་དང༌། མཁའ་དབུགས་མི་གཙང་བ་སོགས་ལ་འཛེམ་དགོས། །


        བདུན། སྤར་ཁ་ཟིན།
        ༈ །ཟིན་ནི་ཤིང་རྩི་ཁ་འབུས་གཉན། ཤིང་ལས་ཤིང་མཁན་རྩིབ་ཤ་སྤང༌། །བོང་བུ་སྐ་རགས་བྱ་རིའི་ཤ །ཡུགས་སའི་ཟས་དང་སྟོན་ཟས་སྤང༌། །སྡོང་རྒྱན་བློ་གྲོས་མི་ཟད་མདོ། །ཉི་ཁྲི་སྟག་ཞུས་མཚན་བརྗོད་དང༌། ལྗོན་ཤིང་གཟུངས་བསྡུས་འདོན་པར་བྱ། །ཀླུ་མདོས་བརྟན་མའི་སྒོས་མདོས་དང༌། །གཉན་གྱི་ཡོ་བཅོས་གཏོར་སྐུ་གཟུག །བྱང་སྨན་བོང་ར་སྟག་མ་ཡི ། །ལོ་རྒྱས་ནེ་ར་རྒྱས་གསུམ་བྱ། །


        〖☴ཟིན〗 སྤར་ཁ་ཟིན་ལ་བབས་ན། (防病养生时间2月4日-3月19日)ཟིན་ནི་ཤིང་རྩི་ཁ་འབུས་གཉན། ཞེས་པ་དཔྱིད་ཤིང་རྩི་ཁ་འབུས་པའི་དུས་ཏེ་སྤྱི་ཟླ་2པའི་ཚེས་4ནས་སྤྱི་ཟླ་4པའི་ཚེས་19བར་ཞག་46རིང་སྤར་ཁ་ཟིན་གྱི་སྐག་དུས་ཡིན་པས་དུས་དེར་སྤར་ཁ་གིན་ལ་བབས་པའི་མི་རྣམས་འཕྲོད་བསྟེན་གཙང་སྦྲ་སོགས་ལ་ལྷག་པར་དུ་དོ་སྣང་བྱ་རྒྱུ་གལ་ཆེ། དུས་འདིར་རྩི་ཤིང་རིགས་རྣམས་ཁ་འབུས་པའི་སྐབས་སུ་རྩྭི་ཤིང་གི་རྫས་དུག་དང༌། བྱ་དང་རི་བོང་གི་ཤ་སོགས་ཀྱིས་ཟས་དུག་ཕོག་སླ་བས་དེ་དག་འཛེམ་དགོས། །

        བརྒྱད། སྤར་ཁ་ཟོན།
        ༈ །ཟོན་ནི་རི་འཁྱགས་རླུང་འཁྱགས་གཉན ། །འགོ་བའི་ནད་དང་ལྷམ་མཁན་བསྲུང༌། །དར་ཟབ་རང་འཐག་སྨྱོན་མའི་ཟས། །སྨྱོ་འགྲུལ་མཛོ་རྟོལ་གླང་ཤ་སྤང༌། །གཙུག་ཏོར་དཀར་ནག་རིམས་ཟློག་གཟུངས། །སྟོབས་ཆེ་བརྒྱད་སྟོང་ཏོག་ཤེས་ཁྲི། །མ་ཏྲང་ཁྲག་མདོས་འབྲུ་བདུན་དང༌། །སྤྱི་མདོས་ཆུ་གཏོར་བྱིས་སྟོན་བྱ། །བོན་ནི་ནེ་ར་རྒྱས་གསུམ་དང༌། །ཤ་རུ་གཡས་པ་རྒྱལ་བསེན་བཅོས། །


    〖☳ཟོན〗 སྤར་ཁ་ཟོན་ལ་བབས་ན། (防病养生时间8月7日-9月21日)ཟོན་ནི་རི་འཁྱགས་རླུང་འཁྱགས་གཉན། ཞེས་པ་སྟོན་རི་ཀླུང་ལ་གྲང་བའི་འགོ་ཚུགས་པའི་དུས་ཏེ་སྤྱི་ཟླ་8པའི་ཚེས་7ནས་སྤྱི་ཟླ་9པའི་ཚེས་21བར་ཞག་46རིང་སྤར་ཁ་ཟོན་གྱི་དུས་སྐག་ཡིན་པས་དུས་དེར། སྤར་ཁ་ཟོན་ལ་བབས་པའི་མི་རྣམས་འཕྲོད་བསྟེན་གཙང་སྦྲ་སོགས་ལ་ལྷག་པར་དུ་དོ་སྣང་བྱ་རྒྱུ་གལ་ཆེ། དུས་འདིར་འབྱུང་བ་མེ་རླུང་གི་ནུས་པ་འཁྲུགས་པའི་དུས་ཡིན་པས་རླུང་ནད་དང་། རིག་པ་འཁྲུལ་པའི་ནད་འབྱུང་སླ་བས་སྨྱོ་ནད་ཅན་དང༌། སེམས་མི་བདེ་བ། འགོ་བའི་ནད་རིགས་ཡོད་པའི་མི་དང་ཐུག་འཕྲད་མི་བྱ། འཇིགས་སྔངས་མེད་པའི་ཞི་འཇམ་གྱི་ཁོར་ཡུག་བརྟེན། གཙང་སྦྲ་མེད་པའི་ཟས་རིགས་དང༌། མཛོ་རྟོལ་སོགས་ཀྱི་ཤ་རིགས་ལ་འཛེམ་དགོས། །

སླར་སྨྲས་པ།  
རྟེན་འབྲེལ་ལུས་ཀྱི་འདུ་བ་རྣམ་བཞི་ལས། །
འབྱུང་ཁམས་མི་མཐུན་འགལ་རྐྱེན་ལྡན་འདུས་ནད། །
བཞི་བརྒྱ་རྩ་བཞིའི་བཙེས་པའི་ནད་ཀྱི་རིགས། །
སྤར་ཁར་བརྟག་ནས་བཅོས་ཐབས་གནའ་བོའི་སྲོལ། །
དེར་བརྟེན་མཁས་པའི་གཞུང་དང་ཚན་རིག་ཟུང་། །
རྣམ་དཔྱོད་རིག་པའི་འཕྲུལ་གྱིས་སྡེབ་པ་ཡིས། །
ལུས་ཀྱི་འདུ་འཁྲུགས་དུས་དང་འབྱུང་བའི་རྒྱུར། །
བཅོས་ཐབས་སྤར་ཁའི་རྩིས་གདབ་ཁོ་བོའི་བྱས། །
ཕྱི་ནང་གསང་བའི་རྟེན་འབྲེལ་ལེགས་མཁྱེན་ན། །
ལུས་ཀྱི་གྲུབ་ཆ་སྨན་གྱི་འཕྲོད་བསྟེན་སོགས། །
སྲོག་ལུས་དབང་ཐང་རླུང་རྟ་སྐྱེད་པ་ཡིས། །
བླང་དོར་གནས་ལ་མཁས་པའི་གོ་འཕང་རྙེད། །
ཚེ་ཡི་འདུ་བྱེད་སྲོག་གི་དབྱུ་པ་ལ། །
བརྟེན་པའི་ལུས་འདི་འཚོ་བས་གདུང་གྱུར་ནས། །
ཤ་ཁྲག་སྒྱུ་མའི་འཁོར་ལོ་འདི་ཉིད་ལ། །
ཡུན་དུ་བརྟེན་པའི་ཐབས་ལ་འབད་པར་གཅེས། །
དེ་སྐད་རང་བྱུང་རིག་པའི་རྩ་ཁམས་སུ། །
རྣམ་དཔྱོད་རྩལ་གྱིས་ཟུང་ཁྲག་རྒྱུ་བ་ལས། །
མང་པོའི་དོན་ལ་བློ་གྲོས་རབ་གསལ་བའི། །
མཁས་པའི་མིང་འཛིན་རྒྱལ་ཁམས་པ་དེས་ཕུལ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1