༄༅།། རྩིས་འཁོར་གྱིས་འགྲིམ་འགྲུལ་ལ་བཀོད་འདོམས་བྱེད་ཐུབ་དོན་ཅི།

ཚེ་རིང་སྐྱིད་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 04-24


        ཉེ་བའི་ལོ་ཉི་ཤུ་ལྷག་གི་རིང་ལ་འཛམ་གླིང་སྟེང་གི་གྲོང་ཁྱེར་ཆེན་པོ་མང་ཆེ་བར་རླངས་འཁོར་གྱི་ཁ་བྱེད་ཚད་གྲངས་ཇེ་མང་དུ་སོང་ཡོད་པས། འགྲིམ་འགྲུལ་གྱི་འཚང་ཁ་ཇེ་ཆེ་དང་འགྲོ་ལམ་རྒྱུན་དུ་བཀག་ནས་མི་རྣམས་ཀྱི་རྒྱུན་ལྡན་གྱི་འགྲོ་འདུག་ལ་དཀའ་ཁག་ཆེན་པོ་བཟོས་ཡོད་ལ། ཐ་ན་འགྲིམ་འགྲུལ་དོན་རྐྱེན་ཡང་མང་པོ་བཟོས་འདུག དེ་བས་རྒྱལ་ཁབ་སོ་སོའི་འགྲིམ་འགྲུལ་དོ་དམ་པུའུ་ཡིས་ལས་ཕྱོད་ཆེ་ལ་ཚན་རིག་དང་མཐུན་པའི་འགྲིམ་འགྲུལ་བཀོད་འདོམས་མ་ལག་ཅིག་ངེས་པར་དུ་འཛུགས་དགོས་པ་དང་། དེ་ལྟར་བྱས་ན་ད་གཟོད་ཉིན་རེར་མངོན་གསལ་ཆེ་བའི་འགྲིམ་འགྲུལ་གནད་དོན་ཐག་གཅོད་བྱེད་ཐུབ་པ་གསལ་བོར་རྟོགས། དུས་རབས20པའི་ལོ་རབས60ཡི་རྗེས་ནས་བཟུང་འཛམ་གླིང་སྟེང་གི་རྒྱལ་ཁབ་མང་པོ་ཞིག་གིས་རྩིས་འཁོར་ལ་བརྟེན་ནས་འགྲིམ་འགྲུལ་བཀོད་འདོམས་བྱེད་པའི་ཐད་ཞིབ་འཇུག་བྱེད་མགོ་བརྩམས་པ་རེད།
        གློག་རྡུལ་རྩིས་འཁོར་སྤྱད་དེ་འགྲིམ་འགྲུལ་ལ་བཀོད་འདོམས་བྱེད་དགོས་ན། ཐོག་མར་གྲོང་ཁྱེར་གྱི་འགྲིམ་འགྲུལ་ཚོད་འཛིན་ལྟེ་གནས་ཤིག་འཛུགས་དགོས། ལྟེ་གནས་ཀྱི་ཚོད་འཛིན་ཁང་དུ་རྩིས་འཁོར་དང་བརྙན་ཤེལ་ཆེན་པོ་ཡོད་ལ། དེ་དག་གིས་ལམ་མདོ་སོ་སོའི་འགྲིམ་འགྲུལ་གནས་ཚུལ་འཚོལ་སྡུད་དང་གསལ་སྟོན། དབྱེ་ཞིབ་བཅས་བྱེད་ཐུབ་པར་མ་ཟད། དུས་ཐོག་ཏུ་བཀོད་འདོམས་བྱེད་པ་དང་། སྐབས་བསྟུན་གྱིས་བྱེད་ཐབས་ལེགས་ཤོས་སྤྱད་ནས་རླངས་འཁོར་ལ་སྣེ་ཁྲིད་བྱེད་སྲིད། དཔེར་ན་མེ་གསོད་རླངས་འཁོར་དང་མྱུར་སྐྱོབ་རླངས་འཁོར་སོགས་མྱུར་བ་མྱུར་དུ་ལམ་མདོ་ཞིག་བརྒྱུད་དགོས་ན། ལམ་མདོ་སོ་སོའི་བརྙན་ལེན་འཕྲུལ་ཆས་ཀྱིས་གནས་ཚུལ་དེ་དུས་ལྟར་ཚོད་འཛིན་ཁང་ལ་ཡར་ཞུ་བྱེད་པ་དང་། གློག་ཀླད་ཀྱིས་མགྱོགས་མྱུར་ངང་ལམ་མདོའི་གློག་སྒྲོན་ལྗང་མདོག་ཏུ་བསྒྱུར་ཏེ། རླངས་འཁོར་དེ་དག་ཤར་གཏོང་ཡོང་བར་བྱེད་པ་རེད། རྩིས་འཁོར་གྱིས་ཚན་རིག་དང་མཐུན་པའི་སྒོ་ནས་མཐུན་སྦྱོར་དང་བཀོད་གཏོང་བྱས་པས། གྲོང་ཁྱེར་ཆེན་པོའི་འགྲིམ་འགྲུལ་སྒྲིག་ལམ་མངོན་གསལ་གྱིས་ཇེ་ལེགས་སུ་སོང་ཡོད། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1