༄༅།། ཁ་བ་བབ་བྱུང་།

ཁམས་སྨྱོན་ཧེ་རུ་ཀ རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-24



ཁམས་སྨྱོན་ཧེ་རུ་ཀ
        ཁ་བ་ནི་བལྟས་ཚོད་ལ་མིག་ལམ་དུ་ཧ་ཅང་མཛེས་པའི་དཀར་བོང་བོང་ཞིག་ཡིན། ཡང་ན་ཁ་བ་ནི་མཁའ་དབྱིངས་ཀྱི་ཆུ་རྡུལ་ཕྲ་མོ་ཆབ་རོམ་གྱི་ཟེགས་མ་དེ་ཡིན་སྲིད། དེ་ནི་དཔྱིད་ཀྱི་དབུ་ཁྱུད་ཡིན་ལ། དཔྱིད་ཀྱི་ལང་ཚོ་ཙམ་ཡང་ཅི་ལ་མིན། ཕྱོགས་གཞན་ཞིག་ནས་བལྟས་ན་དེ་ནི་དབྱར་གྱི་ལང་ཚོ་ཡིན་ལ། སྟོན་གྱི་འབྲས་བུ་ཡིན། དགུན་གྱི་རྨི་ལམ་ཡང་ཡིན། དེ་དག་ལས་ཀྱང་ཆེས་མཚར་ཞིང་ཆེས་བརྗོད་འདོད་པ་ནི་དཔྱིད་དུས་ཁ་བ་བབ་པའི་ཉིན་མོ་དེ་ཨང་།
        ཏག་ཏག་ཁ་བ་མ་བབ་ནས་ཉིན་འགའ་འགོར་ཟིན། ས་གཞི་ཐམས་ཅད་གློག་རྡེག་ལ་དཀར་གཙང་གི་ཁ་བས་གཡོགས་དུས་ཁ་བའི་རང་བཞིན་གཞི་ནས་རྟོགས། ཁ་བ་ལས་སྲིད་པའི་གངས་རི་གྲུབ་པས་ཁ་བའི་གངས་རི་ཞེས་བརྡ་དང་ཐ་སྙད་གཙུག་ཏུ་བཀུར། དེ་རིང་ཁ་བ་ལྷབ་ལྷུབ་ཏུ་བབ་དུས་ཁྱོད་ཀྱི་བངས་ཚད་ཆེ་རུ་འགྲོ་རྒྱུ་མེད་པ་ས་ཆེན་གྱིས་ཁྱོད་རང་དམ་ལ་བཏགས་པས་མ་ཡིན་ནམ།
        དེ་རིང་གི་ནམ་ཟླ་ཧ་ཅང་བཟང་། ཡིན་ནའང་ངའི་སེམས་པ་ཧ་ཅང་འཁྱག །མི་ཚོགས་མང་པོ་ཞིག་གིས་དེ་རིང་ཅི་ཡང་བྱེད་མི་འདོད་པས། རང་རང་གི་ཁྱིམ་ཚང་དུ་དལ་ལྷོད་ལྷོད་ཀྱིས་བསྡད་འདུག །གཏན་ཚིག་དང་རྒྱུ་མཚན་མེད་པའི་ཁ་བརྡ་གློད་བཞིན་ཁ་བར་བལྟས་ནས་ཆིག་ལབ་རྒྱག་བཞིན་འདུག །ངོ་སོ་དང་སྡུག་ཡུས་མེད་པའི་ཁ་བརྡ་གློད་བཞིན་མདང་དགོང་གི་རྨི་ལམ་གླེང་བཞིན་འདུག་ལགས།
        ཁ་བས་དཀར་པོར་བསྒྱུར་བའི་ཁོད་ཡངས་ཤིང་རྒྱང་དུ་བསྲིངས་པའི་གྲོང་ཁྱེར་ནང་གི་གཞུང་ལམ་སྟེང་ནས་ཡོད་ཚད་མདུན་དུ་འགྲོ་བཞིན་འདུག །དཔྱིད་ཀྱི་ཁ་བས་ནམ་མཁའ་དང་ས་གཞི་ཡོད་ཚད་ས་སྨུག་ཏུ་བསྒྱུར་བས་བརྗིད་ཉམས་ཀྱི་ཁང་བརྩེགས་མཐོ་པོའང་མཐོང་དཀའ། མཐོ་ཞིང་བརྗིད་པའི་རི་བོ་དང་གངས་རི། རྫོང་མཐུག་པའི་ནགས་ཚལ་སོགས་ག་ལ་མཐོང་སྲིད། ལྷག་པར་གྲོང་ཁྱེར་ལ་འཚོ་སྡོད་བྱེད་མཁན་ཞིག་ལ་མཚོན་ན་དེ་ནི་ཆེས་མཐོང་དཀའ་བའི་བྱ་དངོས་ཞིག་ཅི་ལ་མིན།
        ཁ་བ་བབ་བྱུང་། གྲོང་ཁྱེར་དུ་ཁ་བ་ལྷབ་ལྷུབ་ཏུ་བབ་བྱུང་། གྲོང་ཁྱེར་གྱི་མི་ཚོགས་དག་ཧད་ཀྱིས་ལུས་ཏེ་རང་རང་ཚོ་ཚོའི་ལས་སྐལ་ཡང་བརྗེད་མཁན་བྱུང་། དེ་ནི་ཁ་བ་བབ་པའི་སྟབས་ཀྱི་ཡིན་སྲིད་དམ།།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1