ཨུ་རུ་སུ་རྩ་འཛུགས་འདི་ནས་ཕྱིར་འབུད་རྒྱུ་ཁྱབ་བསྒྲགས་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-05



     ཚེས་27ཉིན་ཨུ་རུ་སུའི་ཕྱི་འབྲེལ་པུས་དེའི་དྲ་ཚིགས་ཐོག་ཨུ་རུ་སུ་མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་ཡུལ་སྐོར་རྩ་འཛུགས་ནས་ཕྱིར་འབུད་བྱ་རྒྱུའི་གཏན་འབེབས་བྱས་ཡོད་ཅེས་གསལ་བསྒྲགས་སྤེལ་ཡོད།
     གསལ་བསྒྲགས་ནང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་ཡུལ་སྐོར་རྩ་འཛུགས་དེ་དོན་དངོས་ཐོག་ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་ཀྱིས་སྒེར་སྡེམ་བྱས་ནས་རང་གིཁེ་ཕན་དོན་གཉེར་བྱ་རྒྱུར་སྤྱོད་ཀྱི་ཡོད། རྩ་འཛུགས་དེས་གཞི་ཁྱོན་ཆེན་པོས་ཨུ་རུ་སུར་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་བྱེད་སྒོར་བརྟེན་པ་དང་། དེའི་ཁོངས་མིའི་རྒྱལ་ཁབ་ལ་སྙད་འཚོལ་འཇིགས་སྐུལ་དང་གནོན་ཐབས་བྱས་པ་བརྒྱུད། ཨུ་རུ་སུ་རྩ་འཛུགས་དེའི་ལས་དོན་ནང་ཞུགས་རྒྱུ་བཀག་འགོག་བྱེད་ཆེད། ཆབ་སྲིད་ཀྱི་གཏན་འབེབས་ཤིག་ལ་སྐུལ་འདེད་གཏོང་བཞིན་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་དེ་ནི་ཁྲིམས་དང་འགལ་ཞིང་ཆབ་སྲིད་ཀྱི་ཀུན་སློང་ལས་བྱུང་བའི་བྱ་སྤྱོད་ཅིག་ཡིན་པ་དང་། རྩ་འཛུགས་དེའི་ནང་གི་རང་བཙན་དང་ཕྱི་ནང་གི་སྲིད་ཇུས་ལག་ལེན་བསྟར་བཞིན་པའི་ཁོངས་མིའི་རྒྱལ་ཁབ་ཅིག་ལ་མངོན་སུམ་འཛེམས་མེད་ཀྱིས་ཆད་གཅོད་བྱས་པ་ཞིག་ཡིན་པ་སྙམ་པ་རེད།
     གསལ་བསྒྲགས་ནང་བཤད་དོན། ཨུ་རུ་སུ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་ཡུལ་སྐོར་རྩ་འཛུགས་ནང་མུ་མཐུད་བྱ་བ་སྒྲུབ་པར་འཚམ་པོ་མེད་པའི་ངོས་འཛིན་བྱས་ཡོད། རྩ་འཛུགས་དེའི་འགོ་ཁྲིད་རིམ་པས་དེའི་བྱེད་སྒོ་དག་ཆབ་སྲིད་ཅན་དུ་སྒྱུར་རིགས་རྒྱ་ཡན་དུ་བཏང་བ་མ་ཟད། ཨུ་རུ་སུར་ཁྱད་ཡོད་ལྟ་སྟངས་འཛིན་པར་འཛེམ་བག་མེད་པའི་རྒྱབ་སྐྱོར་ཡང་བྱས་པ་རེད། དེར་བརྟེན་ཨུ་རུ་སུ་མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་ཡུལ་སྐོར་རྩ་འཛུགས་ནས་ཕྱིར་འབུད་བྱ་རྒྱུའི་གཏན་འབེབས་བྱས་ཡོད།
     ཚེས་27ཉིན་མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་ཡུལ་སྐོར་རྩ་འཛུགས་ཀྱིས་སི་ཕེན་གྱི་མ་ཏེ་རིར་དམིགས་བསལ་ཚོགས་ཆེན་འཚོགས་པ་རེད། ཚོགས་ཆེན་གྱི་གྲོས་གཞི་གཙོ་བོའི་གྲས་ཤིག་ནི་ཨུ་རུ་སུའི་ཁོངས་མིའི་རྒྱལ་ཁབ་ཀྱི་ཐོབ་ཐང་གནས་སྐབས་མཚམས་འཇོག་བྱེད་མིན་ལ་གྲོས་བསྡུར་བྱ་རྒྱུ་དེ་རེད། ཚོགས་འདུ་འགོ་ཚུགས་རྗེས། ཨུ་རུ་སུས་རང་འགུལ་ངང་རྩ་འཛུགས་དེ་ལས་ཕྱིར་འབུད་བྱ་རྒྱུའི་བསམ་འདུན་བཏོན་པ་རེད། འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། རྩ་འཛུགས་དེར་ཁོངས་མིའི་རྒྱལ་ཁབ་ཀྱིས་བཏང་བའི་བརྡ་ཐོ་དངོས་སུ་འབྱོར་བ་ནས་བཟུང་། ད་དུང་ལོ་གཅིག་གི་དུས་ཚོད་ནང་གཞི་ནས་ཕྱིར་འབུད་གོ་རིམ་ཧྲིལ་པོ་བསྒྲུབས་ཚར་གྱི་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1