གཙོ་ངོས།>> འཕྲོད་བསྟེན།>>བདེ་ཐང་ཤེས་བྱ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༢ལོའི་ཟླ་བ་༠༥ཚེས་༠༧ཉིན།

༄༅།། ནད་རྟགས་མེད་པའི་ནད་པ་དང་ནད་ངོས་བཟུང་བའི་ནད་པ་གཉིས་ལ་ཁྱད་པར་ཅི་ཞིག་ཡོད།

        ཉེ་ཆར་ནད་རྟགས་མེད་པའི་ནད་པ་ཇེ་མང་ནས་ཇེ་མང་དུ་འགྲོ་བའི་རྒྱུ་མཚན་ཅི་ཡིན་པ་དང་། ནད་རྟགས་མེད་པའི་ནད་པ་དང་ནད་ངོས་བཟུང་བའི་ནད་པ་གཉིས་ལ་ཁྱད་པར་ཅི་ཞིག་ཡོད་པ་སོགས། གཞིས་དམངས་ཀྱིས་ཐུགས་ཁུར་བྱེད་ཀྱིན་པའི་གནད་དོན་དེ་དག་གི་ཐད་ནས། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིམས་འགོག་ལྟེ་གནས་རིམས་ནད་སྔོན་འགོག་ཚོད་འཛིན་སུའོ་མྱུར་གཤིས་རིམས་ནད་ཚོད་འཛིན་ཚན་ཁག་གི་ཚན་གཙོ་ཚའོ་ཧའེ་ལན་ལ་བཅར་འདྲི་བྱས་པ་ཡིན།


▲ཅི་ཞིག་ལ་ནད་རྟགས་མེད་པའི་ནད་པ་ཟེར། 

         ནད་རྟགས་མེད་པའི་ནད་པ་ཞེས་པ་ནི་མིད་པ་ན་བ་དང་ཚ་བ་རྒྱས་པ། ཐང་ཆད་པ། གློ་ལུ་བ་སོགས་ཀྱི་ནད་རྟགས་གང་ཡང་མེད་ལ།གློ་བའི་གཟུགས་བརྙན་རིག་པར་ཡང་འགྱུར་བ་གང་ཡང་མེད་མོད།འོན་ཀྱང་ཉིང་སྐྱུར་བཤེར་འཇལ་གདགས་གཤིས་ཡིན་པའི་མི་ལ་གོ།


▲ནད་རྟགས་མེད་པའི་ནད་པ་དང་ནད་ངོས་བཟུང་བའི་ནད་པ་གཉིས་ལ་ཁྱད་པར་ཅི་ཞིག་ཡོད་དམ། 

        ཏོག་གསར་གློ་ཚད་ཀྱི་ནད་རྟགས་མེད་པའི་ནད་པ་ཞེས་པ་ནི་ཉིང་སྐྱུར་བཤེར་འཇལ་གྱི་མཇུག་འབྲས་གདགས་གཤིས་ཡིན་ནའང་། མིད་པ་ན་བ་དང་ཚ་བ་རྒྱས་པ། ཐང་ཆད་པ། གློ་ལུ་བ། སྣོམ་ཚོར་ཉམས་པ་སོགས་ཀྱི་ནད་རྟགས་གང་ཡང་མེད་པར་མ་ཟད། གློ་བའི་གཟུགས་བརྙན་རིག་པར་ཡང་འགྱུར་ལྡོག་གང་ཡང་བྱུང་མེད་པ་ལ་གོ། 

        ཏོག་གསར་གློ་ཚད་ཀྱི་ནད་ངོས་བཟུང་བའི་ནད་པ་ཞེས་པ་ནི་ཉིང་སྐྱུར་བཤེར་འཇལ་གྱི་མཇུག་འབྲས་གདགས་གཤིས་ཡིན་པར་མ་ཟད། ཚ་བ་རྒྱས་པ་དང་གློ་ལུ་བ། མིད་པ་ན་བ་སོགས་ཀྱི་ནད་ཐོག་ནད་རྟགས་ཡོད་པ་དང་གློ་བའི་གཟུགས་བརྙན་རིག་པར་འགྱུར་ལྡོག་བྱུང་ཡོད་པ་ལ་གོ། 


▲ནད་རྟགས་མེད་པའི་ནད་པ་ཡིན་ན་ཐེངས་རེ་རེར་བརྟག་པའི་མཇུག་འབྲས་གདགས་གཤིས་ཡིན་ནམ། 

        བརྟག་འབྲས་གདགས་གཤིས་ཡིན་མིན་དེ་རྒྱུ་རྐྱེན་གཙོ་བོ་གཉིས་ལ་ཐུག་ཡོད། གཅིག་ནས་ནད་དུག་འཕུད་པའི་ཐེག་ཚད་མཐོ་མིན་དང་། གཉིས་ནས་བཤེར་འཇལ་གྱི་བྱེད་སྟངས་ཚན་རིག་དང་མཐུན་མིན་ལ་ཐུག་ཡོད། སྤྱིར་བཤད་ན། ནད་དུག་འགོ་ཚད་ཆེས་མཐོ་བའི་དུས་ནི་ནད་དུག་འགོས་མ་ཐག་པའི་དུས་དེ་ཡིན་ལ། མིག་སྔར་ཉིང་སྐྱུར་བཤེར་འཇལ་གྱི་བྱེད་སྟངས་མང་ཆེ་བ་ནི་ནད་དུག་འགོས་མ་ཐག་པའི་དུས་སུ་བརྟག་བཞིན་ཡོད་པས། གདགས་གཤིས་མངོན་ཚད་མཐོ་བ་རེད། 


▲ནད་རྟགས་མེད་པའི་ནད་པའི་ཁྲོད་ནས་བསྡུར་ཚད་ག་ཚོད་ཅིག་ནད་ངོས་བཟུང་བའི་ནད་པ་རུ་འགྱུར་བ་ཡིན་ནམ། 

        དོན་དངོས་སུ་བསྡུར་ཚད་ཅི་འདྲ་ཞིག་ཡིན་པ་མི་ཤེས་མོད། འོན་ཀྱང་ཁག་ཐེག་བྱེད་ཆོག་པ་ཞིག་ནི། གཞན་འགྱུར་བྱུང་བའི་ནད་དུག་མི་འདྲ་བའི་དབང་གིས། ནད་རྟགས་མེད་པའི་ནད་པ་ཡི་བསྡུར་ཚད་ཀྱང་མི་འདྲ་བ་རེད། མིག་སྔར་བལྟས་ན། ཏེ་ཨེར་ཐའི་གཞན་འགྱུར་ནད་དུག་གིས་དབུགས་ལམ་འོག་མར་གནོད་པ་བཟོ་བ་དང་། ཨོ་སྨི་ཁི་རོང་གཞན་འགྱུར་ནད་དུག་གིས་དབུགས་ལམ་གོང་མར་གནོད་པ་བཟོ་བཞིན་ཡོད་ལ། དབུགས་ལམ་གོང་མར་གནོད་པ་ཐེབས་པའི་ནད་རྟགས་ཅུང་ཡང་བས། ཏེ་ཨེར་ཐའི་གཞན་འགྱུར་ནད་དུག་དང་བསྡུར་ན་ཨོ་སྨི་ཁི་རོང་གཞན་འགྱུར་ནད་དུག་འགོས་པའི་ནད་པའི་ཁྲོད་ནད་རྟགས་མེད་པའི་ནད་པ་ཅུང་མང་བ་རེད། 


▲ནད་རྟགས་མེད་པའི་ནད་དུག་མི་གཞན་ལ་འགོ་སྲིད་དམ། 

        འགོ་སྲིད་པ་རེད།ནད་རྟགས་མེད་པའི་ནད་པར་གློ་ལུ་བ་དང་ཚ་རྒྱས་པ། དབུགས་ལེན་དཀའ་བ་སོགས་ཀྱི་ནད་ཐོག་ནད་རྟགས་གང་ཡང་མེད་ནའང་། ཉིང་སྐྱུར་བཤེར་འཇལ་གྱི་མཇུག་འབྲས་གདགས་གཤིས་ཡིན་པས་དེ་ལའང་འགོས་གཤིས་ལྡན་ནོ།། 


▲ནད་རྟགས་མེད་པའི་ནད་པའི་འགོ་ལམ་ནི་ནད་ངོས་བཟུང་བའི་ནད་པ་དང་གཅིག་མཚུངས་ཡིན་ནམ། 

        གཅིག་མཚུངས་ཡིན། ཐད་ཀར་འགོ་བ་དང་རླུང་ཞུ་སྤྱིན་ལས་འགོ་བ།འབྲེལ་འདྲིས་ལས་འགོ་བའོ།། ཐད་ཀར་འགོ་བ་ཞེས་པ་ནི་ནད་དུག་འགོས་ཟིན་པའི་ནད་པ་དེས་ཧབ་སྦྲིད་རྒྱག་པ་དང་གློ་ལུ་བ། སྐད་ཆ་བཤད་པ་སོགས་ཀྱི་སྐབས་སུ་མཆི་ཟགས་གང་སར་ཁྱབ་པ་དང་། ཅིག་ཤོས་ཀྱིས་ཐད་ཀར་མཆི་ཟགས་དེ་རྔུབ་པ་ལས་འགོ་པ་རེད། རླུང་ཞུ་སྤྱིན་ལས་འགོ་བ་ཞེས་པ་ནི་མཆི་ཟགས་དེ་མཁའ་དབུགས་ཀྱི་ནང་དུ་འདྲེས་རྗེས་རླུང་ཞུ་སྤྱིན་གྲུབ་པ་དང་། ཅིག་ཤོས་དེས་དེ་རྔུབ་པ་ལས་འགོས་པ་ལ་གོ།འབྲེལ་འདྲིས་ལས་འགོ་བ་ཞེས་པ་ནི་མཆི་ཟགས་དེ་དངོས་པོའི་ཕྱི་ངོས་སུ་འབྱར་བ་དང་། མི་གང་ཞིག་དངོས་པོ་དེ་དང་འབྲེལ་འདྲིས་བྱས་རྗེས། ཡང་བསྐྱར་ཁ་སྣ་མིག་གསུམ་ལ་རེག་པ་ལས་འགོས་པ་ལ་གོ། 


▲ཉེ་ཆར་ནད་རྟགས་མེད་པའི་ནད་པ་མང་བའི་རྒྱུ་མཚན་ཅི་ཡིན་ནམ། 

        ཏོག་གསར་ནད་དུག་བསྟུད་མར་གཞན་འགྱུར་བྱུང་བ་དང་བསྟུན་ནས། འགོས་ཁྱབ་ཇེ་ཆེར་སོང་ཡོད་མོད། འོན་ཀྱང་ནད་སློང་ཤུགས་ཇེ་ཆུང་དུ་སོང་ཡོད། དེ་བས་ཨོ་སྨི་ཁི་རོང་གཞན་འགྱུར་ནད་དུག་གིས་བསླངས་པར་ནད་རྟགས་ཅུང་ཡང་། མི་མང་པོར་འགོག་ཁབ་བརྒྱབ་པ་དང་བསྟུན་ནས། ནད་དུག་འགོས་རྗེས་ནད་པ་ལྗིད་མོ་འབྱུང་བའི་ཚད་དང་ཤི་ཚད་ཇེ་དམའ་རུ་སོང་ཡོད་ལ།ནད་པ་ཡང་མོ་ཅན་དང་ནད་རྟགས་མེད་པའི་ནད་པ་འབྱུང་ཚད་ཇེ་མཐོར་སོང་ཡོད། རིམས་ནད་ཚོད་འཛིན་ལྟེ་གནས་དང་འཕྲོད་བསྟེན་མ་ལག་གིས་སྔ་མོ་ནས་འཚག་བཤེར་བྱས་པས། ནད་དུག་འགོས་མ་ཐག་པའི་ནད་པ་ཁ་ཤས་ལ་ནད་ཐོག་ནད་རྟགས་མ་བྱུང་གོང་ཤེས་པ་རེད། འགོས་ཡུལ་གྱི་རིམས་འགོག་ནུས་ཤུགས་ལའང་འབྲེལ་བ་ཡོད་པས། ན་གཞོན་མི་ཚོགས་ཀྱི་ཁྲོད་དུ་ནད་རྟགས་མེད་པའི་ནད་པ་ཧ་ཅང་མང་། 


▲ནད་རྟགས་མེད་པའི་ནད་པ་ཇེ་མང་དུ་སོང་ཡོད་པས་མང་ཚོགས་ཀྱིས་རང་ཉིད་ལ་སྲུང་སྐྱོབ་ཇི་ལྟར་བྱེད་དགོས་སམ། 

        ཨོ་སྨི་ཁི་རོང་གི་འགོས་ཁྱབ་ཧ་ཅང་ཆེ་བས། ང་ཚོས་མུ་མཐུད་དུ་བདེ་འཇགས་ཀྱི་བར་ཐག་འཇོག་པ་དང་། ཕྱི་རོལ་དུ་འགྲོ་སྐབས་ཁ་ཐུམ་རྒྱག་པ། རྒྱུན་དུ་ལག་པ་བཀྲུ་བ། རླུང་རྒྱུ་རུ་འཇུག་པ་སོགས་རྒྱུན་སྲོལ་གྱི་འགོག་སྲུང་བྱེད་ཐབས་རྒྱུན་འཁྱོངས་བྱེད་དགོས་པ་ལས་གཞན། ད་རུང་མཉམ་འཇོག་བྱེད་དགོས་པ་ཞིག་ནི། རིམས་ནད་བྱུང་བའི་ས་ཁུལ་གྱི་མང་ཚོགས་རྣམས་ཉེ་ཆར་ཕྱི་རོལ་དུ་འགྲོ་ཐེངས་ཇེ་ཉུང་དུ་གཏོང་བ་དང་འདུ་འཛོམས་མི་བྱེད་པར། ཨོ་སྨི་ཁི་རོང་གི་ནད་དུག་དང་རྒྱང་དུ་གྱེས་ཅི་ཐུབ་བྱེད་དགོས། སྤྱི་སྤྱོད་རླངས་འཁོར་དང་གློག་སྐས་ལ་འདུག་པའི་སྐབས་སུ་ཁ་ཐུམ་རྒྱག་པ་དང་། ཁྱིམ་བདག་གིས་བྱིས་པར་ཡང་ཁ་ཐུམ་ལེགས་པོར་རྒྱག་ཏུ་འཇུག་དགོས་པར་མ་ཟད། དུས་ཐོག་ཏུ་ལག་པར་དུག་སེལ་བྱེད་དགོས། དུས་ཐོག་དང་དུས་བཅད། དུས་རྒྱུན་བཅས་སུ་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་རུ་འཇུག་པའི་གོམས་སྲོལ་ཆགས་སུ་འཇུག་དགོས་སོ། ། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1