༄༅།།གེ་སར་གྱི་གླུ་འགག་མེད་གསུང་གི་རྡོ་རྗེ་རང་སྒྲ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཧོར་གླིང་གཡུལ་འགྱེད་སྨད་ཆ་ལས་དྲངས། སྤེལ་དུས། 05-09


    གླིང་པའི་རྒན་གཞོན་ཐམས་ཅད་ནས་མགྲིན་དབྱངས་གཅིག་པའི་གླུ་བླངས་ཤིང་། གོམ་སྟབས་མཚུངས་པའི་བྲོ་འཁྲབ་པས། སེང་ཆེན་གྱིས་གཙོས་དེར་འཁོད་པའི་དཔའ་བརྟུལ་ཐམས་ཅད་ཐུགས་ཤིན་ཏུ་མཉེས་སོ། །དེ་ནས་སྐུ་རྗེ་རིན་པོ་ཆེ་ཞལ་གྱི་དཀྱིལ་འཁོར་ལ་འཛུམ་པའི་མེ་ཏོག་བཞད་བཞིན། སྐྱིད་པའི་མགུར་གླུ་འདི་འགག་མེད་རྡོ་རྗེའི་རང་སྒྲ་ལ་དྲངས་ནས་བཞེངས་སོ། །

   གླུ་ཐ་ལ་ལ་མོ་ཐ་ལ་ལེན། །

   གླུ་ཨ་ལ་ལ་མོ་ཨ་ལ་ལེན། །

   ས་འདི་ཡི་ས་ངོ་མ་ཤེས་ན། །

   ཤར་གླིང་ལྷ་ཡི་དཀྱིལ་འཁོར་ནས། །

   དངོས་གྲུབ་གཡང་གི་ར་བ་ནས། །

   ལྷ་མཁར་སེང་འབྲུག་སྟག་རྩེ་རེད། །

   ང་དང་ང་ངོ་མ་ཤེས་ན། །

   འཛམ་གླིང་སེང་ཆེན་རྒྱལ་པོ་ཡིན། །

   དབུ་ནག་ཡུལ་གྱི་སྐྱབས་གནས་ཡིན། །

   དེ་རིང་ཚོམས་ཁང་ཆེན་མོ་འདིར། །

   གཞི་བྱེས་འཛོམ་པའི་དགའ་སྟོན་བྱས། །

   ད་ལྟ་ཡར་ཚེས་དུས་བཟང་ལ། །

   ཤར་གླིང་གྲུབ་པའི་ཡ་མཐའ་ན། །

   ཁྲ་རྒན་སྲིད་པའི་གངས་རྒན་ལ། །

   སེང་བློན་སྐྱིད་པའི་གཞི་མ་བཀོད། །

   གསེར་པའི་ཁྲི་གདུགས་གཡས་ནས་ཤར། །

   རོང་བའི་འོད་ཁྱིམ་མཐའ་ནས་བསྐོར། །

   རྨུ་བའི་དུང་ཟླ་གཡོན་ནས་ཚེས། །

   འབུམ་པའི་ཟླ་འོད་བཀྲག་མདངས་གསལ། །

   སྒ་སྡེའི་ལྷ་མཁར་གོང་མ་ལ། །

   གདོང་བཙན་སྲིད་པའི་བ་དམ་བཙུགས། །

   འབུམ་པའི་དགྲ་ལྷ་ངོ་སོ་མཐོ། །

   འདན་མའི་དུང་ཁྲབ་གཤོག་དྲུག་ངོམས། །

   མུ་པའི་དུང་སྐྱོང་གཡས་ནས་འགྱིང་། །

   འོམ་བུ་དུང་སེང་གཡུ་རལ་རྒྱས། །

   རྨུ་སྤྱང་རིན་ཆེན་དར་དཀར་འཕྱར། །

   འོམ་བུའི་ལྷ་བཙུན་དཔའ་རྩལ་ཆེ། །

   འདན་ཕྲུག་གཡུ་ཡི་ཁུ་བྱུག་གྲགས། །

   བཅོ་ལྔའི་སྨིན་དྲུག་ཟུར་ནས་བཀྲག །

   མུ་པའི་དར་དཀར་དགུང་དང་མཉམ། །

   བློན་པོ་རོང་ཕྲུག་སྐྱིད་གླུ་བླངས། །

   སྐྱ་ལོ་རྒྱལ་མཚན་གཞན་ལས་བཀྲག །

   ཁྲོ་རྒྱལ་སྲིད་པའི་རྔམ་རྟགས་སྟོན། །

   དགའ་བརྟན་སྤྲིན་དཀར་གཡས་ནས་ངོམ། །

   རི་བའི་གཡུ་འབྲུག་དགུང་ནས་གྲགས། །

   མི་དར་སྟག་གཡུ་ལོ་འདབ་རྒྱས། །

   ཆོས་དར་སྐྱིད་པའི་ལྷ་དར་འཐེན། །

   དམ་པའི་ཆོས་ཀྱི་སྒྲོན་མེ་སྦར། །

   མ་རིག་མུན་ཁམས་བདེ་ལ་བཀོད། །

   ནག་ཕྱོགས་བདུད་སྡེ་ཆམ་ལ་ཕབ། །

   ཨ་ཆེན་ཧོར་གྱི་གཡུལ་ལས་རྒྱལ། །

   ད་རུང་འགྲོ་དོན་མ་རྫོགས་པར། །

   འཛམ་གླིང་བོད་ཀྱི་འདུག་ཆོས་དང་། །

   དབུ་ནག་སྐྱིད་ཀྱི་གཞི་མ་གཉིས། །

   ང་སེང་ཆེན་སྐྱེས་བུས་མ་བསྒྲུབས་ན། །

   གོང་མ་ལྷ་ཡི་དམ་ཚིག་སྟོན། །

   དེ་བས་འགྲོ་དོན་རིམ་གྱིས་སྐྱོང་། །

   དེ་རིང་སྐྱིད་པའི་གླུ་དབྱངས་འདི། །

   ཤར་གླིང་དཔའ་བརྟུལ་ཐུགས་ལ་ཞོག །

   ཅེས་གསུངས་པ་ན། དེར་འཁོད་ཐམས་ཅད་ཀྱིས་ཐལ་མོ་སྦྱར་ནས་གུས་འདུད་བྱས། དེའི་ཕྱི་ཉིན་གསེར་འཕྲུ་ཉི་མ་ཁྲི་བརྩེགས་དེ་སེང་འབྲུག་སྟག་རྩེའི་རྩེ་རུ་བཙུགས་ཏེ། སྟེང་གོང་མའི་ལྷ་ཚོགས་ཐམས་ཅད་ངོ་སོ་དགུང་ལ་བསྟོད་པར་མཛད། དེ་ནས་དཔའ་ཡག་ཐང་རྩེས་རང་གི་རྔ་འཕྲུ་དེ་བླངས་ནས། སྔར་ཞོར་ནས་སྐུ་རྗེ་དང་འདན་མ་རྣམས་ཀྱིས་གནང་བའི་དར་འཕྲུ་དང་རྨོག་དཀར་པོ་བཅས་གྱོན་ཏེ། གླིང་པ་རྣམས་དང་བློ་གཅིག་སེམས་གཅིག་གི་སྐྱིད་མཉམ་སྡུག་མཉམ་བྱེད་རྒྱུའི་བསམ་པ་སྟོན་ཕྱིར་ཡར་ལངས་ནས་གླུ་འདི་ཕུལ་ལོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1