༄༅།། ལས་ཚིག་གི་རྣམ་པ་ལ་དཔྱད་པ།

ཚུལ་ཁྲིམས་རིན་ཆེན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-10



ཚུལ་ཁྲིམས་རིན་ཆེན། 


        སྐད་ཀྱི་བྱེད་ལས་དང་ནུས་པ་གཙོ་བོ་གཅིག་ནི་ལས་ཚིག་ལ་རགས་ལས་ཡོད་པ་ཞིག་རེད། བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་དུ་བྱ་བྱེད་ལས་གསུམ་དང་། བདག་གཞན་དུས་གསུམ་གྱི་དབྱེ་བ་དང་བྱེད་ལས་གསལ་པོར་ཤེས་དགོས་པ་ནི་འབྲི་བྱའི་བརྗོད་བྱ་དེ་ཉིད་གསལ་པོར་བསྟན་ནུས་མིན་གྱི་གལ་གནད་ཅིག་རེད།

གཅིག བྱ་བྱེད་ལས་གསུམ་བཤད་པ། 

        བྱ་བྱེད་ལས་གསུམ་ཞེས་པ་དེ་གང་ཞིག་ལ་ཟེར་ཞེ་ན། བྱ་བྱེད་ཐ་དད་པའི་ལས་ཚིག་གང་ཞིག བྱེད་པ་པོ་དང་། བྱ་བའི་ལས་དང་། དེ་གཉིས་འབྲེལ་བའི་ལས་ཚིག་བཅས་གསུམ་ལ་ཟེར། དཔེར་ན། ཤིང་མཁན་གྱིས་ཤིང་གཅོད། ཅེས་པ་ཤིང་མཁན་བྱེད་པོ། ཤིང་བྱ་ཡུལ། གཅོད་ལས་ཚིག་ལ་ཟེར། འདིར་ལས་ཚིག་ཅེས་པ་བྱ་བའི་ཡུལ་ལ་ཡོད་པའི་ལས་དང་། བྱེད་པ་པོ་ལ་ཡོད་པའི་ལས་ཏེ་ལས་གཉིས་ཚོགས་ཀྱི་བདག་ཉིད་ཅན་གྱི་ལས་ཚིག་ཅིག་སྟེ། བྱ་ལས་དང་བྱེད་ལས་གཉིས་ཀ་འདུས་པ་ཞིག་ཡིན། །

 

        རྒྱ་སྐད་དང་དབྱིན་སྐད་ལ་བྱེད་པོ་ལས་དང་བྱ་ཡུལ་ཞེས་ལས་ཚིག་སྔོན་དང་བྱ་ཡུལ་རྗེས་སུ་ཡོད་པ་བོད་སྐད་དང་གོ་རིམ་མི་འདྲ་བ་ཞིག་རེད། 主语,谓语,宾语,Subject, object, predicate བོད་སྐད་ཀྱི་གོ་རིམ་ནི་དེ་ལས་ལྡོག་པ་བྱ་ཡུལ་སྔོན་དང་། ལས་ཚིག་རྗེས་སུ་ཡོང་གི་ཡོད་པ་རེད། 主语、宾语、谓语ཞེས་ཡོང་གི་ཡོད་འདུག

        གཞན་ཡང་དཔེར་བརྗོད་གཞན་ཞིག་བཀོད་ན། ཨ་མས་ང་ལ་སྒྲུང་བཤད། ཅེས་པ་དེ་ཨ་མ་བྱ་བྱེད་ལས་གསུམ་ནང་ནས་བྱེད་པ་པོ། ང་བྱ་བྱེད་ལས་གསུམ་ལས་བྱ་ཡུལ་གྱི་ཁོངས་གཏོགས། སྒྲུང་ནི་འཆད་བྱའི་དོན་ཏེ་བྱ་ཡུལ་དངོས། བཤད་ནི་བྱ་བྱེད་ལས་གསུམ་གྱི་ནང་ཚན་ལས་ཚིག་ཡིན།

བྱ་བའི་ཡུལ་ལ་ཡོད་པའི་ལས་ཞེས་པ་དེ་གང་ལ་ཟེར། བྱ་བའི་ཡུལ་གྱི་དངོས་པོའི་སྟེང་ན་བྱ་བ་བསྒྲུབ་རུང་བའི་ཆ་དེ་ལ་ཟེར། དཔེར་ན། ཤིང་མཁན་གྱིས་ཤིང་གཅོད་པའི་ཚེ་བྱ་བའི་ཡུལ་གྱི་དངོས་པོ་ཤིང་གི་སྟེང་ན་གཅད་དུ་རུང་བའི་བྱ་བ་ཡོད་པ་དེ་ལ་ཟེར།

བྱེད་པ་པོ་ལ་ཡོད་པའི་བྱ་བ་ཞེས་པ་དེ་གང་ལ་ཟེར། བྱེད་པ་པོས་བྱ་བ་ཞིག་སྒྲུབ་པའི་ཚེ་བྱེད་པ་པོ་མི་ཡི་སྟེང་ན་ཡོད་པའི་བྱེད་རྩོལ་གྱི་ཆ་དེ་ལ་ཟེར། །


གཉིས། བྱ་ཚིག་དང་དུས་གསུམ་གྱི་རྣམ་བཞག

        བོད་སྐད་དུ་སྤྱིར་བཏང་བྱས་ན་ལས་ཚིག་ནི་བྱ་བ་གང་ཞིག་བྱས་ན་དོན་དེ་ཇི་ལྟར་སྒྲུབ་ཅིང་ཡོད་པ་དང་། འགྲུབ་པའི་རྣམ་པ་ཇི་ལྟར་ཡིན་པར་ལས་ཚིག་རང་རང་ངོས་ནས་དོན་སྟོན་ཐུབ་པ་ཞིག་རེད། འོན་ཀྱང་དེ་ལ་ཞིབ་ཏུ་དཔྱད་ན་བྱ་བྱེད་ཐ་དད་པ་དང་། ཐ་མི་དད་པའི་རིགས་གཉིས་ཡོད་ཅིང་བྱ་བྱེད་ཐ་དད་པའི་ལས་ཚིག་ཡིན་ན་བྱ་ཚིག་རང་ངོས་ནས་ལས་དེ་བྱས་ཟིན་མིན་དང་། རྣམ་པ་ཇི་ལྟར་བུ་ཞིག་ཡིན་པ་གོ་ཐུབ་བཞིན་ཡོད་པ་རེད། དེས་ནས་ལས་ཚིག་དག་པོ་ཞིག་མ་སྤྱད་པ་འདས་པ་ལ་མ་འོངས་ལས་ཚིག་དང་། མ་འོངས་པ་ལ་འདས་པའི་ལས་ཚིག་ལྟ་བུ་བེད་སྤྱོད་པ་ཡིན་ན། ལས་དང་བྱ་བ་ཐམས་ཅད་མགོ་རྙོག་ཡོང་སྲིད་དེ། འོན་ཀྱང་བྱ་བྱེད་ཐ་མི་དད་པའི་རིགས་ཁག་གཅིག་ནི་ཚིག་གྲོགས་ལ་བརྟེན་ནས་འདས་མ་འོངས་ཀྱི་དབྱེ་བ་འབྱེད་དགོས་པའང་ཡོད་དོ། །བྱ་ཚིག་འདི་དག་གི་དབྱེ་བ་ལས་སླ་མོའི་སྒོ་ནས་འབྱེད་པ་ལ། མི་ཉག་ཚོགས་ཤུལ་ནོར་བུ་བསྟན་འཛིན་གྱིས་བརྡ་སྤྲོད་པའི་སྙིང་པོ་ཐམས་ཅད་གཅིག་ཏུ་བསྡུས་ནས་ལས་ཚིག་ལ་དུས་གསུམ་དང་། བྱེ་བྲག ཕལ་པ་གསུམ་དུ་ཕྱེས་ཡོད་པ་མན་ངག་འདི་ལ་བརྟེན་ནས་རྟགས་ཀྱི་འཇུག་པའི་དཀའ་གནད་ཐམས་ཅད་བདེ་བླག་གིས་རྟོགས་ཐུབ།

        1.དུས་གསུམ་སྤྱི་བཏང་བའི་མཚན་ཉིད་ནི། བྱ་ཚིག་མ་ནིང་བྱེད་པོ་མོ་ཡིས་འཕུལ། །པ་སྡེ་ལས་གཞན་འདས་ཚིག་ཕོ་ཡིས་འཕུལ། །སྒྲ་གདངས་ཐ་དད་མགོ་ཅན་མེད་ངེས་ལ། །བརྗོད་བདེར་བྱེད་ཚིག་མ་ནིང་འབྱུང་ཡང་སྲིད། །ཞེས་པ་ལྟར་རོ། །དུས་གསུམ་སྤྱི་བཏང་བའི་དཔེར་བརྗོད་ཇི་ལྟར་ཞེ་ན།

ལན། བྱ། བྱེད། འདས། སྐུལ།

དགག འགོག བཀག ཁོག

གཅད། གཅོད། བཅད། ཆོད།

གདགས། འདོགས། བཏགས། ཐོགས།

གཞག འཇོག བཞག ཞོག

གཞོམ། འཇོམས། བཅོམ། ཆོམས།

        དུས་གསུམ་སྤྱི་བཏང་བ་ཟེར་དགོས་པའི་རྒྱུ་མཚན་ནི། འདིར་སྤྱིར་བཏང་དབང་དུ་བྱས་ན། བྱ་ཚིག་གི་སྔོན་འཇུག་མ་ནིང་ཡིན་པ་དང་། བྱེད་ཚིག་སྔོན་འཇུག་མོ་ཡིག་ཡིན་པ། པ་སྡེ་ལས་གཞན་པའི་འདས་ཚིག་གི་སྔོན་འཇུག་ཕོ་བ་ཡིག་ཡིན་པ། དུས་གསུམ་གྱི་ལས་ཚིག་རྣམས་སྒྲ་གདངས་ཐ་དད་ཡིན་པ། མགོ་ཅན་གྱི་ཡི་གེ་མེད་ངེས་པར་ཡིན་པ། བརྗོད་བདེའི་དབང་དུ་སྐབས་འགར་བྱེད་ཚིག་མ་ནིང་ཡིན་པ་བཅས་རང་བཞིན་ཉིད་ཀྱི་སྤྱིར་འགྲོས་གྱི་ལམ་ཡོད་པའི་ཕྱིར་ན་སྤྱི་བཏང་བ་ཟེར། །

        2. དུས་གསུམ་བྱེ་བྲག་པའི་མཚན་ཉིད་ནི། བྱ་བ་དང་ནི་འདས་པ་ཕོ་ཡིས་འཕུལ། །བྱེད་ཚིག་ཕལ་ཆེར་འཕུལ་བྱེད་མེད་པ་དང་། །སྐབས་འགར་འདས་དང་སྐུལ་ཚིག་གཉིས་པོ་ནི། །རྗེས་འཇུག་ས་ཡིག་རྐྱང་པས་སྟོན་པ་དང་། །འདི་ནི་མགོ་ཅན་མང་པའི་སྡེ་ཚན་ནོ། །དུས་གསུམ་བྱེ་བྲག་པའི་དཔེར་བརྗོད་ཇི་ལྟར་ཞེ་ན།

ལན། བྱ། བྱེད། འདས། སྐུལ།

བཀླག ཀློག བཀླགས། ཀློགས།

བསྐྲུན། སྐྲུན། བསྐྲུན། སྐྲུན།

བརྒལ། རྒོལ། བརྒལ། རྒོལ། ལྟ་བུ་སོགས་སོ། །

        དུས་གསུམ་བྱེ་བྲག་པ་ཞེས་པའི་རྒྱུ་མཚན་ནི། དུས་འདས་པ་དང་མ་འོངས་པ་སྔོན་འཇུག་ཕོ་ཡིག་ཐོབ་པ། བྱེད་ཚིག་ད་ལྟ་བ་ལ་སྔོན་འཇུག་མེད་པ། སྐབས་འགར་དུས་འདས་པ་དང་སྐུལ་ཚིག་གཉིས་ལ་ས་མཐའ་རྐྱང་པས་དོན་སྟོན་ནུས་པ། དམིགས་བསལ་མགོ་ཅན་མང་བའི་ལས་ཚིག་ཅན་ཡིན་པ། དུས་གསུམ་སྤྱི་བཏང་བའི་ཁྱད་ཆོས་དང་མི་མཐུན་པར་བྱེ་བྲག་རང་གི་ཁྱད་ཆོས་ཡོད་པས་ན་དུས་གསུམ་བྱེ་བྲག་པ་ཟེར། །

        3. དུས་གསུམ་ཐོར་བུའི་མཚན་ཉིད་ནི། གང་ཞིག་དུས་གསུམ་ཚིག་ལ་འཕུལ་མེད་དང་། །ཡོད་ཀྱང་འཕུལ་ཡིག་གཅིག་ལས་འགྱུར་མེད་དང་། །འགྱུར་ཡང་སྤྱི་དང་བྱེ་བྲག་གཉིས་པོ་ལ། །མི་མཐུན་པ་ནི་ཐོར་བུ་པ་ཞེས་བརྗོད། །དུས་གསུམ་ཐོར་བུ་བའི་དཔེར་བརྗོད་ཇི་ལྟར་ཞེ་ན།

ལན། མ་འོངས་པ། ད་ལྟ་བ། འདས། སྐུལ་ཚིག

སྐྱིད། སྐྱིད། སྐྱིད།

འཁོན། འཁོན། འཁོན།

མཉན། ཉན། མཉན།

        དུས་གསུམ་ཐོར་བུ་བ་ཞེས་པའི་རྒྱུ་མཚན་ནི། ལས་ཚིག་གང་ཞིག དུས་གསུམ་ཀ་ལ་སྔོན་འཇུག་མེད་པ། གལ་སྲིད་ཡོད་ནའང་དུས་གསུམ་ཀར་སྔོན་འཇུག་གཅིག་ལས་གཞན་དུ་མི་འགྱུར་བ། གལ་སྲིད་འགྱུར་ནའང་དུས་གསུམ་སྤྱི་བཏང་བ་དང་། ཐོར་བུར་པ་གཉིས་ཀ་དང་མི་མཐུན་པའི་རིགས་ཐོར་བུར་གནས་པ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་དུས་གསུམ་ཐོར་བུ་པ་ཞེས་ཟེར། ། 


  གསུམ། དངོས་པོ་བདག་གཞན་གྱི་རྣམ་བཞག

        དངོས་པོ་བདག་གཞན་ཞེས་པ་དེ་གང་འདྲ་ཞིག་ལ་ཟེར་ཞེ་ན། ལས་གང་ཞིག་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་དབང་དུ་བྱས་ནས། བྱེད་པ་པོའི་དངོས་པོ་དེ་ཉིད་དང་དེའི་བྱེད་པ་དང་བཅས་པ་ལ་ནི་བདག་དང་། དེས་བསྒྲུབ་པར་བྱ་བའི་ཡུལ་གྱི་དངོས་པོ་བྱ་བ་དང་བཅས་ལ་གཞན་ཞེས་བྱའོ། །

འདིར་དངོས་པོ་བདག་གཞན་གྱི་དབྱེ་བ་ཞེས་པ་ཅུང་ཟད་གསལ་བར་བཤད་ན། བྱ་བྱེད་ཐ་དད་པ་གང་ཞིག བྱ་བའི་ཡུལ་དང༌། ཡུལ་གྱི་བྱ་ཚིག་དང་བཅས་པ་ལ་དངོས་པོ་གཞན་ཞེས་ཟེར། བྱེད་པ་པོ་དང་དེའི་ཡན་ལག་ཏུ་གྱུར་པའི་བྱེད་པ་སྟེ་ཡོ་བྱད་དང༌། བྱེད་པོའི་རྩོལ་བ་མཚོན་བྱེད་ཀྱི་བྱེད་ཚིག་བཅས་ལ་དངོས་པོ་བདག་ཅེས་ཟེར། མདོར་བསྡུས་ན་དུས་ད་ལྟ་བ་སྟོན་པའི་བྱེད་ཚིག་དེ་དངོས་པོའི་བདག་མཚོན་བྱེད་དང༌། དུས་མ་འོངས་པ་སྟོན་པའི་བྱ་ཚིག་དེ་དངོས་པོ་གཞན་མཚོན་བྱེད་ཆགས་ཡོད་པ་སྟེ། དཔེར་ན། དབྱིན་ཡིག་ནང་དུ། Ruling Class ཞེས་ད་ལྟ་བའི་ལས་ཚིག་དེ་དབང་བསྒྱུར་བྱེད་པོ་སྟེ་དངོས་པོ་བདག་མཚོན་པ་དང༌། Ruled Class ཞེས་དུས་འདས་པའི་ལས་ཚིག་དེ་དབང་བསྒྱུར་བྱ་ཡུལ་ཏེ་དངོས་པོ་གཞན་མཚོན་བྱེད་དུ་གྱུར་པ་ལྟར་རོ། དེས་ན་བོད་སྐད་ཀྱི་ལས་ཚིག་དེ་ལ་ནང་གསེས་ཀྱི་དབྱེ་སྲོལ་ལ། བྱ་བའི་ཡུལ་གྱི་སྟེང་ན་ཡོད་པའི་བྱ་ཚིག་དང༌། བྱེད་པ་པོའི་ངོས་ན་ཡོད་པའི་བྱེད་ཚིག་སྟེ་རིགས་གཉིས་སྣང༌། དེས་ན་བྱ་ཚིག་རིགས་གཉིས་པོ་དེའི་སྤྱི་མིང་ལ་སི་ཏུའི་འགྲེལ་ཆེན་དུ་ལས་ཚིག་ཅེས་མིང་འདོགས་ཡོད་པ་རེད། དཔེར་ན། དཔེ་ཆ་ཀློག་པ་ལྟ་བུའི་བྱ་བ་ཞིག་ལ་མཚོན་ན། དཔེ་ཆ་བཀླག་ཅེས་པའི་བྱ་ཚིག་དེ་ཡུལ་དཔེ་ཆའི་ངོས་སུ་བཀླག་རུང་གི་བྱ་བ་ཡོད་པའི་ཆ་ནས་བྱ་བའི་ཡུལ་ལ་ཡོད་པའི་བྱ་བ་དང༌། དེ་ཡུལ་གྱི་སྟེང་ན་ཡོད་པའི་ཆ་ནས་དངོས་པོ་གཞན་དང༌། བཀླག་རུང་བ་ཡོད་པ་ཙམ་ལས་ད་ལྟ་ཀློག་བཞིན་མེད་པའི་ཕྱིར་ན་དུས་མ་འོངས་པ་སྟོན་བཞིན་ཡོད་པ་རེད།

        དཔེ་ཆ་ཀློག་ཅེས་པའི་བྱ་ཚིག་དེ་བྱེད་པ་པོ་གང་ཞིག་གིས་ཀློག་ཅིང་ཡོད་པ་སྟོན་པའི་ཆ་ནས་བྱེད་པ་པོ་ལ་ཡོད་པའི་བྱ་བ་དང༌། དེ་བྱེད་པ་པོའི་རྩོལ་བ་ཡིན་པའི་ཆ་ནས་དངོས་པོ་བདག་དང༌། དེའང་བྱ་ཡུལ་དཔེ་ཆ་དང་བྱེད་པོ་གང་ཟག་གཉིས་འབྲེལ་ནས་ད་ལྟ་ཀློག་བཞིན་པའི་དོན་སྟོན་པའི་ཕྱིར་ན་དུས་ད་ལྟ་བ་བཅས་མཚོན་བཞིན་ཡོད་པ་རེད།

གཤམ་གྱི་དཔེར་བརྗོད་རྣམས་ཀྱི་དངོས་པོ་བདག་གཞན་གྱི་དབྱེ་བ་གང་འདྲ་བྱས་ནས་ཕྱེ་དགོས། བཀྲ་ཤིས་ཀྱིས་ཤིང་གཅད། ཅེས་པ་གཅད་བྱའི་ཤིང་དང་འབྲེལ་བའི་བྱ་བ་གཙོ་བོར་སྟོན་པའི་བྱ་ཚིག་དངོས་པོ་གཞན་དང་། བཀྲ་ཤིས་ཀྱིས་ཤིང་གཅོད། ལྟ་བུར་བྱེད་པོ་བཀྲ་ཤིས་དང་འབྲེལ་བའི་བྱེད་ཚིག་བདག་མཚོན་བྱེད་ཅན་གྱི་ཚིག་སྦྱོར་ཡིན་ནོ། སི་ཏུའི་དགོངས་དོན་ལྟར་ན་སྐབས་འདིར་བྱ་ཚིག་དང་མ་འབྲེལ་བའི་བཀྲ་ཤིས་བདག་དང་། ཤིང་ལ་དངོས་པོ་གཞན་ཞེས་ངོས་འཛིན་པ་ནི། སྐབས་སུ་བབས་པའི་བརྗོད་བྱ་དང་འབྲེལ་བ་མེད་པ་ཞིག་སྟེ། འདིར་དངོས་པོ་བདག་གཞན་ཞེས་པ་གཙོ་བོར་བྱ་ཚིག་གི་ངོས་ནས་དབྱེ་དགོས་པ་ལས། མིང་རྐྱང་གི་ངོས་ནས་དངོས་པོ་བདག་གཞན་དབྱེ་མི་རུང་སྟེ། སྐབས་བབས་ཀྱི་བརྗོད་བྱ་མིང་རྐྱང་མ་ཡིན་པའི་ཕྱིར། ཞེས་གསུངས་སོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1