༄༅།།ནར་མ་སོན་པའི་མི་དྲ་རྒྱའི་ཐད་གཏོང་ལ་ཞུགས་མི་ཆོག་པའི་གཏན་འབེབས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 05-11



     ཉེ་ཆར་ཀྲུང་དབྱང་ཤེས་དཔལ་གཞུང་ལས་ཁང་དང་། རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས། རྒྱལ་ཁབ་མཉམ་འབྲེལ་དྲ་རྒྱའི་ཆ་འཕྲིན་གཞུང་ལས་ཁང་བཅས་སྡེ་ཚན་བཞིས་མཉམ་འབྲེལ་སྒོས་《དྲ་རྒྱའི་ཐད་གཏོང་ཚད་ལྡན་དུ་བཏང་ནས་ནར་མ་སོན་པའི་མིར་སྲུང་སྐྱོབ་བྱེད་པའི་ཐད་ཤུགས་སྣོན་རྒྱག་དགོས་པའི་སྐོར་གྱི་བསམ་འཆར》(གཤམ་ནས《བསམ་འཆར》ཞེས་བསྡུ་རྒྱུ་ཡིན་)འགྲེམས་སྤེལ་བྱས་པ་དང་།《བསམ་འཆར》ནང་དུ་ནར་མ་སོན་པའི་མི་རྣམས་ཐད་གཏོང་ནང་ཞུགས་རྒྱུ་དང་ཐད་གཏོང་བྱེད་པར་བཀག་འགོག་ནན་མོ་བྱ་རྒྱུའི་སྐོར་གྱི་བྱེ་བྲག་གི་བྱ་བའི་བྱེད་ཐབས་སོགས་འདུས་ཡོད།


    《བསམ་འཆར་》ལས་ནར་མ་སོན་པའི་མི་ཐད་གཏོང་ནང་ཞུགས་རྒྱུར་གཏན་འགོག་བྱེད་པ་དང་། དྲ་ཚིགས་སྟེགས་བུས་ནར་མ་སོན་པའི་མི་རྣམས་ལ་ཕན་པ་ཆེས་ཆེ་བའི་རྩ་དོན་རྒྱུན་འཁྱོངས་བྱས་ནས་ནར་མ་སོན་པའི་མིའི་སྲུང་སྐྱོབ་ལམ་སྲོལ་འཐུས་ཚང་དུ་གཏོང་པ་དང་དངོས་མིང་ལམ་ལུགས་ཀྱི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ནས་ནར་མ་སོན་པའི་མིར་ལག་སྒོར་སྟེར་པ་དང་ལེགས་སྐྱེས་ཉོ་བ། དྲ་ཐོག་ནས་དངུལ་སྤྲོད་པ་སོགས་ཀྱི་བྱ་དགའ་སྟེར་བའི་རིགས་གཏན་འགོག་བྱེད་དགོས། དྲ་ཚིགས་སྟེགས་བུས་ནར་མ་སོན་པའི་མིའི་ཡིད་དབང་འགུག་པའི་བྱ་དགའ་སྟེར་རྒྱུའི་རིགས་ཀྱི་ནུས་པ་ཞིབ་འཇུག་གསར་གཏོད་བྱེད་མི་ཆོག་ལ། ནར་མ་སོན་པའི་མི་རྣམས་དགའ་བའི་རིགས་སྣ་ཚོགས་ཀྱི་ལེགས་སྐྱེས་སྟེར་བའི་སྐོར་གསར་སྤེལ་བྱེད་མི་རུང་། གལ་ཏེ་དྲ་ཚིགས་སྟེགས་བུ་དག་གིས་གོང་གི་བླང་བྱ་དང་འགལ་ཚེ་བྱ་དགའ་སྟེར་བའི་བྱེད་ནུས་གནས་སྐབས་སུ་མཚམས་འཇོག་པ་དང་ཐད་གཏོང་ལས་སྒོ་ཀྱང་སྒོ་རྒྱག་ཏུ་འཇུག་པ་སོགས་ཀྱི་བྱེད་ཐབས་ནན་མོ་སྤྱོད་རྒྱུའི་སྒྲིག་ལམ་བཏོན་ཡོད།

     《བསམ་འཆར》ནང་དུ། ནར་མ་སོན་པའི་མིས་ཐད་གཏོང་བྱ་རྒྱུར་བཀག་འགོག་ནན་མོ་བྱེད་དགོས་པ་དང་། དྲ་ཚིགས་སྟེགས་བུས་ཐད་གཏོང་མཁན་གྱི་ཐོ་ཨང་ཐོ་འགོད་ལ་ཞིབ་བཤེར་དོ་དམ་ནན་མོ་བྱེད་དགོས། ལོ་16མ་ལོན་པའི་བྱིས་པ་རྣམས་ལ་དྲ་རྒྱའི་ཐད་གཏོང་ཞབས་ཞུ་མཁོ་འདོན་བྱེད་མི་ཆོག་ལ། ལོ་16ནས་18བར་གྱི་བྱིས་པ་རྣམས་ལ་ཐད་གཏོང་ཞབས་ཞུ་མཁོ་འདོན་བྱ་དགོས་ཚེ་ངེས་པར་དུ་ལྟ་སྐྱོང་པའི་མོས་མཐུན་བྱུང་དགོས། དྲ་གྲགས་བྱིས་པ་ཚོས་ཐད་གཏོང་བརྒྱུད་ནས་ཁེ་ཕན་ལེན་པའི་བྱ་སྤྱོད་ལ་དུས་རྒྱུན་དུ་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། ཐོ་ཨང་དང་སྒྲིག་འགལ་བྱུང་པ་ཤེས་ཚེ་ཐག་གཅོད་ནན་མོ་བྱ་རྒྱུ་ཡིན་པར་མ་ཟད་འབྲེལ་ཡོད་དྲ་ཚིགས་སྟེགས་བུའི་འགན་འཁྲིའང་བདའ་འདེད་བྱ་རྒྱུ་ཡིན་པ་གཏན་འབེབས་བྱས་ཡོད།

     《བསམ་འཆར་》ལས་གཞན་ད་དུང་། མིང་ཐོ་དང་ལེགས་སྐྱེས་ནི་གཞོན་ནུ་ལོ་ཆུང་ཚོའི་ཡིད་དབང་འགུག་པའི་བྱེད་སྒོ་གལ་ཆེན་ཞིག་ཡིན་པས། དྲ་ཚིགས་སྟེགས་བུས་《བསམ་འཆར》ཁྱབ་བསྒྲགས་བྱས་རྗེས་ཀྱི་ཟླ་བ་གཅིག་རིང་དུ་བྱ་དགའ་སྟེར་རྒྱུའི་མིང་ཐོ་ཚང་མ་མེད་པར་གཏོང་པ་དང་། བྱ་དགའི་མང་ཉུང་ནི་ཐད་གཏོང་པའི་ཨང་རིམ་དང་། བཞུར་འདྲེན། འོས་སྦྱོར་བྱ་རྒྱུའི་གཞིར་འཛིན་ས་ཁོ་ནར་འཛིན་པ་གཏན་འགོག་བྱེད་དགོས་ལ། བྱ་དགའི་མང་ཉུང་ཚད་གཞིར་བཟུང་ནས་སྤྱོད་མཁན་ལ་ཨང་རིམ་སྒྲིག་པ་བཀག་འགོག་བྱེད་དགོས། ལེགས་སྐྱེས་ཀྱི་མིང་དང་ཕྱི་ཐུམ་ཇུས་འགོད་ཚད་ལྡན་དུ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས་ལ། སྒྲོ་འདོགས་རང་བཞིན་གྱིས་འགྲེམས་སྟོན་དང་། དམིགས་བསལ་ནུས་པ་སྤྱད་ནས་སྤྱོད་མཁན་ཚུར་འགུག་བྱེད་མི་ཆོག ལག་རྩལ་གསར་པ་དང་ཉེར་སྤྱོད་གསར་པ་སྤྱོད་པའི་བདེ་འཇགས་དཔྱད་དཔོག་ལ་ཤུགས་སྣོན་རྒྱག་དགོས་པ་དང་།  དྲ་ཐོག་ཏུ་ཞུགས་ནས་བྱ་དགའི་དངུལ་གྲངས་ཚད་གཞིར་འཛིན་ས་ཉག་གཅིག་ཏུ་འཛིན་པའི་བྱེད་ནུས་སྣ་ཚོགས་བཀོལ་མི་ཆོག་ཅེས་བསྟན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1