གྲོང་གསེབ་དར་རྒྱས་ཡོང་བའི་གནད།། སློབ་གསོ་སྔོན་ལ་སྤེལ་བར་གལ།།

ཆེད་བསྐོས་གསར་འགོད་པ་སྐལ་ཐུབ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-11




ཁ་གཏད་རོགས་སྐྱོར་ལ་བརྟེན་ནས་དེང་རབས་སློབ་གྲྭ་གསར་པ་བསྐྲུན།
        དར་མདོ་གྲོང་ཁྱེར་སློབ་འབྲིང་གཉིས་པའི་འཛུགས་སྐྲུན་ཡུལ་དངོས་སུ། བཟོ་པ་ཚོས་སློབ་ཁྲིད་བྱ་ཡུལ་དང་འཚོ་བ་བྱ་ཡུལ། ལུས་རྩལ་བྱ་ཡུལ་བཅས་སུ་ཚ་ཚ་འུར་འུར་ངང་རང་འཁྲིའི་ལས་ལ་བྲེལ་བཞིན་ཡོད་པ་དང་། ཕྱི་ཁོག་དཀར་ལ་བད་ཁ་དམར་ཞིང་སྟེང་ཐོག་སྔོ་མདངས་ཆགས་པའི་ཐོག་ཁང་ཆེན་པོ་འགའ་ཤས་རིན་ཆེན་དབང་སྔོན་གྱི་ཕྲ་ཚོམ་བཀོད་པ་ལྟར་མཐོང་ལམ་དུ་མངོན།
        2021ལོའི་ཟླ་12པའི་ཟླ་གཞུང་དུ་སློབ་གྲྭའི་ཉེར་སྤྱོད་སྡོད་ཁང་བཟོ་སྐྲུན་ཡོངས་སུ་གྲུབ་ཅིང་། ད་ལྟ་ལྗང་འགྱུར་དང་མཛེས་འགྱུར། གསལ་འགྱུར་བཅས་ཀྱི་འབྲེལ་ཡོད་ཞོར་གཏོགས་ཨར་ལས་ཀྱང་འཐུས་ཚང་དུ་གཏོང་བཞིན་ཡོད་པ་དང་། ད་ལོའི་ཟླ་9པར་སློབ་འགོ་ཚུགས་ཆོག་པའི་དར་མདོ་གྲོང་ཁྱེར་སློབ་འབྲིང་གཉིས་པ་ནི་དར་མདོ་གྲོང་ཁྱེར་གཉའ་ལུང་མགོ་ཁྲོམ་གཞུང་གཉའ་ལུང་མགོ་གྲོང་སྡེ་རྙིང་པར་གནས་ཤིང་།
སློབ་གྲྭ་དེ་ནི་སྲོལ་རྒྱུན་གྱི་ལུགས་སུ་བསྐྲུན་པའི་རིག་གནས་འཆད་ཉན་ཁང་གི་རྣམ་པ་ཅན་དང་། ལྗང་མདོག་སྐྱེད་ཚལ་ར་བའི་རྣམ་པ་ཅན། རང་བྱུང་ཚ་ཆུའི་ཁྲུས་རྫིང་གི་རྣམ་པ་ཅན། ནུས་བསྲི་འབུད་ཉུང་གི་རྣམ་པ་ཅན་བཅས་གཞི་གཅིག་ཏུ་འཛོམས་པའི་དེང་རབས་ཅན་གྱི་རིག་ནུས་ལྡན་པའི་སློབ་གྲྭ་ཞིག་ཡིན།
        དར་མདོ་གྲོང་ཁྱེར་སློབ་གསོ་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལིའུ་ཡན་པིའོ་ཡིས་དར་མདོ་གྲོང་ཁྱེར་སློབ་འབྲིང་གཉིས་པ་ནི་གྲོང་ཁྱེར་ཡོངས་ཀྱི་སློབ་གསོ་སློབ་ཁྲིད་ཀྱི་ཁྱབ་ཁོངས་སུ་སློབ་གྲྭ་སྤུས་འབོར་གཉིས་ལྡན་ཞིག་གསར་དུ་བསྣན་པ་ཡིན་ལ། གྲོང་གསེབ་དར་རྒྱས་ཡོང་བའི་གནད་འགག་སློབ་གསོ་སྔོན་ལ་སྤེལ་དགོས་པའི་ལག་ལེན་ཕན་ཐོགས་ཡོད་པ་ཞིག་ཀྱང་དེ་བས་རེད། དེའི་དམིགས་ཡུལ་ཡང་ཁ་གཏད་རོགས་སྐྱོར་ལ་བརྟེན་ནས་མང་ཚོགས་དང་ལྷག་པར་ཞིང་འབྲོག་ཁྱིམ་ཚང་གི་བུ་རྒྱུད་ཚོའི་ཐག་ཉེ་སར་གཞུང་འཛུགས་མཐོ་འབྲིང་སློབ་གྲྭ་སྤུས་ལེགས་སུ་སློབ་རིམ་སྤར་ཆོག་པའི་དགོས་མཁོ་བསྐང་བའི་ཆེད་དུ་རེད་ཅེས་བཤད།
        སློབ་གྲྭ་དེ་ནི་ཀྲེ་ཅང་ཞིང་ཆེན་ཧོང་ཀྲོའུ་གྲོང་ཁྱེར་ཞའོ་ཧྲན་ཆུས་ཀྱིས་ཁ་གཏད་རོགས་སྐྱོར་བྱས་པའི་རིག་གནས་སློབ་གསོའི་ལས་གཞིའི་གྲས་ཤིག་ཡིན་ལ། སློབ་གྲྭ་བསྐྲུན་རྗེས་དར་མདོ་གྲོང་ཁྱེར་གྱི་མ་དངུལ་འཇོག་གྲངས་ཆེས་མང་བ་དང་། འཛུགས་སྐྲུན་གཞི་ཁྱོན་ཆེས་ཆེ་བ། ས་རྒྱ་ཆེས་ཆེ་བ། སློབ་མ་བསྡུ་གྲངས་ཆེས་མང་བ། འཆར་འགོད་ཇུས་བཀོད་ཀྱི་ཕུགས་ཆེས་རིང་བ་བཅས་ཀྱི་སློབ་གྲྭ་གསར་པ་ཞིག་ཡིན་པ་རེད།
        དར་མདོ་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ། གྲོང་དཔོན་གཞོན་པ་ཝང་ཅིན་ཅང་གིས་ད་ལོའི་ཟླ་6པ་ནས་བཟུང་། ཞའོ་ཧྲན་དང་དར་མདོ་ས་གནས་ཕྱོགས་གཉིས་ཀྱིས་དར་མདོ་གྲོང་ཁྱེར་སློབ་འབྲིང་གཉིས་པའི་ལས་གཞི་སྤེལ་བའི་ཁྲོད་དུ། ལས་འགོ་བརྩམས་མ་ཐག་ནས་སྟོབས་ཤུགས་ཡོད་དགུ་འབུལ་བའི་རྣམ་འགྱུར་ཐོག་ནས་བརྒྱུད་རིམ་དོ་དམ་དང་ལས་གཞིའི་རྩིས་ཕྲ། མ་དངུལ་གཏོང་སྤྲོད་སོགས་ཀྱི་ལས་ཀ་དམ་ནན་བཟུང་ཡོད། སླད་མར་ས་གནས་གཉིས་ཀྱིས་སྟོབས་ཤུགས་དེ་བས་ཆེན་པོ་གཅིག་ཏུ་བསྒྲིལ་ནས་གྲོང་གསེབ་དར་རྒྱས་གཏོང་བའི་དམག་འཐབ་རྒྱུན་རིང་པོ་ལས་རྒྱལ་ཁ་བླངས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བྱེད་ཅིང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་རྣམ་པ་གསར་པ་མཉམ་དུ་གཏོད་དགོས་ཞེས་བཤད།
        རྒྱུས་ལོན་བྱས་པ་ལྟར་ན། སློབ་གྲྭ་དེར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་2.6904བཏང་ཡོད་ཅིང་། ས་རྒྱ་མུའུ་120ཡོད་ལ་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་47207ཡོད་པ་དང་། ས་འགུལ་ཚད་རིམ་9ཡི་འགོག་ཚད་ལྟར་བསྐྲུན་ཞིང་སྐྲུན་ཡུན་ལོ་3ཡིན་པ་རེད།

དར་མདོ་གྲོང་ཁུལ་ལ་གྲོང་ཁྱེར་ཁོངས་གཏོགས་ཀྱི་མཐོ་འབྲིང་མེད་པའི་ལོ་རྒྱུས་གསར་དུ་གཏོད།
        སློབ་གྲྭ་དུས་ནམ་ཙམ་ལ་བསྐྲུན་ཐུབ་པ་དང་སློབ་འགོ་ནམ་ཙམ་ལ་ཚུགས་ཐུབ་མིན། དེ་བཞིན་སློབ་མ་ག་ཚོད་བསྡུ་རྒྱུ་ཡིན་པ་དང་། འགྲོ་སྦྱོང་དང་ཞག་སྡོད་གང་རུང་བྱེད་ཆོག་མིན། ཁྱད་ཆོས་ལྡན་པའི་སློབ་འཛུགས་བྱེད་སྟངས་ཇི་ལྟར་ཡིན་མིན་སོགས་ཀྱི་གནད་དོན་ནི་རྒྱ་ཆེ་བའི་ཡུལ་མི་ཚང་མས་དོ་ཁུར་བྱ་ཡུལ་གཙོ་བོར་གྱུར།
        གནད་དོན་དེ་ལ་དམིགས་ནས་ལིའུ་ཡན་པིའོ་ཡིས་འཆར་གཞི་ལྟར་ན་དར་མདོ་གྲོང་ཁྱེར་སློབ་འབྲིང་གཉིས་པ་ད་ལོའི་ཟླ་3པར་སློབ་འཛུགས་བྱེད་སྟངས་ཁྱོན་ཡོངས་ནས་གཏན་འབེབས་བྱས་པ་དང་། སྤྱི་ཟླ་5པར་སློབ་གྲྭའི་ཕྱི་ཁོག་སྒྲིག་ཆས་སྒྲིག་སྦྱོར་གྲུབ་ནས་ཚད་ཐོག་ལོན་པ། སྤྱི་ཟླ་7པར་དགེ་རྒན་གྱི་དཔུང་སྡེ་ཚུགས་ཤིང་སློབ་མ་བསྡུ་བའི་ལས་དོན་སྤེལ་རྒྱུ་དང་། སྟོན་དུས་སློབ་འགོ་ཚུགས་དུས་བེད་སྤྱོད་ཐུབ་པ་བྱ་རྒྱུ་རེད། སྐབས་དེར་དར་མདོ་སློབ་འབྲིང་གཉིས་པར་དགེ་རྒན་དང་ལས་བཟོ་པ་150དང་། སློབ་འབྲིང་དང་མཐོ་འབྲིང་གི་སློབ་མ་2250བསྡུ་བའི་འཆར་གཞི་ཡོད་ཅིང་། དེའི་ནང་དུ་ཞག་སྡོད་སློབ་མ་1800དང་ཞག་སྡོད་མ་ཡིན་པའི་སློབ་མ་450ཡོད། སློབ་ཁྲིད་འཛིན་གྲྭ་45བཀོད་ཡོད་ཅེས་བཤད་པ་རེད།
        ཉེ་བའི་ལོ་ཤས་རིང་ལ། རང་ཁུལ་གྱིས་སློབ་གསོར་མ་དངུལ་འབོར་ཆེན་བཏང་ནས་སློབ་གསོའི་དམངས་འཚོ་ལས་གཞི་གལ་ཆེན་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་དང་གཏོང་བཞིན་ཡོད། དེ་ལས་དར་མདོའི་སློབ་གསོ་ནི་ཁུལ་ཡོངས་ཀྱི་སློབ་གསོའི་བསྡུས་གཟུགས་ཤིག་རེད་ཅེས་བཤད་ཀྱང་མི་ཆོག་རྒྱུ་མེད། དར་མདོ་གྲོང་ཁྱེར་གྱིས་སློབ་གསོ་དམངས་འཚོའི་ལས་གྲྭ་དང་པོར་བཞག་ནས་སྤུས་ཀ་ལེགས་ཤིང་ཆ་སྙོམས་པོ་ཡིན་ལ། འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་ཆེད་དུ་སྟོབས་ཤུགས་རྒྱུན་ཆད་མེད་པར་འབུལ་བཞིན་ཡོད།
        དར་མདོ་གྲོང་ཁྱེར་སློབ་གསོ་དང་ལུས་རྩལ་ཅུས་ཀྱི་རྨང་གཞི་འཛུགས་སྐྲུན་ཁང་གི་འགོ་གཙོ་དབྱང་ཡ་ལིང་གིས་དར་མདོ་མཛའ་གཞས་གྲོང་ཁྱེར་ལོ་འདི་དག་རིང་ལ་འཕེལ་རྒྱས་མགྱོགས་ཤིང་མི་འབོར་འཕར་བ་དང་བསྟུན་ནས་གྲོང་ཁུལ་གྱི་སློབ་གྲྭའི་བཀོད་བབ་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་ཐུབ་ཀྱི་མེད། གྲོང་རྙིང་དུ་སློབ་འབྲིང་གཅིག་དང་ཁུལ་ཐད་གཏོགས་མཐོ་འབྲིང་གཅིག་ལས་མེད་པས་སྦྱོང་གནས་ཉུང་ཞིང་རྒྱ་སྐྱེད་དཀའ་བའི་དཀའ་ཚེགས་ཡོད། དར་མདོ་གྲོང་ཁྱེར་གྱིས་གཞུང་འཛུགས་སློབ་འབྲིང་དང་མཐོ་འབྲིང་གི་སྦྱོང་གནས་མཁོ་སྤྲོད་ཀྱི་འགལ་ཟླ་སེལ་ཐབས་འཚོལ་བཞིན་ཡོད་པའི་སྒང་ལ་དར་མདོ་གྲོང་ཁྱེར་སློབ་འབྲིང་གཉིས་པ་འཛུགས་པ་ནི་དུས་ཐོག་ཆར་པ་རེད་འདུག།།དེ་ནི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཁྱོན་ཡོངས་ལ“ཁེབས་པ་གཅིག་དང་གཅིག་བསྡུས་གཉིས། ཚན་འབོར་གསུམ”ཞེས་པའི་སློབ་འཛུགས་བསམ་ཕྱོགས་དང་མཐུན་ཞིང་། གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གི་གཞི་ཁྱོན་ཡོད་ལ་གཅིག་བསྡུས་ཡིན་པ་དང་། གཙོ་གནད་དཔེ་སྟོན་ཐུབ་པའི་བཀོད་སྒྲིག་རྩ་དོན་དང་དབུགས་ལམ་གཅིག་ཏུའང་སོང་ཡོད་ལ། ”གཙོ་གཅིག་གཤོག་གཉིས་ལྟེ་གནས་བཞི“ཞེས་པའི་སློབ་གྲྭ་གྲགས་ཅན་བསྐྲུན་པའི་དམིགས་འབེན་ལ་དམིགས་ཏེ། དར་མདོ་གྲོང་ཁྱེར་གྱི་གྲོང་ཁུལ་དུ་གྲོང་ཁྱེར་ཁོངས་གཏོགས་ཀྱི་མཐོ་འབྲིང་མེད་པའི་ལོ་རྒྱུས་བཅོས་ཏེ་གྲོང་ཁྱེར་ཡོངས་ཀྱི་སློབ་འབྲིང་གི་བཀོད་བབ་ལུགས་དང་མཐུན་པ་ཡོང་ཐུབ་ཡོད། ཐུང་ས་ནས་བལྟས་ན་ཞིང་འབྲོག་པའི་ཁྱིམ་ཚང་གི་བུ་རྒྱུད་མང་པོ་ཐག་ཉེ་ས་ནས་གཞུང་འཛུགས་སློབ་འབྲིང་དང་མཐོ་འབྲིང་སྤུས་ལེགས་སུ་སློབ་རིམ་སྤར་ཆོག་པའི་དམངས་འཚོའི་གླེང་གཞི་ཆེན་པོ་དེ་ལ་དོ་ཁུར་ཐོབ་པ་དང་། རིང་ས་ནས་བལྟས་ན་དེང་རབས་ཅན་གྱི་དར་མདོ་གསར་པ་སྐྲུན་པར་ཤེས་ལྡན་མི་སྣའི་རྨང་གཞི་བརྟན་པོ་འདིང་ཐུབ་པ་དང་རིག་སྟོབས་ཀྱི་འགན་སྲུང་གང་ལེགས་བྱེད་ཐུབ་པ་རེད་ཅེས་བཤད།
        གཞན་ཡང་བཤད་རིན་ཡོད་པ་ཞིག་ནི་དར་མདོ་གྲོང་ཁྱེར་སློབ་འབྲིང་གཉིས་པའི་ཉེ་འགྲམ་དུ་རང་བྱུང་ཚ་ཆུ་ཡོད་པས་ཇུས་འགོད་ཐོག་མ་བྱེད་པའི་སྐབས་སུ་ནས་ཆུ་རྐྱལ་རྫིང་བུ་རྐྱལ་ལམ་བཞི་ཡོད་པ་ཞིག་འཆར་འགོད་བྱས་ཡོད། བེད་སྤྱོད་བྱས་རྗེས་སློབ་གྲྭ་དེ་ནི་ཁུལ་ཡོངས་ཀྱི་རང་བྱུང་ཆུ་ཚན་གྱི་ཆུ་རྐྱལ་རྫིང་བུ་ཡོད་པའི་རྐྱལ་རྩལ་སློབ་ཚན་བཀོད་སྒྲིག་བྱས་ཡོད་པའི་སློབ་གྲྭ་ཁོ་ནར་གྱུར། དེས་ཀྱང་མ་ཚད་སློབ་གྲྭས་ད་དུང་རིག་ལྡན་སློབ་གྲྭ་འཛུགས་སྐྱོང་ལ་མཐོང་ཆེན་བྱས་ཏེ། ཕྱོགས་གཅིག་ནས་འབྲེལ་དྲྭ་དང་རྨང་གཞི་སློབ་གསོ་ཟུང་དུ་འབྲེལ་བ་དང་སློབ་གསོའི་ཐོན་ཁུངས་སྤུས་ལེགས་ཀྱི་ལས་སྟེགས་སུ་ཧུར་ཐག་གིས་ཞུགས་གང་ཐུབ་བྱ་རྒྱུ་དང་། ཕྱོགས་གཞན་ཞིག་ནས་ཆུ་གློག་རླངས་གསུམ་སོགས་རིག་ལྡན་ཅན་དུ་དོ་དམ་བྱས་ཤིང་། འབྱུང་རྩ་ནས་ལེགས་སྒྱུར་བྱས་ཏེ་ནུས་ཁུངས་བསྲི་ཐུབ་པ་དང་སྦགས་བཙོག་འབུད་ཚད་ཉུང་དུ་གཏོང་བའི་ལས་དོན་ལ་ཡང་རང་ནུས་ཅི་ལྕོགས་ཀྱིས་སྒྲུབ་བཞིན་ཡོད་དོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1