༄༅།།གླུ་ངག་རྟ་དཀར་མོ་དྲུག་འགྱུར།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཧོར་གླིང་གཡུལ་འགྱེད་སྟོད་ཆ་ལས་དྲངས། སྤེལ་དུས། 05-12



གསུངས་ནས་ངག་རྟ་དཀར་མོ་དྲུག་འགྱུར་ལ་དྲངས་ཏེ་གླུ་འདི་འདྲ་བཞེངས་པར་གདའ་འོ། །

གླུ་ཐ་ལ་ལ་མོ་ཐ་ལ་ལེན། །

གླུ་ཨ་ལ་ལ་མོ་ཨ་ལ་ལེན། །

གླུ་རེ་རེ་མི་ལེན་ཀ་མེད་རེད། །

རེ་རེ་མ་བླངས་ཚོད་ཡོད་རེད། །

སྐྱིད་ན་ཇ་ཆང་མཚར་གླུ་རེད། །

སྡུག་ན་རང་སེམས་སྐྱོ་གྲོགས་རེད། །

ས་འདིའི་ས་ངོ་མ་ཤེས་ན། །

རྨ་སྤོམ་ར་ཤར་གྱི་ལམ་སྣེ་རེད། །

ཕོ་ང་དང་ང་ངོ་མ་ཤེས་ན། །

རྨ་རི་བོ་བཞི་ཡི་འདུས་མདོ་ན། །

མཁར་མི་འགྱུར་དངུལ་ཆུ་ཁྲོ་རྫོང་ན། །

ལྡོང་མི་འགྱུར་རྒྱ་ཚ་ཞལ་དཀར་ཡིན། །

གླིང་རྨོག་དཀར་སྟེང་གི་དར་འཕྲུ་ཡིན། །

ཁྲབ་དཀར་སྟེང་གི་ཚེ་མདུད་ཡིན། །

མཁར་བུམ་ཆུང་སྟེང་གི་གསེར་ཏོག་ཡིན། །

རྒྱལ་མཚན་སྟེང་གི་ནོར་བུ་ཡིན། །

གསེར་ཁྲི་སྟེང་གི་གོང་གནོན་ཡིན། །

རྟ་འདོ་བའི་སྟེང་གི་ཁེབས་གདན་ཡིན། །

གཉེན་བྱམས་པའི་སྟེང་གི་ཕ་མ་ཡིན། །

དགྲ་མ་ཐུབ་སྟེང་གི་འཆི་བདག་ཡིན། །

གླུ་འདི་ཡི་གླུ་ངོ་མ་ཤེས་ན། །

རྒྱ་ཚའི་དཀར་མོ་དྲུག་འགྱུར་རེད། །

ཧོར་སེར་དུག་གི་རྒྱ་མཚོ་ནས། །

ཐང་རྩེ་གསེར་གྱི་མེ་ཏོག་འཁྲུངས། །

མདའ་ཉག་ཕྲན་གསེར་གྱི་ལོ་འདབ་རྒྱས། །

རྩལ་དྲུག་གསེར་ལ་འབྲས་བུ་སྨིན། །

ལྷ་ཚངས་པའི་མདུན་ནས་བཀོད་ལེ་བུ། །

ཧོར་དམག་གླིང་ལ་བསླེབས་ཚུན་ནས། །

ཐང་རྩེ་ཡིད་ལ་འཁྲུལ་བ་མེད། །

མདའ་ཉག་ཕྲན་འཕེན་ཡ་རྡོ་ལ་བྱས། །

མཚོན་སྔོན་མོའི་གཡུག་ཡ་ཤིང་ལ་བྱས། །

མདུང་བ་དན་ཚད་ཡ་གནམ་ལ་བྱས། །

ཐང་རྩེ་ཁྱུང་གི་སྣང་ངུ་ལ། །

རྩལ་དྲུག་སྒོ་ངའི་སྦུབས་ནས་རྒྱས། །

ཨ་ནུ་སེང་ཆེན་སྙིང་ལ་བཞག །

གླིང་དཔའ་བརྟུལ་གཅིག་དང་ཁྱད་པར་མེད། །

སྐྱེ་ས་ཧོར་ལ་བྱས་ན་ཡང་། །

སེམས་དཀར་པོ་གླིང་དཀར་ཕྱོགས་ལ་གདའ། །

གེ་སར་དབུ་འཕང་མ་སྨད་ན། །

ཁྱོད་ཐང་རྩེ་གླིང་དཀར་རྒྱན་ལ་འཇོག །

གྲི་རྣོ་ཆོད་ཡ་ཟི་སྐར་ཕྲན་འདིས། །

ལྷ་དབང་ཕྱུག་ཆེན་པོ་མན་ཆད་ནས། །

འཆི་བདག་ཆོས་རྒྱལ་ཡན་ཆད་རྣམས། །

བཏབ་ན་མི་ཆོད་གཅིག་ཀྱང་མེད། །

ཁྱོད་ཐང་རྩེ་བུ་ལ་གཟུར་ནས་གདའ། །

ཡིད་ཆེས་པའི་མི་ལ་དེ་གས་ཆོག །

དེ་ནས་གླུ་ཡི་སྙིང་པོ་ལ། །

ད་ལོ་ཧོར་དམག་ཚུར་འོང་འདི། །

ཁོ་གུར་དཀར་ལན་ལེན་གུར་སེར་ལན། །

གུར་ནག་ལན་ནམ་མགར་བ་ལན། །

ཤན་པ་ལན་ནམ་ཁྲ་འབར་ལན། །

སྡོང་བོ་ལན་ནམ་ལོ་མ་ལན། །

ལྗང་ཆུང་ལན་ནམ་འབྲས་བུ་ལན། །

ལྷོ་སྤྲིན་ལན་ནམ་ལོ་མ་ལན། །

ལན་ངེས་པའི་རྩ་བ་སུ་ལ་ཐུག །

སྡོང་བོ་ལན་ན་རྩ་བ་འབྲེག །

ལོ་མ་ལན་ན་རྩེ་ནས་བཞར། །

ལྗང་ཆུང་ལན་ན་ཐན་པས་བསྲེག །

འབྲས་བུ་ལན་ན་སེར་རྒོད་འབེབས། །

ལྷོ་སྤྲིན་ལན་ན་རླུང་གིས་གཏོར། །

བ་མོ་ལན་ན་སྨུག་པས་འགེབས། །

ལན་ཆེ་བའི་རྩ་བ་སུ་ལ་ཐུག །

བསམ་ཕུགས་ཡོད་ས་ཅི་ཚུགས་ཡིན། །

ད་ལྟ་ཁ་བགྲོས་ཅི་ལ་བྱེད། །

བློ་ཕུགས་སུ་མཁས་བྱེད་ཅིང་ཡོད། །

གཏམ་བཤད་མཁན་སུ་ལ་བབས་ཤིང་ཡོད། །

གཏམ་མ་གསང་ཐང་རྩེས་བཤད་ན་དགའ། །

དེ་ནས་ང་ལ་ཚུར་ཉོན་དང་། །

ཧོར་མི་མང་བསད་ཀྱང་སྡིག་པའི་རྒྱུ། །

ཁོ་གུར་དཀར་སྦར་གྱིས་ཨེ་ཟིན་བསམས། །

བསམ་བསམ་དོན་ལ་མི་འགྲུབ་དོ། །

ད་ཅི་བྱེད་ཅི་འདྲ་བསམ་བློ་ཐོངས། །

ཧོར་བསད་པའི་ཉུང་མཐའ་མི་རིག་དོ། །

གླིང་ཡེ་ཟད་ལ་མོ་ཡོང་ངེས་ཡོད། །

ད་ནངས་ཞོགས་པའི་རྟིང་མ་ལ། །

སྟག་རོང་ཨ་ནུ་གཟིག་འཕེན་ཁོ། །

རྫོང་ཁག་དགུ་ལས་དགའ་ངེས་ཡིན། །

འབུམ་དམག་བདུན་གྱི་ཁ་ཡ་ཡིན། །

རྨ་ཆུའི་གཞུང་ལ་བསྐུར་ནས་ཐལ། །

ལས་འདི་འདྲས་ནམ་ཕུགས་རྟེན་ས་མེད། །

ཨ་ནུ་བྱེས་ཡུན་རིང་དང་གཅིག །

གུར་དཀར་དམག་མགོ་རྒོད་དང་གཉིས། །

འབྲུག་མོ་གྲགས་གཡེར་ཆེ་དང་གསུམ། །

ཁྲོ་ཐུང་བྱ་ལག་མང་དང་བཞི། །

ལར་ཁ་མང་ལྐོག་ལ་འཛོམས་ལེ་རེད། །

དེ་སྟེ་རང་སྲོག་དམར་པོའི་ཁྲག །

ཐང་དཀྱིལ་ས་ལ་མ་ཕོ་ན། །

ང་རྒྱ་ཚ་མིན་པའི་རྟགས་ལ་ཞོག །

ཐང་རྩེ་གཡུ་ཡི་འབྲུག་རྒྱལ་ཁྱོད། །

གླིང་སྐྱེས་བུའི་སྐུ་ཆོས་བསམ་ངེས་རེད། །

ངས་ཅི་བསམ་དྲང་པོར་བཤད་ལེ་ཡིན། །

ཁྱོད་བསམ་བློ་བཞི་གསུམ་བཅུ་གཉིས་ཐོངས། །

བློ་རྩེ་ཉི་ཤུ་རྩ་ལྔ་ཁོད། །

ལས་ཅི་དགོས་གྲོས་དེ་ང་ལ་ཤོད། །

ཐང་རྩེའི་ཡིད་ལ་དེ་ལྟར་ཞོག །

ཅེས་གསུངས་པ་དང་།

ཐང་རྩེ་ཡང་དགའ་སྐྱོ་ཟུང་འབྲེལ་གྱིས་མཆི་མ་མང་པོ་བཏོན་ཅིང་ན་རེ། གླིང་དཀར་ལྷ་སྲས་རིན་པོ་ཆེ། ཞུ་འོས་ཐང་རྩེ་ང་ལ་ཡོད། དེ་སྟེ་སྲིད་པའི་བཀོད་ཐང་ལ། ལས་འདྲ་ལེ་གཅིག་ཡོང་བསམ་ཡིད་ལ་མེད། ཟེར་ནས་གླུ་འདི་ལྟར་བླངས་པར་གདའ་འོ། །


རྩོམ་ཡིག་སྔོན་མ།
༄༅།། མི་ཞིག་དྲན་དུས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1