སྡེ་དགེ་ནས་ཤྭ་བ་མཆུ་སྐྱ་200ལྷག་ཡོད་པའི་ཤྭ་ཁྱུ་ཞིག་མཐོང་།

ཆོས་དབྱིངས་ནོར་བུ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-12


    ཉེ་ཆར། སྡེ་དགེ་རྫོང་དགོན་ཆེན་གྲོང་རྡལ་ལྔ་གཅིག་ཟམ་པའི་གྲོང་པའི་ཏང་ཡོན་དང་གྲོང་མི་ནགས་སྲུང་པ། རྩྭ་སྲུང་པ་སྐོར་ཞིག་རི་ལ་ལྟ་སྐོར་དུ་སྐྱོད་པའི་སྐབས་སུ་གྲོང་པའི་རི་གསེང་ནས་ཤྭ་བ་མཆུ་སྐྱ་200ལྷག་ཙམ་གྱིས་རང་དགར་རྩྭ་ཆུ་ལོངས་སུ་སྤྱོད་བཞིན་པ་མཐོང་ལ། ཁོ་ཚོས་ལག་ཁྱེར་ཁ་པར་གྱིས་བརྙན་ཐུང་དུ་བླངས།  གསར་འགོད་པས་ཁྲེན་ཏུའུ་གྲོང་ཁྱེར་གྱི་རི་སྐྱེས་སྲོག་ཆགས་སམ་རྩི་ཤིང་སྲུང་སྐྱོབ་དོ་དམ་དང་རིམས་འགོག་ཆེད་མཁས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ཝུའུ་ཅ་ཝེ་(巫嘉伟)ནས་རྒྱུས་ལོན་བྱུང་བར་གཞིགས་ན།  དེ་ནི་ཤྭ་བ་མཆུ་སྐྱ་ཡིན་པ་དང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོབ་རི་སྐྱེས་སྲོག་ཆགས་ཡིན་ལ། རང་རྒྱལ་གྱི་མཚོ་བོད་མཐོ་སྒང་ལ་ཆེད་དུ་གནས་པའི་ཤྭ་བའི་རིགས་ཤིག་ཡིན་ཞིང་།  མཚོ་འཕགས་སུམ་སྟོང་ཡན་གྱི་ཁོར་ཡུག་ཏུ་ཁྱབ་ཡོད་ལ། ཁ་གྲངས་200ལྷག་གི་ཤྭ་བ་མཆུ་སྐྱའི་ཁྱུ་ཚོགས་ཆེན་པོ་དེ་འདྲ་མཐོང་དཀོན་པོ་ཡིན་པར་བརྗོད། 

    ཉེ་བའི་ལོ་དུ་མའི་རིང་ལ། སྔོ་ལྗང་རི་ཀླུང་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་གཙིགས་སུ་བཟུང་ནས། སྡེ་དགེ་རྫོང་གི་གོང་འོག་བར་གསུམ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ།   ཀྲུང་དབྱང་དང་ཞིང་ཆེན། ཁུལ། རྫོང་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ།  ཆུ་དཔོན་ལམ་ལུགས་དང་ནགས་དཔོན་ལམ་ལུགས། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག ། ས་ཁོངས་ཧྲིལ་པོར་གད་སྙིགས་མེད་པའི་བྱ་སྤྱོད་བཅས་རྒྱུན་རྣམ་ཅན་དུ་སྤེལ་བ་དང་། དམངས་ཁྲོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕུལ་བྱུང་གི་སྲོལ་བཟང་རྒྱུན་འཛིན་དར་སྤེལ་བྱས་པའི་འབྲས་བཟང་ལ། ཤྭ་མ་མཆུ་སྐྱ་ལས་མཚོན་པའི་རི་སྐྱེས་སྲོག་ཆགས་རྩ་ཆེན་གྱི་ཁྱུ་ཚོགས་རྒྱུ་ཞིང་།  ནམ་མཁའ་སྔར་ལས་གཡའ་དག་པ་དང་སྐྱེ་ཁམས་སྔར་ལས་ཉམས་དགའ་བ། ཆར་ཆུ་དུས་སུ་བབས་པ། ལོ་ཕྱུགས་རྟག་ཏུ་འཕེལ་བའི་གནས་མཆོག་སྡེ་དགེའི་དཔལ་ཡོན་གྱི་ཡོ་ལང་འདི།  མཐུན་སྒྲིལ་དང་འབྱོར་ཕྱུག འཆམ་མཐུན། མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྡེ་དགེ་གསར་བ་འཛུགས་སྐྲུན་བྱེད་པའི་མངོན་སྟངས་ཤིག་ཀྱང་ཅི་ལ་མིན། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1