གཙོ་ངོས།>> འཕྲོད་བསྟེན།>>བོད་ཀྱི་གསོ་རིག

ནོར་བུ་ཚེ་རིང་། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༢ལོའི་ཟླ་བ་༠༥ཚེས་༡༢ཉིན།

༄༅།། སྤྲ་ལྡན་གསེར་ཁབ་ཀྱི་ལག་ལེན་ལ་དཔྱད་པའི་མྱོང་བྱང་།


ནོར་བུ་ཚེ་རིང་། སྡེ་དགེ་རྫོང་སྨན་རྩིས་ཁང་། 


     རྒྱུད་ལས། ས་སྟེང་སྨན་མིན་ཅི་ཡང་ཡོད་མ་ཡིན། ཞེས་གསུངས་པ་ལྟར། རྩྭ་ལྗོང་སྔོ་ཡི་རིགས་སུ་གྱུར་པ་ཐམས་ཅད་ཀྱང་སྨན་མ་ཡིན་པ་ནི་གཅིག་ཀྱང་མེད་པའམ་སྔོ་མི་སྐྱེ་བའི་ཡུལ་ཡང་གཅིག་ཀྱང་མེད་མོད། འོན་ཀྱང་སྐྱེ་གནས་དང་འབྱུང་ལྔའི་ཆ་ཤས་ཆེ་ཆུང་དབང་གིས་དེ་དག་ལ་ནུས་པ་ཁྱད་པར་ཅན་འབྱུང་བས་སྔོ་སྨན་འཐུ་སྒྲུབ་དང་སྦྱོར་བ་གང་ལའང་ངེས་པར་དུ་གཅེས་པའི་ཡན་ལག་བདུན་དང་ལྡན་དགོས་ཏེ། དེ་ཡང་སྐྱེ་སར་སྐྱེས་དང་། དུས་སུ་བཏུ་བ། སྐམ་གསེད་ལེགས་པ། སོ་མ་རྙིང་པ། དུག་འདོན་པ། འཇམ་བཙལ་བ། འཕྲོད་པར་སྦྱར་བ་དང་བདུན་ནོ། །

     ནང་དོན་གནད་བསྡུས། དཔྱད་རྩོམ་འདིའི་ནང་དུ་བཀོད་པའི་ནང་དོན་གནད་བསྡུས་ཤིག་བཤད་ན། རང་རེའི་སྨན་ཁང་ནས་གངས་ཅན་གསོ་བ་རིག་པའི་ཡ་གྱལ་དཔྱད་ཀྱི་ཁོངས་གཏོགས་སྤྲ་ལྡན་གསེར་ཁབ་ཀྱི་ལག་ལེན་ལ་ལོ་མང་བརྩོན་ཏེ་བད་རླུང་མགོ་འཁོར་དང་། དྲན་ཤེས་མི་བརྟན་པ། སྨྲ་བརྗོད་དཀའ་བ། འགྱེལ་འབོག་བྱེད་པ། གཞུང་འབྲུམ། བུ་སྣོད་ལུག་པ། རྒྱུ་ལོང་གི་ནད་བཅས་དང་། ལྷག་པར་དུ་བརྒྱལ་གཟེར་གྱི་ནད་དག་ལ་སྤྲ་ལྡན་གསེར་ཁབ་ཀྱི་དཔྱད་བཅོས་བྱས་པས་ཕན་ནུས་མྱོང་བས་གྲུབ། དེའི་ཕྱིར་སྤྲ་ལྡན་གསེར་ཁབ་སྲོལ་གཏོད་པའི་དུས་རབ་དང་སྲོལ་འབྱེད་པ་པོ། གསེར་ཁབ་ཀྱི་རྒྱུ་དང་གདབ་ཚུལ་གདབ་ཏུ་རུང་བ་དང་མི་རུང་བའི་ནད་གཞི་སོགས་གསལ་པོ་བྲིས་ཡོད།

      

       བརྡ་ཆད་གཙོ་བོ། སྤྲ་ལྡན་གསེར་ཁབ། ནད་ཐོག་ལག་ལེན། ཕན་ནུས།


             དུག་གསུམ་རྒྱུ་འབྲས་བསལ་བའི་མགོན། །

             སྨན་གྱི་བླ་མར་གུས་བཏུད་ནས། །

             དཔྱད་མཆོག་སྤྲ་ལྡན་གསེར་ཁབ་ཀྱི། །

              ལག་ལེན་མྱོང་ཚོར་རགས་ཙམ་འབྲི། །ཞེས་མཆོད་པར་བརྗོད་པའི་ཚིག་གིས་མདུན་བསུས་ཏེ། གངས་ཅན་གསོ་བ་རིག་པའི་ཡ་གྱལ་དཔྱད་ཀྱི་ཁོངས་གཏོགས་སྤྲ་ལྡན་གསེར་ཁབ་ཅེས་པ་འདི་ནི་བཀོལ་སྤྱོད་སླ་ཞིང་ཕན་ནུས་མྱུར་བའི་མངོན་རྟགས་དང་ལྡན་པ། གསོ་རིག་གཞན་ལས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་གསོ་ཐབས་ཀྱི་ལག་ལེན་ཞིག་སྟེ། འདི་ནི་དུས་རབས་བཅུ་དགུ་ནང་བྱ་སྦུག་པ་དམ་ཆོས་དཔལ་ལྡན་ལགས་ཀྱིས་གསར་བཏོད་མཛད། འདི་ལ་ཁོ་བོས་ལག་ལེན་བྱས་པའི་མྱོང་ཚོར་གྱི་རིམ་པ་རགས་ཙམ་བརྗོད་པ་ལ། སྔོན་འགྲོ་དང་དངོས་གཞི་གཉིས་ལས། དང་པོ་སྔོན་འགྲོ་ལ་གསེར་ཁབ་ཀྱི་རྒྱུ་ཚད་དང་། སྤྲ་བ་བསྒྲིལ་ཚུལ། བསྟེན་དུས་གསུམ།

   

       དང་པོ་གསེར་ཁབ་ཀྱི་རྒྱུ་ཚད་ནི།

        རྒྱུ་གསེར་ལས་གྲུབ་ཅིང་ལྕི་ཚད་ཁེ་གཉིས་དང་ཕྱེད་ནས་གསུམ་བར་ཡོད་དགོས་ལ། དེ་འགར་བ་མཁས་པས་རིང་ཚད་སོར་གསུམ་ཅན་གྱི་མགོ་བོར་སྤྲ་བ་བཟུང་བྱེད་གཅུ་སྐོར་དགུ་ཡོད་པ། རྩེ་ཕྲ་ལ་རྣོ་ཞིང་མགོའི་ཕྱོགས་སྦོམ་པ་བཟོ་དགོས། གལ་ཏེ་གསེར་མེད་ན་དངུལ་གྱིས་ཚབ་བྱས་ཀྱང་ཆོག་པར་བཤད། སྐྱ་རེངས་གསར་བ་ལས་དངུལ་གྱིས་བཟོས་ཀྱང་ཅེས་གསུངས། ལག་ལེན་གྱི་ཁྲོད་ནས་ཀྱང་དེ་ལྟར་ནུས་པ་ཕྱོགས་མཚུངས་སུ་མངོན།ལ་ལས་ཕོ་ལ་གསེར་ཁབ་དང་མོ་ལ་དངུལ་ཁབ་དགོས་ཞེས་བཤད་པ་མཐོང་མོད་དེ་ནི་མེས་པོའི་གཞུང་དང་མན་ངག་གང་ལ་ཡང་མ་གསུངས་ཤིང་རིགས་པའི་ངོར་མ་གྲུབ་པས་ལུང་རིགས་གཉིས་དང་འགལ་བའི་ལོག་བཤད་ལས་མ་འདས་སོ། །

        

      གཉིས་པ་སྤྲ་བ་བསྒྲིལ་ཚུལ་ནི། 

       སྤྲ་བ་ནི་མེ་བཙའི་སྐབས་ལྟར་ཚད་ལྡན་དགོས་ལ་ཤོག་སྲབ་སོགས་ཀྱི་སྟེང་དུ་ཨ་རུ་རའི་ཚད་ཙམ་གྱི་སྤྲ་བ་བཞག དེའི་དཀྱིལ་དུ་གསེར་ཁབ་བཙུགས་ཏེ་དམ་པོར་བསྒྲིལ་ནས་རྩེ་ཕྲ་ལ་མེ་ལེན་མྱུར་བར་བྱས་རྗེས་ཤོག་བུ་ཕྲལ། བྱེ་བྲག་ཏུ་ན་ཚོད་དང་ནད་ཚབས་ཆེ་ཆུང་ལྟར་སྤྲ་བའི་ཆེ་ཆུང་རིག་པས་འཕྲུལ།

     

        གསུམ་པ་བསྟེན་པའི་དུས་ནི། 

        ཐོག་མར་བལྟ་རེག་འདྲི་བའི་སྒོ་ནས་ལེགས་པར་བརྟག་སྟེ་ནད་ངོས་བཟུང་རྗེས་གསོ་བྱས་དང་ལེན་བྱུང་བ་དང་སྦྲག་བླ་སྲོག་གི་གཟའ་སྐར་དར་ཞིང་བླ་གནས་སོགས་ལ་ཁེལ་མེད་པའི་དུས་སུ་བསྟེན་པར་བྱའོ། གཉིས་པ་དངོས་གཞི་ལ་རུང་བའི་ནད་གཞི་དང་། མི་རུང་བའི་ནད་དང་གསང་དམིགས། གསང་དམིགས་གཞལ་ཐབས། གསེར་ཁབ་གདབ་ཚུལ། ཕྱི་རྗེས་བཅད་པ་དང་ལྔ་ལས། དང་པོ་རུང་བའི་ནད་གཞི་བཤད་པ་ནི། གསེར་ཁབ་གདབ་ཏུ་རུང་བའི་ནད་གཞི་བད་རླུང་མགོ་འཁོར་དང་། དྲན་ཤེས་མི་བརྟན་པ། སྨྲ་བརྗོད་དཀའ་བ། འགྱེལ་འབོག་བྱེད་པ། གཞུང་འབྲུམ། བུ་སྣོད་ལུག་པ། རྒྱུ་མའི་ནད་བཅས་དང་། ལྷག་པར་དུ་བརྒྱལ་གཟེར་ནད་ལ་ཕན་པ་མྱོང་བས་གྲུབ། གཞན་ཡང་ཁྲག་གྲིབ་དང་རླུང་གྲིབ་གཉིས་ལྷིང་འཇགས་སྐབས་ཀྱི་ལུས་གཞོག་ཕྱེད་ཚོར་ནུས་ཞན་པ་དང་། འགྲོ་མི་ཐུབ་པ། ལུས་དྲོད་ཞན་པ། མ་ཚོར་བར་གཅིན་འཆོར་བ། ཁྲག་རླུང་དང་མགོ་རླུང་། རྣ་བ་འུར་བ། རྣ་བ་འོན་པ། ཤེས་པ་འཆོལ་བ། ཕྱི་ཡུལ་འཁྱོམ་པ། སྨྱོ་ནད། སྙིང་གཡུག་པ། ལུས་ཁམས་འདར་བ། རླུང་གིས་ཁ་ལྐུགས་པ། གཉིད་ཡེར་བ། རྩ་དཀར་ནད་ཀྱིས་སྐེ་བསྒྱུར་དཀའ་བ། རྐང་ལག་སྦྲིད་པ། ཁ་མིག་ཡོ་བ། ཁ་ཆུ་འཛག་པ། མིག་རབ་རིབ་བྱེད་པ། ཀླད་པའི་གྲུབ་ཆ་འཁུམས་པ་སོགས་ལ་ཕན་བསྐྱེད་ཡོད་པ་བཅས་སོ། །གཉིས་པ་མི་རུང་བའི་ནད་དང་གསང་དམིགས་ནི། མཁྲིས་པ་ཚ་བའི་རང་བཞིན་གྱི་ནད་རིགས་དང་། ཁྲག་ཚད། ཁྲག་མཐོ་ཞིང་ཀླད་ཁྲག་འཆོར་བའི་ནད་དང་།དབང་པོའི་སྒོ། སྐྱེས་པའི་མཚན་དབྲག་གི་སྲིད་རྩ་སོགས་ལ་གདབ་མི་རུང་ངོ་། །


     གསུམ་པ་གསང་དམིགས་གཞལ་ཐབས་ནི། 

      གསོ་བྱའི་ཁ་གནམ་ལོའི་ཕྱོགས་གཙང་ལ་ཕྱོགས་ཏེ་ལུས་དྲང་པོར་སྲིང་ནས་འདུག་ལ། སྨིན་དཀྱིལ་ནས་ལྟག་ཁུང་བར་ཐིག་གཅིག་དང་རྣ་བ་གཡས་ཀྱི་བུ་ག་ནས་གཡོན་གྱི་བུ་ག་བར་ཐིག་རེ་འཐེན་ནས་སྤྱི་གཙུག་གི་རྒྱ་གྲམ་ཁེལ་སའམ། སྣ་རྩེ་ནས་ཡར་ཚོན་བརྒྱད་གཞལ་བའི་སར།མཛུབ་མོས་འཚོལ་ཏེ་ཀོང་ཀྱོང་ཡོད་པ་དེར་མནན་ན་ཟུག་ཡོད་པ་དེར་གདབ་པར་བྱ། །གཞན་ཡང་སྣ་རྩེ་ནས་ཡར་སོར་བཅུ་གཉིས་གཞལ་བའི་མཚོགས་གསང་དང་ནང་གི་སྡུད་སྒོ་བཞི་སྟེ་སྤྱི་གཙུག་སྤུ་འཁྱིལ་ནས་མདུན་རྒྱབ་གཡས་གཡོན་གྱི་ཕྱོགས་བཞིར་ཚོན་རེ་བཅལ་བའི་ས་སོགས་མེ་དམིགས་གཞན་ལ་ཡང་གདབ་ཀྱང་ཆོག་པར་བཤད་དོ། །

        

       བཞི་བ་གསེར་ཁབ་གདབ་ཚུལ། 

       དེ་གོང་ལྟར་ཐིག་སྐུད་ཀྱི་རྒྱ་གྲམ་ཁེལ་སའམ་གསང་དམིགས་མི་འཁྱུག་པའི་གཟེར་གནོན་ཟུག་ཡོད་ས་དེར་གཏན་ཁེལ་བྱུང་རྗེས། སྐྲ་གཞལ་བ་དང་དུག་སེལ་ལེགས་པར་བྱས་ཏེ། ཤོག་བུ་མཐུག་ཅིང་ཟླུམ་པོ་ཁ་ར་ཡོད་པའི་དཀྱིལ་དུ་ཨི་ཁུང་བཟོས་ལ་གསང་དམིགས་སྟེང་དུ་ཁ་སྦུབ་ཏེ་བཞག དེ་ནས་གསེར་ཁབ་ཨི་ཁུང་རྒྱུད་ནས་གསང་དམིགས་སྟེང་དུ་གནོན་ཤུག་རན་པོས་ནས་འབྲུ་གཅིག་གི་ཕྱེད་ཙམ་བཙུག་སྟེ་མི་འཁྱོག་པར་སྡོད་ཐུབ་ཙམ་བྱས་རྗེས་སྤྲ་བའི་རྩེ་མོར་མེ་སྦར་ལ། མེ་བཙའི་སྐབས་ཀྱི་སྐྱབས་འགྲོ་འདོན་པ་དང་སྦྲག་ཕུ་དལ་བུས་བཏབ་པས་རིམ་ཞིན་འཚིག་ནས་གྲང་མོར་གྱུར་རྗེས་དལ་བུས་ལེན། དེའི་ཤུལ་དུ་ཁབ་རྩེས་གཙང་མར་བྱས་ལ་ལོ་མར་ཚྭ་ལྡན་བྱུག གལ་སྲིད་གསེར་ཁབ་གདབ་པའི་དུས་རིམ་ནང་གསོ་བྱ་རླུང་གིས་འབོག་པ་བྱུང་ན་གསེར་ཁབ་ལེན་ཏེ་གསོ་རླུང་རྔུབས་པའམ་རླུང་བདུག་བདུག་ཅིང་རླུང་གསང་མཉེ་བར་བྱ།

        

      ལྔ་བ་ཕྱི་རྗེས་བཅད་པ་ནི། 

      མེའི་ནུས་པ་མི་འཇོམས་པའི་ཕྱིར་ཟས་སྐོམ་གྲང་མོའི་རིགས་མི་བསྟེན་པ་དང་། ཁྱད་པར་ཆུ་ནང་དུ་གདོང་དང་མགོ་བོ་རྐང་ལག་འཁྲུ་བ་སོགས་ཉིན་ལྔ་ནས་བདུན་བར་སྤང་། རྨ་ཁ་སོས་པའི་དུས་རིམ་ནང་རྨ་སྐོགས་བཀོག་པའི་རྐྱེན་ལ་གཟབ་པར་བྱའོ། །

      དེ་ལྟར་ཁོ་བོས་ལག་ལེན་གྱི། །ཁྲོད་ནས་ཞལ་ཤེས་རིམ་པ་རྣམས། །རང་བློར་གོམས་དང་གཞན་ཕན་ཕྱིར། །བྲིས་དགེས་འགྲོ་ནད་བསལ་གྱུར་ཅིག །  

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1