༄༅།།བོད་ཀྱི་བཟའ་བཏུང་སྐོར་བརྗོད་པ།

དཀོན་མཆོག་རྡོ་རྗེ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། 05-13


  

     བོད་ཀྱི་བཟའ་ཆས་ནི་གནའ་ནས་ད་བར་བོད་རིགས་མི་དམངས་ཀྱི་འཚོ་བའི་ནང་ཁ་བྲལ་ཐབས་མེད་པ་ཞིག་ཏུ་གྱུར་ཟིན།  སྔོན་ཆད་སྤྱི་ཚོགས་འཚོ་བའི་ཆ་རྐྱེན་གྱི་དབང་གིས་མི་སེར་དཀྱུས་མ་ཚོས་ལོ་གསར་སོགས་ཀྱི་དུས་ཆེན་སྐབས་སུ་མ་གཏོགས་དུས་རྒྱུན་ཤ་དང་མར་ཐུད་སོགས་འཚོ་བཅུད་ཆེ་ཞིང་ཞིམ་མངར་ལྡན་པའི་ཟས་རིགས་སྣ་ཚོགས་ཟ་མི་ཐུབ།  ད་ལྟ་དུས་རབས་ཀྱི་འཕེལ་ཕྱོགས་དང་རང་རྒྱལ་གྱི་འགྱུར་ལྡོག་དང་བསྟུན་ནས་བོད་རིགས་མི་དམངས་ཀྱི་འཚོ་བ་ལའང་སྔར་བྱུང་མ་མྱོང་པའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད།  ལྷག་པར་དུ་བོད་ཀྱི་ཟ་ཆས་ཐད་སྔོན་མི་ཆོས་བླ་དཔོན་ཚོས་མ་གཏོགས་ཟ་མི་ཐུབ་པའི་ཟ་མ་དེ་དག་ད་ལྟ་མི་སེར་ཕལ་པ་ཚོའི་དུས་རྒྱུན་གྱི་ཁ་ཟས་སུ་གྱུར་པ་དང་།  སྔོན་ཆད་ལོ་སར་སྐབས་སུ་མ་གཏོགས་ཟ་མི་ཐུབ་པའི་ཟ་མ་དེ་དག་ད་ལྟ་ཞིང་འབྲོག་མི་དམངས་ཀུན་གྱི་རྒྱུན་ཟས་སུ་གྱུར་པར་མ་ཟད་བཟའ་ཆས་ཐད་ལ་སྔོན་སྲོལ་རྒྱུན་འཛིན་གྱི་རྨང་གཞིའི་ཐོག་གསར་གཏོད་ཀྱི་རྣམ་པའང་དར་བཞིན་ཡོད་པས་ད་ལྟ་བོད་ཀྱི་བཟའ་བཏུང་རིག་གནས་ནི་སྣ་མང་ཕུན་སུམ་ཚོགས་པ་ཞིག་ཏུ་གྱུར་བཞིན་ཡོད།

   ཉེ་བའི་ལོ་ཤས་རིང་།  རྒྱལ་ཕྱི་ནང་གི་འབྲེལ་འདྲིས་ཇེ་མང་དུ་བྱུང་རྐྱེན་གྱིས་ཟ་མ་དེ་བོད་རིགས་ཁོ་ནས་མ་ཚད་པར་ཤ་མདོག་མི་གཅིག་ལ་སྐད་རིགས་མི་མཚུངས་པའི་རྒྱལ་ཕྱི་ནང་གི་སྐུ་མགྲོན་དེ་ཚོས་ཀྱང་ཟ་རྒྱུར་དགའ་བའི་ཟས་རིགས་ཤིག་ཏུ་གྱུར་བཞིན་ཡོད།  དེ་དང་ཆབས་ཅིག་བོད་ཀྱི་ཟས་ཁང་བཙུགས་མཁན་ཡང་ཆར་རྗེས་ཀྱི་མྱུ་གུ་བཞིན་དུ་ཇེ་མང་དུ་གྱུར་ནས་ཞིང་སྡེ་ནས་གྲོང་སྡེ་དང་།  གྲོང་སྡེ་ནས་གྲོང་ཁྱེར་དུ་ཟས་ཁང་བཙུགས་ཤིང་།  ཟས་ཁང་གི་རྒྱ་ཁྱོན་དང་།  ཟས་ཀྱི་སྤུས་ཚད།   གཡོས་སྦྱོར་གྱི་ལག་རྩལ།  ཟ་མའི་རྣམ་གྲངས་སོགས་ཀྱང་ཕུན་སུམ་ཇེ་ཚོགས་སུ་འགྱུར་བཞིན་ཡོད།  འོན་ཏེ་སྤྱི་ཁྱོན་ཐོག་ནས་བལྟས་ན་བོད་ཀྱི་ཟས་ཁང་དེ་དག་གི་རྒྱུ་ཆ་ཧ་ཅང་བཟང་རུང་ཟས་ཀྱི་གཡོས་སྦྱོར་ལག་རྩལ་དང་། ཟས་ཀྱི་རྣམ་གྲངས་ཐད་ད་དུང་རྒྱ་ཟས་དང་ནུབ་ཕྱོགས་ཀྱི་ཟ་ཁང་སྤུས་བཟང་དང་བསྡུར་ན་ཧེ་བག་ཆེན་པོ་ཡོད་པས་ད་ལྟ་བོད་ཁུལ་དུ་སྐར་མ་རིམ་པ་གསུམ་ཡན་གྱི་བོད་ཟས་ཁང་ཧ་ལམ་མེད་པ་འདྲ་བས་སླད་མའི་དུས་སུ་བོད་ཀྱི་བཟའ་བཏུང་རིག་གནས་འཕེལ་རྒྱས་གཏོང་མཁན་གྱི་ཚོང་དཔོན་རྣམ་པས་བོད་ཟས་ཁང་གི་རིམ་པ་ཇེ་མཐོ་དང་།  གཡོས་སྦྱོར་གྱི་ལག་རྩལ་ཇེ་ལེགས་སུ་གཏོང་རྒྱུ་ནི་མིག་སྔར་གལ་ཆེ་བའི་ལས་དོན་ཞིག་རེད་འདུག་སྙམ།།       


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1