བོད་ལྗོངས་གནམ་གྲུ་ལ་དོན་རྐྱེན་བྱུང་བའི་གནས་ཚུལ་གསར་ཤོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-13


        གསར་འགོད་པས་ཁྲུང་ཆིང་གནམ་གྲུ་ཐང་ནས་ཤེས་རྟོགས་བྱུང་གསལ། ཚེས་12ཉིན་གྱི་ཆུ་ཚོད་8ཙམ་ལ། བོད་ལྗོངས་མཁའ་འགྲུལ་གྱི་གནམ་གྲུ་ཞིག་ཁྲུང་ཆིང་ཅང་པེ་རྒྱལ་སྤྱིའི་གནམ་ཐང་ནས་འཕུར་སྐབས་རྒྱུག་ལམ་ནས་ཤོར་ཏེ་མེ་འབར། མིག་སྔར། འགྲུལ་པ་40ལྷག་ལ་རྨས་སྐྱོན་ཡང་མོ་ཕོག་ཡོད། 

        ངོ་སྤྲོད་བྱས་པར་གཞིགས་ན། དོན་རྐྱེན་བྱུང་བའི་གནམ་གྲུ་ནི་འགྲུལ་སྐྱེལ་གནམ་གྲུ་A319ཡིན་ཞིང་། ལས་འཛོལ་བྱུང་སྐབས་TV9833དུས་གཏན་གནམ་གྲུས(ཁྲུང་ཆིང་ནས་ཉིང་ཁྲི་བར)ལས་འགན་སྒྲུབ་བཞིན་ཡོད་པ་དང་། གནམ་གྲུའི་ཐོག་འགྲུལ་པ་113དང་གནམ་གྲུའི་ལས་སྒྲུབ་མི་སྣ་9བསྡད་ཡོད་པ་རེད། གནམ་གྲུ་འཕུར་བའི་གོ་རིམ་ཁྲོད་གནམ་གྲུ་རྒྱུན་ལྡན་མིན་པ་ཤེས་རྗེས་འཕུར་མཚམས་བཞག་པ་དང་། གནམ་གྲུ་རྒྱུག་ལམ་ནས་ཡོལ་རྗེས་གནམ་གྲུའི་མགོའི་གཡོན་ཕྱོགས་སུ་མེ་འབར་བ་རེད། 

        དམིགས་བསལ་གནས་ཚུལ་ཐོན་རྗེས། ཁྲུང་ཆིང་ཅང་པེ་རྒྱལ་སྤྱིའི་གནམ་ཐང་གིས་འཕྲལ་སྡོམ་རོགས་སྐྱོབ་ལས་དོན་མགྱོགས་མྱུར་སྤེལ་བ་དང་། སྤྱི་བདེ་དང་། མེ་ཟོན། སྨན་བཅོས་སོགས་འཕྲལ་སྡོམ་རོགས་སྐྱོབ་སྟོབས་ཤུགས་མགྱོགས་མྱུར་ངང་དོན་རྐྱེན་བྱུང་སར་བསྐྱོད་ནས་གནམ་གྲུའི་ཐོག་གི་མི་སྣའི་ཚེ་སྲོག་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ་རེད། མིག་སྔར་གནམ་གྲུའི་ཐོག་གི་མི་སྣ་ཚང་མ་བདེ་འཇགས་ངང་ཕྱིར་འཐེན་བྱས་པའི་ནང་རྨས་སྐྱོན་ཡང་མོ་ཕོག་པའི་འགྲུལ་པ་40ལྷག་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་ཡོད་པ་རེད། 

        གསར་འགོད་པས་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ལྷོ་ནུབ་ས་ཁུལ་དོ་དམ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔར་གནམ་ཐང་དེའི་རྒྱུག་ལམ་1སྒོ་བརྒྱབ་ཡོད་པ་དང་། རྒྱུག་ལམ་2ནམ་རྒྱུན་ལྟར་འཁོར་སྐྱོད་བྱེད་བཞིན་འདུག །དམངས་སྤྱོད་མཁའ་འགྲུལ་ལྷོ་ནུབ་ས་ཁུལ་དོ་དམ་ཅུས་དང་ཁྲུང་ཆིང་ལྟ་སྐུལ་དོ་དམ་ཅུས་ཀྱིས་འཕྲལ་སྡོམ་སྔོན་ཇུས་ལག་བསྟར་བྱས་པ་དང་འབྲེལ་འཕྲལ་མར་ལས་ཡུལ་དངོས་སུ་བསྐྱོད་ནས་བརྟག་དཔྱད་དང་ཐག་གཅོད་བྱས་པ་རེད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1