གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༢ལོའི་ཟླ་བ་༠༥ཚེས་༡༣ཉིན།

ཞི་ཅིན་ཕིང་གིས་ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་རུན་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་10ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཟླ་5ཚེས་10ཉིན་གྱི་ཕྱི་དྲོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་རུན་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།

        ཞི་ཅིན་ཕིང་གིས་འདས་ཟིན་པའི་ལོ་ལྔའི་ནང་ང་དང་སྐུ་ཞབས་ཙུང་ཐུང་དབར་འབྲེལ་གཏུག་ཟབ་མོ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཀྲུང་གོ་དང་ཧྥ་རན་སེའི་དབར་གྱི་འབྲེལ་བའི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་བྱ་རྒྱུར་སྣེ་ཁྲིད་བྱས་པ་དང་། ཕྱོགས་གཉིས་པོའི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་བ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པ་སོགས་ཀྱི་གནད་དོན་ཐད་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་མངོན་ཡོད། འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོའི་མདུན་དུ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་དང་རང་བཙན་རང་བདག་གི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཀྲུང་གོ་དང་ཧྥ་རན་སེས“རང་བཙན་རང་བདག་དང་། ཕན་ཚུན་བསམ་ཤེས། གཟིགས་རྒྱང་རིང་བ། གཉིས་ཁེ་གཉིས་ཕན”བཅས་ཀྱི་ཕྱི་འབྲེལ་བཙུགས་པའི་ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་དགོས་པ་དང་། དམ་ཟབ་ཡུན་གནས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ངེས་གནས་མཐའ་འཁྱོངས་བྱེད་པ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་ས་གལ་ཆེན་ལ་བརྩི་འཇོག་བྱེད་པ། ཕྱོགས་གཉིས་པོ་དང་། ཀྲུང་གོ་དང་ཡོ་རོབ། གོ་ལ་ཧྲིལ་པོ་བཅས་ཀྱི་ངོས་ནས་མཐུན་སྦྱོར་མཉམ་ལས་དམ་ཟབ་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་ནས་ཧྥ་རན་སེ་ཕྱོགས་དང་རིམ་ཁག་འགྲོ་འོང་བྱེད་ཟབ་ཏུ་བཏང་སྟེ་ཀྲུང་ཧྥའི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

        རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མི་སྣས་ཡུག་རེན་གྱི་དུས་བབ་སྐོར་ལ་དགོངས་འཆར་བརྗེ་རེས་གནང་བ་དང་འབྲེལ། ཁོང་རྣམ་གཉིས་ཀྱིས་འབྲེལ་ཡོད་ཕྱོགས་ཁག་གིས་ཨུ་རུ་སུ་དང་ཡུག་རེན་དབར་གྲོས་མོལ་བྱས་ཏེ་ཞི་བདེ་ཡོང་ཐབས་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས་པའི་ངོས་འཛིན་གཅིག་མཐུན་ཡང་གནང་བ་རེད།

        ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་ཐབས་ལམ་ཐོག་ནས་འདུམ་ཐབས་ཀྱི་ཁ་ཏ་དང་གྲོས་མོལ་ལ་སྐུལ་འདེད་གཏོང་བ་མ་ཟད། ཡོ་རོབ་རྒྱལ་ཁབ་ཀྱིས་ཡོ་རོབ་ཀྱི་བདེ་འཇགས་རང་ཉིད་ཀྱི་ལག་ཏུ་འཛིན་རྒྱུར་རྒྱབ་སྐྱོར་ཡང་བྱེད་ཀྱི་ཡོད། ཚོགས་པ་བསྒྲིགས་ནས་ཁ་གཏད་དུ་ལངས་ཏེ་གོ་ལ་ཧྲིལ་པོའི་བདེ་འཇགས་བརྟན་ལྷིང་ལ་དེ་བས་ཆེ་བ་དང་དེ་བས་ཡུན་རིང་གི་འཇིགས་སྐུལ་བཟོ་རྒྱུར་དམིགས་སུ་དོགས་ཟོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

        མཱ་ཁེ་རུན་གྱིས་ཡུག་རེན་གྱི་གནད་དོན་ཐད་ཧྥ་རན་སེ་ཕྱོགས་དང་ཀྲུང་གོ་ཕྱོགས་དབར་ཐུན་མོང་གི་ངོས་འཛིན་མང་པོ་འདུག ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་དང་ཕྱོགས་མང་ཐད་དེ་བས་དམ་ཟབ་ཀྱི་མཐུན་སྦྱོར་མཉམ་ལས་བྱེད་འདོད་ཡོད། ཧྥ་རན་སེ་དང་ཡོ་རོབ་མནའ་འབྲེལ་གྱིས་རང་བཙན་རང་བདག་གི་འཐབ་ཇུས་མཐའ་འཁྱོངས་བྱས་ཏེ་ཚོགས་པ་བསྒྲིགས་ནས་ཁ་གཏད་དུ་ལངས་རྒྱུར་མོས་མཐུན་བྱེད་མི་སྲིད་ལ་དེའི་ནང་ལའང་ཞུགས་མི་སྲིད་ཅེས་གསུངས་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1