གཙོ་ངོས།>> སྐྱེ་ཁམས།>>རྩི་ཤིང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས སྤེལ་དུས། ༢༠༢༢ལོའི་ཟླ་བ་༠༥ཚེས་༡༣ཉིན།

༄༅།། མཐོ་སྒང་དུ་སྐར་ཆ7གྱི་ནང་ལ་འདབ་མའི་ཁ་ཟུམ་པའི་མེ་ཏོག་ཅིག་རྙེད་པ།

        སྔོ་རེག་སྐུམ(含羞草)ཞེས་པ་ནི་ལོ་འདབ་ལ་དངོས་པོ་གང་རུང་གིས་ཐུག་རེག་བྱས་ན། འཕྲལ་མར་ཁ་ཟུམ་པ་ལས་སྐད་གྲགས་ལྡན་པར་གྱུར་པ་ཞིག་ཡིན། འོན་ཀྱང་། ངོ་མཚར་ཆེ་བའི་རང་བྱུང་ཁམས་འདི་རུ་སྔོ་རེག་སྐུམ་མ་གཏོགས། ད་དུང“མེ་ཏོག་རེག་སྐུམ”(含羞花)ཞེས་པ་ཞིག་ཀྱང་ཡོད་པ་དང་། རང་རྒྱལ་གྱི་ཚན་རིག་ཞིབ་འཇུག་མི་སྣ་ཡིས་མདོ་དབུས་མཐོ་སྒང་དུ་སྐར་ཆ7གྱི་ནང་ལ་འཕྲལ་མར་མེ་ཏོག་གི་འདབ་མའི་ཁ་ཟུམ་པར་གྱུར་པའི“མེ་ཏོག་རེག་སྐུམ”ཞིག་གསར་རྙེད་བྱུང་བ་རེད། 


པར་རིས་ཀྲུང་གོའི་ཚན་རིག་ཚགས་པར་ལས་དྲངས། 


        ཉེ་ཆར། གསར་འགོད་པས་ཀྲུང་གོའི་ཚན་རིག་གླིང་ཝུའུ་ཧན་རྩི་ཤིང་གླིང་ག་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཀྲུང་གོའི་ཚན་རིག་གླིང་ཝུའུ་ཧན་རྩི་ཤིང་གླིང་ག་ཡིས་རྩ་འཛུགས་བྱས་པའི་མདོ་དབུས་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་ཆུ་སྐྱེས་རྩི་ཤིང་ཆེད་དོན་རྟོག་ཞིབ་ཀྱི་ཁྲོད་དུ། ཧུའུ་པེ་སློབ་ཆེན་དང་ཀྲུང་གོའི་ཚན་རིག་གླིང་ཝུའུ་ཧན་རྩི་ཤིང་གླིང་ག ཝུའུ་ཧན་སློབ་ཆེན། བོད་ལྗོངས་སློབ་ཆེན་བཅས་ཀྱི་མཉམ་འབྲེལ་ཚན་རིག་ཞིབ་འཇུག་ཚོགས་པས་མདོ་དབུས་མཐོ་སྒང་དུ་སྐྱེས་པའི“མེ་ཏོག་རེག་སྐུམ”ཞིག་གསར་རྙེད་བྱུང་བ་རེད། 

        ཆེད་མཁས་པས་མཚམས་སྦྱོར་བྱས་པར་གཞིགས་ན། སྔོན་ཆད་ཀྱི་སྙན་ཞུའི་ནང་དུ། འཇར་པན་རྒྱལ་ཁབ་ཏུ་སྐྱེས་པའི་རྩི་ཤིང་རྟག་ངུའི་རྒྱུད་ཀྱི་མེ་ཏོག་ཅིག་ནི་དངོས་པོ་གང་རུང་གིས་ཐུག་རེག་བྱས་རྗེས་ཀྱི་སྐར་མ་འགའི་ནང་ལ་འཁུམ་པར་བྱེད་མགོ་ཚུགས་པ་དང་། དེ་ནས་ཆུ་ཚོད་འགའི་རྗེས་ལ་མེ་ཏོག་གི་འདབ་མའི་ཁ་ཡོངས་སུ་ཟུམ་པ་ཡིན་ཞེས་པ་མ་གཏོགས་མེད། ཐེངས་འདིར་གསར་རྙེད་བྱུང་བའི“མེ་ཏོག་རེག་སྐུམ”གྱི་འདབ་མའི་ཁ་ཟུམ་པའི་དུས་ཡུན་སྐར་ཆ7ལས་མེད་སྟབས། དེ་ལ“འཛམ་གླིང་གི་འདབ་མའི་ཁ་ཟུམ་པའི་འགྲོས་ཚད་ཆེས་མགྱོགས་པའི་མེ་ཏོག”ཅེས་ཀྱང་བརྗོད་ཆོག 

        “མེ་ཏོག་རེག་སྐུམ”འདིའི་རིགས་ཀྱི་རིག་གཞུང་ཞིབ་འཇུག་གི་མིང་ལ་སྤང་རྒྱན་ཆུང་བ་ཞེས་ཟེར་ཞིང་། ཞིབ་འཇུག་མ་དཔེ་ལ་བསྡུ་ལེན་བྱས་པའི་མེ་ཏོག་གི་ཁ་དོག་མི་འདྲ་བ་གཉིས་ཀྱི་འདབ་མ་བརྒྱད་པོའི་ཆ་སྙོམས་ཀྱི་ཁ་ཟུམ་དུས་ཚོད་ནི་སྐར་ཆ29ཡིན་པ་རེད། 

        ཞིབ་འཇུག་ལས་ཤེས་རྟོགས་བྱུང་བ་ལྟར་ན། མདོ་དབུས་མཐོ་སྒང་དུ་ཡོད་པའི་སྤང་རྒྱན་ཚན་པའི་སྤང་རྒྱན་རྒྱུད་ལ་སྤང་རྒྱན་སྔོན་པོ་དང་སྤང་རྒྱན་དཀར་པོ། སྤང་རྒྱན་ནག་པོ། ད་དུང་སྤང་རྒྱན་རྒྱུད་ཁོངས་གཏན་འཁེལ་བྱས་མེད་པའི་མེ་ཏོག་གི་འདབ་མ་ལ་ཐུག་རེག་བྱས་རྗེས་སྐར་ཆ7ནས210ཡི་དུས་ཡུན་ནང་དུ་འཕྲལ་མར་འདབ་མའི་ཁ་ཟུམ་པར་གྱུར་པ་བཅས་རིགས་བཞི་ཡོད། 

        མེ་ཏོག་གི་འདབ་མའི་ཁ་ཟུམ་རྗེས་ཡང་བསྐྱར་འབྱེད་པའི་ནུས་པ་ཡོད་ཅིང་། བརྒྱུད་རིམ་འདི་ལ་གནམ་གཤིས་བཟང་བའི་དུས་སུ་ཕལ་ཆེར་སྐར་མ20ཙམ་འགོར་བ་ཡིན། གལ་ཏེ་ཁ་འབྱེད་པའི་སྐབས་ཡང་བསྐྱར་ཐུག་རེག་བྱས་ན། མེ་ཏོག་གི་འདབ་མའང་འཕྲལ་མར་ཁ་ཟུམ་པ་དང་། དེ་ནས་དུས་ཡུན་ངེས་ཅན་འགོར་རྗེས། སླར་ཡང་ཁ་འབྱེད་པ་ཡིན། 

        ཚན་རིག་ཞིབ་འཇུག་མི་སྣ་ཡིས་ཆ་སྙོམས་ཁ་ཟུམ་དུས་ཡུན་སྐར་ཆ27ཡིན་པའི་ཁྱུ་གནས་སྤང་རྒྱན་མེ་ཏོག་ཅིག་ལ་ལྟ་ཞིབ་དང་ཚོད་ལྟ་མ་ལག་ལྡན་པ་ཞིག་བྱས་པ་ན། སྤང་རྒྱན་མེ་ཏོག་གི་འདབ་མ་ལ་རེག་སྐྱེན་ཆེ་བ་ནི་ཕལ་ཆེར་སྦྲང་མ་ཡིས་མེ་ཏོག་གི་ཟེའུ་འབྲུ་ལེན་པ་དང་ལྷག་པར་དུ་མེ་ཏོག་གི་ཟེའུ་ཞིང་ལ་གནོད་སྐྱོན་བྱེད་པ་འགོག་པའི་ཆེད་དུ་ཡིན་ཚུལ་བསྟན་པ་རེད། 

        ཚན་རིག་ཞིབ་འཇུག་མི་སྣས་མེ་ཏོག་གི་འདབ་མའི་ཁ་ཟུམ་པའི་རྒྱུ་རྐྱེན་ཅི་ཡིན་ལ་ཐོག་མའི་འགྲེལ་བཤད་ཅིག་བྱས་ཡོད་ནའང་། སྤང་རྒྱན་རྒྱུད་ཀྱི་རྩི་ཤིང་གི་མེ་ཏོག་འདབ་མ་ལ་རེག་སྐྱེན་ཆེ་བའི་རིམ་འགྱུར་གྱི་རྒྱུ་རྐྱེན་གཙོ་བོ་གང་ཡིན་སོགས་ལ་མུ་མཐུད་དུ་ཞིབ་འཇུག་གཏིང་ཟབ་བྱས་ཏེ་གསེད་བཀྲོལ་བྱ་དགོས་པ་རེད། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1