མེ་ཏོག་རྐང་གཅིག་ས་གནས་གཉིས་སུ་བཞད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་སྒྲ། སྤེལ་དུས། 05-18



——ཐོང་ཤང་གྲོང་ཁྱེར་གྱི་མེ་ཏོག་ལུག་མིག་མཐོ་སྒང་གི་ཡུལ་གྲུའི་ཁྱོན་ལ་ཁྱབ། 



      དཔྱིད་ཀྱི་བདག་མོས་འཛིན་མའི་ཁྱོན་ཀུན་སྣུམ་པོར་སྒྱུར་དུས། སྐྱེ་དངོས་ཡོད་རྒུར་གསོན་ཤུགས་རྒྱས་ཤིང་ཞིང་པ་རརྣམས་སོ་ནམ་གྱི་ལས་ལ་བྲེལ། དེ་ཡང་ཆ་སྙོམས་མཚོ་འཕགས་2800ཟིན་པའི་ཁྲོ་ཆུ་རྫོང་གི་གཤིའུ་གྲོང་རྡལ་པུ་ཏོ་སྡེ་བར། ཀྲེ་ཅང་ཐོང་ཤང་གྲོང་ཁྱེར་གྱི་ཁྱད་ལྡན་ཐོན་རྫས་ལུག་མིག་དཀར་པོས་བོད་ཀྱི་ལུག་མིག་དཀར་པོ་ཞེས་པའི་མིང་སྙན་མོ་ཞིག་ཁྱེར་ཏེ། མཐོ་སྒང་གི་ཉི་འོད་ཀྱི་བྱབ་ཁྲུས་དང་བསིལ་རླུང་གི་བྱི་དོར་མྱོང་བཞིན། ཡིད་འོངས་མཛེས་སྡུག་གི་འབྲས་བུ་སྨིན་པར་ཐོག་མའི་ཉེར་བསྡོགས་བྱེད་བཞིན་ཡོད།  

 


      ཉེ་ལམ། པུ་ཏོ་སྡེ་བའི་མཐོ་སྒང་སྐྱེ་ཁམས་བོད་ཀྱི་ལུག་མིག་དཀར་པོ་འདེབས་འཛུགས་རྟེན་གཞི་རུ། ཀྲེ་ཅང་ཐོང་ཤང་དང་། ཧེ་ཉིང་གི་ལས་ཀ་བ་དང་། སི་ཁྲོན་ཞིང་ལས་སློབ་ཆེན་དང་ཁྲོ་ཆུ་རྫོང་ཚན་རྩལ་ཞིང་ལས་ཆུ་བེད་དོ་དམ་ཅུས་ཀྱི་ཞིང་ལས་ཆེད་མཁས་པ་དང་། གཤིའུ་གྲོང་རྡལ་གྱི་ཏང་ཡོན་ལས་བྱེད་པ་བཅས་སྡེ་བའི་སོ་ནམ་པ་དང་མཉམ་དུ་བོད་ཀྱི་ལུག་མིག་དཀར་པོ་འདེབས་འཛུགས་ཀྱི་ལས་ལ་གཞོལ་བཞིན་མཆིས། ས་སློག་པ་དང་ས་བོན་འཇོག་པ། ལུད་རྒྱག་པ་སོགས་ཀྱི་སྦྱོར་དངོས་རྗེས་གསུམ་ཞིབ་ཀྱིས་སྤེལ་ཏེ། མུ་ཏིག་སྟར་ལ་བརྒྱུས་འདྲའི་ལུག་མིག་མེ་ཏོག་སྐོར་ཅིག་གནས་འདི་ནས་ལང་ཚོའི་གཉོམ་ལག་རྒྱས་མགོ་བརྩམས།

 

      ན་ནིང་གི་ཟླ་6པར། གྲོང་རྡལ་གྱི་ཏང་ཨུ་དང་སྲིད་གཞུང་གི་སྣེ་ཁྲིད་འོག་ཏུ། ང་རང་རྒྱལ་དབོ་སྡེ་བའི་ལུག་མིག་མེ་ཏོག་འདེབས་འཛུགས་རྟེན་གཞི་རུ་རྟོག་ཞིབ་ལ་སོང་བ་ཡིན། དེའི་འདེབས་འཛུགས་ཀྱི་དཔལ་འབྱོར་ཁེ་ཕན་མི་དམན་པ་མཐོང་ནས། རང་ལ་ཡང་ལུག་མིག་མེ་ཏོག་འདེབས་འཛུགས་བྱེད་པའི་བསམ་ཚུལ་སྐྱེས་བྱུང་ཞེས་པུ་ཏོ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཨ་ཏུའུ་ཡིས་གསར་འགོད་པར་བཤད།

      ད་ལོའི་ཟླ་4བར། ཁྲོ་ཆུ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་། ཀྲེ་ཅང་དང་རྔ་བའི་ཁ་གཏད་རོགས་སྐྱོར་གྱི་ལམ་ལུགས་ཀྱི་རམ་འདེགས་ལས། ལུག་མིག་མེ་ཏོག་འདེབས་འཛུགས་ཀྱི་ལས་གཞི་དེ་པུ་ཏོ་སྡེ་བ་ནས་ལག་བསྟར་བྱས་པས། ཨ་ཏུའུ་རེ་བའི་མྱུ་གུར་འདོད་པའི་འབྲས་བུ་སྨིན།

      ཐེངས་འདིའི་ལུག་མིག་མེ་ཏོག་འདེབས་འཛུགས་བྱེད་སྟངས་དེ་སྲོལ་རྒྱུན་གྱི་འདེབས་འཛུགས་བྱེད་སྟངས་དང་མི་འདྲ་བར། པུ་ཏོ་སྡེ་བས་མཉམ་ལས་ཁང་བཙུགས་ཤིང་། མཉམ་ལས་ཁང་གི་གཙོ་གཉེར་བ་འདེམས་བསྐོའི་ཐད་ལ་མི་སྒེར་ནས་རེ་ཞུ་འབུལ་བ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་བརྟག་ཞིབ་གཏན་འཁེལ་བྱེད་དགོས། ཀྲེ་ཅང་དང་རྔ་བའི་ཁ་གཏད་རོགས་སྐྱོར་སྡེ་ཁག་གིས་མེ་ཏོག་གི་ས་བོན་དང་ལག་རྩལ་མཁོ་འདོན་བྱས་ཏེ། ཐོག་མར་ཚོད་ལྟའི་ཚུལ་དུ་ལུག་མིག་མེ་ཏོག་དཀར་པོ་མུའུ་100འདེབས་འཛུགས་བྱས།

 

      ལུག་མིག་མེ་ཏོག་གི་འབྲས་བུ་སྨིན་རྗེས། ཁྲོ་ཆུ་རྫོང་སྲིད་གཞུང་གིས་འབྲེལ་ཡོད་ཁེ་ལས་ལ་གྲོས་འཆམ་བྱུང་སྟེ། རྒྱ་མ་རེར་སྒོར་2.5ནས་སྒོར་5ཡི་རིན་གོང་བྱས་ནས་ཉོ་སྒྲུབ་བྱེད་དུ་བཅུག དེའི་ཡོང་འབབ་མཉམ་ལས་ཁང་ལ་དབང་ཞིང་། མཉམ་ལས་ཁང་གིས་ལོ་རེར་ས་མུའུ་རེར་ས་གླ་སྒོར་260ནས་300བར་བྱས་ཏེ་སྡེ་དམངས་རྣམས་ལ་ས་ཞིང་འཁོར་རྒྱུག་གི་གླ་ཆ་སྤྲད་ཅིང་། གན་རྒྱའི་ནང་དོན་ལྟར། མཉམ་ལས་ཁང་གིས་ལས་ཀ་བ་བསྡུ་སྐབས་སྡེ་བའི་ནང་ནས་བསྡུ་རྒྱུར་ཤུགས་བསྣན་ཏེ། མང་ཚོགས་ཀྱི་ལས་ཞུགས་ལམ་ཁ་ཇེ་ཡངས་དང་ཡོང་འབབ་ཇེ་མང་དུ་བཏང་།

      ང་ཁྱིམ་ནས་རྐང་ཐང་དུ་བསྐྱོད་ན་སྐར་མ་བཅུ་ཡིས་འདེབས་འཛུགས་རྟེན་གཞིར་སླེབ་ཐུབ་ཅིང་། ཉིན་རེར་གླ་ཆ་སྒོར་160ཡོད། ཞོར་ལ་རང་ཁྱིམ་གྱི་ལོ་ལོན་དང་བྱིས་པར་ཡང་གཉོར་སྐྱོང་བྱེད་ཐུབ། ཅེས་པུ་ཏོ་སྡེ་བའི་བསོད་ནམས་དོན་གྲུབ་ཀྱིས་གསར་འགོད་པར་བཤད། ཁོས་ལས་ཀའི་ཞོར་ལ་མེ་ཏོག་འདེབས་འཛུགས་ཀྱི་ལག་རྩལ་སྦྱངས་ཏེ། གྲུབ་འབྲས་ཀྱང་མི་དམན་པ་ཞིག་ཐོབ།

 

      གསར་འགོད་པས་རྒྱུས་ལོན་པ་ལྟར་ན། མིག་སྔར། པུ་ཏོ་སྡེ་བའི་སྡེ་དམངས་100ལྷག་གིས་ལུག་མིག་མེ་ཏོག་འདེབས་འཛུགས་རྟེན་གཞི་འདི་རུ་ལས་གཉེར་བྱེད་བཞིན་ཡོད་ལ། ཞིང་ལས་ཆེད་མཁས་པ་དག་གིས་དེ་རྣམས་ལ་འདེབས་འཛུགས་ལག་རྩལ་གང་ཡོད་བུམ་པ་གང་བྱོའི་ཚུལ་གྱིས་སློབ་ཀྱིན་ཡོད།  

      ཐེངས་འདིར་ནང་འདྲེན་བྱས་པའི་ལུག་མིག་མེ་ཏོག་གི་ས་བོན་བདག་གཉེར་དོ་དམ་ལེགས་པས། མཚོ་འཕགས་མཐོ་བའི་ས་ཁུལ་དུ་སྐྱེ་འཚར་འབྱུང་བར་འཚམ་པོ་འདུག་ཅེས་སི་ཁྲོན་ཞིང་ལས་སློབ་ཆེན་གྱི་ཆེད་མཁས་པ་ལིའུ་ཆིང་ནེན་གྱིས་བཤད་ཅིང་། ལུག་མིག་མེ་ཏོག་དཀར་པོ་འདིའི་རིགས་ལ་ཁོར་ཡུག་གི་མཐུན་སྦྱོར་ནུས་པ་ཆེ་ཞིང་། སྐྱེ་ཚད་མགྱོགས་ལ་རིན་ཐང་ཡང་ཆེ་བས། མེ་ཏོག་བཏོག་རྗེས་དེ་ལ་ལས་སྣོན་ཅུང་ཙམ་བྱས་ཚེ་ཡུན་རིང་ལ་ཉར་ཚགས་ཐུབ་པ་ཡིན།

      ལུག་མིག་མེ་ཏོག་འདེབས་འཛུགས་ཀྱི་ཚོད་ལྟ་དེ་ཁྲོ་ཆུ་རྫོང་ནས་ལེགས་འགྲུབ་བྱུང་ན་ཡང་། པུ་ཏོ་སྡེ་བའི་འདེབས་འཛུགས་བྱས་པའི་མེ་ཏོག་གི་ཐོན་སྐྱེད་བྱེད་ཚད་དང་། དེའི་ཡོང་འབབ་སོགས་ཀྱི་ཐད་ལ་སྡེ་དམངས་རྣམས་ཀྱི་སེམས་སུ་ད་དུང་ཡང་ཐེ་ཚོམ་དང་སེམས་ཁྲལ་ཆེན་པོ་འདུག


 

      ཁྲོ་ཆུ་རྫོང་ཚན་རྩལ་ཞིང་ལས་ཆུ་བེད་ཅུས་ཀྱི་ཐོན་ལས་སྡེ་ཁག་གི་ཀྲུའུ་རེན་ཚེ་སྐྱབས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། ལས་གཞི་འདི་ལག་བསྟར་མ་བྱས་པའི་ཡར་སྔོན་དུ། ཞིང་ལས་ཆེད་མཁས་པས་པུ་ཏོ་སྡེ་བའི་ས་རྒྱུ་དང་གནམ་གཤིས་བཅས་ལ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཤིང་། ལུག་མིག་མེ་ཏོག་གི་འདེབས་འཛུགས་དང་འཚམ་པར་ཐག་བཅད། ད་སྐབས། འདེབས་འཛུགས་ལག་རྩལ་ཐད་ནས་ཀྱང་བྱང་ཆ་ཇེ་ཡོད་དང་། ཉམས་མྱོང་ཡང་མི་ཉུང་བ་ཞིག་བསགས་ཡོད་ཅིང་། ཐོན་སྐྱེད་བྱེད་ཚད་དང་རྒྱུ་སྤུས་སོགས་སྔར་ལས་ཇེ་མཐོར་བཏང་ན། ཕལ་ཆེར་ས་ཞིང་མུའུ་རེ་ནས་སྤྱི་རྒྱ་300ནས་400བར་ཐོན་སྐྱེད་བྱེད་ཐུབ་ཅིང་། ས་ཞིང་མུའུ་རེའི་ཐོན་སྐྱེད་རིན་ཐང་སྒོར་3000ནས་4000བར་ཡིན།

 

      ཉིན་འགའི་རིང་གི་ངལ་ལས་བྱས་པ་བརྒྱུད་དེ། ལུག་མིག་མེ་ཏོག་གི་འབྲས་བུ་དེ་མཐོ་སྒང་གི་རི་ལུང་འདི་ནས་ཀྲོང་ངེར་འགྱིང་ཞིང་། བསིལ་རླུང་གི་གཡབ་མོའི་ཁྲོད་ནས་མཛེས་པའི་གར་སྟབས་མངོན་བཞིན་ཀུན་གྱི་མིག་གི་རྒྱན་དང་རྣ་བའི་དཔྱིད་དུ་བཞད་བྱུང་། པུ་ཏོ་སྡེ་བའི་སྡེ་དམངས་རྣམས་ཀྱི་རེ་བའི་ས་བོན་ལ་འདོད་པའི་འབྲས་བུ་སྨིན་མགོ་ཚུགས། ཨ་ཏུའུ་ཡིས་གསར་འགོད་པར་བཤད་རྒྱུར། རྗེས་ཕྱོགས་སུ་ཡང་ཐོང་ཤང་གྲོང་ཁྱེར་དང་མཉམ་ལས་བྱེད་ཚད་སྔར་བས་ཤུགས་བསྣན་ཏེ། འདེབས་འཛུགས་ཀྱི་རྒྱ་ཁྱོན་མུ་རུ་བསྐྱེད་རྒྱུ་ཡིན་ཞེས་བཤད།

 

      གཉོམ་དུང་དུང་གི་མེ་ཏོག་རྐང་གཅིག་ཡུལ་ལུང་མི་འདྲ་བའི་གནས་གཉིས་སུ་བཞད་དུས། གདོང་གཏོད་སའི་རི་ར་བ་ཁང་ཁྱིམ་ཐམས་ཅད་མི་འདྲ་ཡང་། ཁོའི་བླ་མེད་ལྷག་བསམ་གྱིས་བསྐྱེད་པའི་ཕན་འབྲས་ནི་གཏན་དུ་འགྱུར་བ་མེད་ཅིང་། ནམ་ཡང་ཉམས་པ་མེད་པར་ཡུལ་མི་རྣམས་ཀྱི་འཚོ་བའི་ཕྱི་ནང་གསང་གསུམ་ཀུན་ལ་བསུབ་ཏུ་མེད་པའི་བྱས་རྗེས་བཞག་ཡོད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1