༄༅། །སློབ་དཔོན་དང་སློབ་མའི་མིག་ཆུ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-12


       འདི་ནས་ཡར་བརྩིས་པའི་ལོ་ངོ་གཉིས་དག་དག་འགོར་བའི་ཉིན་མོ་སྟེ1013ལོའི་ཟླ་12པའི་ཚེས2ཉིན་མོར་ང་རང་མཛོད་དགེ་རྫོང་དུ་ཡོང་ནས་ཕུ་བོ་མགར་བརྩོན་གྱིས་འགྲོ་རོགས་འོག་མཛོད་དགེ་རྫོང་བོད་ཡིག་སློབ་འབྲིང་དུ་སོང་ནས་7རྗེ་བློ་བཟང་ཉི་མ་མཆོག་གི་མཛད་རྣམ་མདོར་བསྡུས་ཤིག་རྒྱུས་ལོན་བྱས་པ་དེ་ངེད་བཙན་པོའི་མགར་གྱི་དྲ་བར་བཀོད་རྗེས།   ཁོང་གི་སློབ་མ་རྣམས་དང་གཟུར་གནས་མཁས་པ་མང་བོས་ཁོང་གི་རྣམ་ཐར་ལ་མཇལ་ཏེ་བསྟོད་བསྔགས་དང་རྗེས་དྲན་ཞུ་མཁན་མང་དུ་བྱུང་བར་མ་ཟད།  ཁོང་ནི་གངས་ཅན་བོད་ཀྱི་སློབ་གསོ་བ་ཞིག་དང་།   བོད་ལུགས་ཕྱུགས་བཅོས་གསོ་བ་རིག་པའི་ཤིང་རྟའི་སྲོལ་འབྱེད་ཅིག་ཡིན་པ་གཞི་ནས་ཚོར་དུས་ཁོང་ཉིད་ང་ཚོ་དང་རིང་དུ་གྱེས་ནས་ལོ་ངོ་25འགོར་བཞིན་ཡོད།  ཁོང་གིས་སྤྱི་ལོ་1969ལོར་བོད་ཁུལ་གྱི་སྦྲ་གུར་སློབ་གྲྭ་མཛོད་དགེའི་བཞག་སྡོམ་དུ་བཙུགས་པ་ནས་རྔ་ཁུལ་གྱི་བོད་ཡིག་སློབ་འབྲིང་མང་དག་ཅིག་གཅིག་རྗེས་གཉིས་མཐུད་དུ་སྒོ་ཕྱེས་པ་ནི་ཁོང་གི་བཀའ་དྲིན་ལས་མ་འདས་པ་སོགས་བསུབ་ཏུ་མེད་པའི་མཛད་རྗེས་དག་རྡོ་རིང་བཞིན་དུ་བོད་མིའི་སེམས་ངོར་བརྟན་པོར་བརྗིད་ཡོད་པ་ཞིག་རེད།

       དེ་རིང་བདག་གིས་པད་སྡོང་འཇམ་དབྱངས་ཀྱིས་ཚིག་བརྩམས་ཤིང་སྒྱིས་ཚང་སྐལ་བཟང་ཚེ་རིང་གིས་བླངས་པའི་༼སློབ་དཔོན་ལགས་བློ་བཟང་ཉི་མ་༽ཞེས་པའི་འོད་སྡེར་དེ་གླིང་བ་བྱང་རིག་ཁོའི་རྩིས་འཕྲུལ་དུ་བླུགས་པ་ཡིན།  བོད་ཀྱི་དངུལ་ཁབ་མཁན་པོའམ་སྨན་པ་བྱང་རིག་ཁོས་རྩིས་འཕྲུལ་གྱི་ཅོག་ངོས་སུ་ཡང་ཡང་གྱེར་ནས་འདུག་དུས།   དབྱངས་ཀྱི་འགྱུར་ཁུགས་དང་ཚིག་གི་རྒྱབ་ལྗོངས་དེས་ཁོའི་ཤ་གསེང་རུས་གསེང་ནས་བརྗོད་མི་ཐུབ་པའི་ཚོར་བ་ཞིག་བཙུར་ཏེ་མིག་མཐར་མཆི་མ་ལྷུག་ལྷུག་ཏུ་དཀུ་བ་ནི་ཤིན་ཏུ་མད་པའི་གནས་ཤིག་མཐོང་ངོ་། །

       སློབ་མ་ཚད་ལྡན་ཞིག་ཡིན་ཚེ་འདི་ལྟར་དགེ་རྒན་དམ་པའི་སྐུ་དྲིན་དྲན་ལ་དགེ་སློབ་ཀྱི་དམ་ཚིག་དེ་བས་མི་འདོར།   ལྷག་ཏུ་གླིང་བ་བྱང་རིག་ཁོ་ནི་ཆུང་ནས་ད་བར་རྩོམ་རིག་འབྲི་བར་མོས་ལ་ཆེད་སྦྱོང་གསོ་རིག་ཡིན་སྟབས་ཉམ་ཆུང་ནད་པ་མང་བོར་སྨན་གྱིས་སྦྱིན་པ་གཏོང་བཞིན་ཡོད་ལ།   བོད་ཀྱི་དངུལ་ཁབ་རིག་གཞུང་དར་སྤེལ་དང་བྱ་བའི་ལས་ཞོར་དུ་སྒོར་དང་སྐར་ཟུར་ཙམ་ཡང་མི་ལེན་པར་བོད་ཀྱི་དངུལ་ཁབ་ཀྱིས་ནད་པ་བདག་མེད་སོགས་བརྒྱ་ཕྲག་བསྐྱབས་པ་མཛོད་དགེ་སྟག་རྩ་མཐའ་བར་ཡོངས་སུ་གྲགས་པ་ཞིག་ཀྱང་རེད་དེ།  ངའི་ཨ་ཞང་གིས་བཤད་པ་ཡིན་ན་སྟག་ཚ་དགོན་པའི་མཐའ་འཁོར་གྱི་ལོ་ལོན་དག་ལ་རྒྱུན་དུ་ཁ་དྲིན་མི་བཟོ་བ་དང་གཤིས་འཇམ་པོས་ཁབ་དང་སྨན་སྦྱིན་བྱས་པས་ལོ་ལོན་ཚོས་སྨན་པ་དྲིན་ཅན་པོ་དེའི་སྐུ་དྲིན་ཟེར་ནས་བསྔོ་བ་སྨོན་ལམ་འདེབས་མཁན་མང་བོ་འདུག་ཟེར།  དེར་བལྟས་ཀྱང་མཛོད་དགེའི་ཨ་ཁུ་ཉི་མའི་སློབ་གསོ་དེ་མི་ཡུལ་གྱི་བྱམས་དང་སྙིང་རྗེའི་ལས་རིགས་ཤིག་ཡིན་པ་མ་ཟད་ཁོང་ནས་བརྒྱུད་པའི་སློབ་མ་རྣམས་ཀྱང་མང་ཆེ་བ་ཡ་རབས་སྤྱོད་བཟང་ལ་གོམས་པར་ངོས་འཛིན་བྱས་ཆོག་སྙམ།

      མདོར་ན་སློབ་དཔོན་བློ་བཟང་ཉི་མའི་བཀའ་དྲིན་ཡིད་ལ་འཁོར་དུས་ང་ཡང་ཁོང་གི་དངོས་བརྒྱུད་ཀྱི་སློབ་མ་ཞིག་ཏུ་མ་གྱུར་བ་ནི་བློ་ཕམ་སྐྱེ་དགོས་པ་ཞིག་ཏུ་གྱུར་ཡང་ཁོང་གི་མཛད་རྗེས་ལ་སློབ་གཉེར་བ་ཞིག་ཏུ་གྱུར་པ་ནི་བསོད་ནམས་ཆེའོ་སྙམ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1