སྤྲེའུ་འབྲུམ་ནད་དུག་འདི་མིའི་བར་ལ་འགོ་བཞིན་འདུག

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-24



   ཚེས་22ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞུང་ཕྱོགས་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཟླ་5ཚེས་13ཉིན་ནས་བཟུང་། གོ་ལ་ཧྲིལ་པོའི་སྤྲེའུ་འབྲུམ་ནད་དུག་ཐོན་མེད་པའི་རྒྱལ་ཁབ་12ཀྱིས་ནད་རྟགས་གཏན་འཁེལ་གྱི་ནད་དཔེ་92དང་དོགས་ཡོད་ནད་དཔེ་28སྙན་ཞུ་ཕུལ་ཡོད། ད་ཡོད་ཀྱི་ཆ་འཕྲིན་ལ་གཞིགས་ན། ནད་རྟགས་ཡོད་པའི་ནད་པ་དང་གཟུགས་པོར་འབྲེལ་འདྲིས་དམ་ཟབ་བྱེད་པའི་མི་ཚོགས་བར་འགོ་བཞིན་ཡོད་པ་མངོན་ཡོད།

   གཞི་གྲངས་ལས་མངོན་པར་གཞིགས་ན། ནད་གཞི་གཏན་འཁེལ་དང་དོགས་ཡོད་ནད་དཔེ་དེ་དག་གཙོ་བོ་དབྱིན་ཇི་དང་། སི་ཕེན། ཕོར་ཐིའུ་ཀལ་བཅས་ནས་ཡིན་པ་དང་དེ་བྱིངས་ཨོ་སི་ཁྲུ་ལི་ཡ་དང་། པེར་ཀྲེམ། ཁ་ན་ཏ། ཧྥ་རན་སེ། འཇར་མན། དབྱི་ཐ་ལི། ཧོ་ལན། སུའེ་ཏེན། ཨ་རི་བཅས་སུ་ཁྱབ་ཡོད་པ་རེད། ད་ལྟའི་བར་དུ། ད་དུང་མི་སྣ་ཚེ་ལས་འདས་པའི་འབྲེལ་ཡོད་སྙན་ཞུ་འབྱོར་མེད།

   འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། ལྟ་ཞིབ་ཚད་ལེན་བྱེད་རྒྱ་ཆེ་རུ་བཏང་བ་དང་སྦྲགས། སླད་ཕྱིན་སྙན་ཞུའི་ནད་དཔེ་རྒྱལ་ཁབ་དང་རྒྱལ་ཁབ་གཞན་དག་ནས་ནད་དཔེ་དེ་བས་མང་བ་རྙེད་རྒྱུ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲ་ཚིགས་ཐོག་ངོ་སྤྲོད་བྱས་པར་གཞིགས་ན། སྤྲེའུ་འབྲུམ་ནི་མཐོང་དཀོན་པའི་ནད་དུག་རང་བཞིན་གྱི་མི་ཕྱུགས་གཉིས་ཀར་ཕོག་པའི་ནད་ཅིག་རེད། (སྲོག་ཆགས་ནས་མི་ལ་འགོས་པའི་ནད་དུག) ནད་པའི་ནད་རྟགས་དེ་སྔོན་ཆད་ལྷ་འབྲུམ་གྱི་ནད་དུག་ཕོག་པའི་མིའི་ལུས་པོ་ནས་མཐོང་བའི་རྣམ་པ་དང་འདྲ་པོ་ཡོད་མོད། འོན་ཀྱང་ནད་ཐོག་གི་ནད་གཞི་ཅུང་ཡང་མོ་རེད། 1980ལོར་ལྷ་འབྲུམ་རིམ་བཞིན་རྩ་མེད་དུ་སོང་བ་དང་རིམས་འགོག་སྨན་ཁབ་རྒྱག་མཚམས་བཞག་པ་རེད། སྤྲེའུ་འབྲུམ་ནི་འབྲུམ་ནད་ཀྱི་ནད་དུག་ཚབས་ཆེ་ཤོས་ཤིག་ཏུ་གྱུར་ཡོད། རིམས་ནད་མ་ཐོན་གོང་སྤྲེའུ་འབྲུམ་གྱི་ནད་དཔེ་ཨ་ཧྥེ་རི་ཁའི་དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་གྱི་ཚ་ཁུལ་ནགས་ཚལ་ཁྱབ་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1