བློ་འགྱོད།

ཆོས་དབྱིངས་རྒྱ་མཚོ། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-31


གཅིག
ངས་ད་ལྟ་འབྲི་བཞིན་པའི་སྒྲུང་གཏམ་འདི་ནི་དོན་དངོས་ཤིག་ཡིན་ལ། འདས་ཟིན་པའི་དོན་དག་དེ་ཉིད་ཕྱིར་དྲན་བྱེད་སྟངས་ཤིག་ཀྱང་ཡིན་པས། ཁྱེད་ཀྱིས་ཀློག་འདོན་གྱི་གོ་རིམ་ཁྲོད་དུ་ང་ལ་སྡང་སེམས་ཁོ་ན་འཆང་སྟེ་དམོད་མོ་འབའ་ཞིག་བོར་ཀྱང་ང་ལ་ཁོང་ཁྲོ་ལངས་མི་སྲིད་ལ་འཁོན་སེམས་ཀྱང་སྐྱེས་མི་དཔེ། དེ་ལས་ལྡོག་སྟེ། ངའི་ནང་སེམས་ཀྱི་ཟབ་སར་སྦས་པའི་བློ་འགྱོད་ཆེན་པོ་གང་ཉིད་ཇེ་ཆུང་དུ་འགྱུར་བར་རོགས་དན་ཡོང་ངེས།
དོན་དག་གི་འབྱུང་རྐྱེན་གཙོ་བོ་ནི་ནམ་ཞིག་ལ་མགོ་བརྩམས་པ་ཡིན་ངས་ཀྱང་ཟེར་ཐག་མི་ཆོད་མོད། ཡིན་ནའང་། ངའི་སེམས་ནང་དུ་ནམ་ཡང་བློ་འགྱོད་དང་བཅས་ཏེ་དྲན་ཡོང་བ་ནི། ཉིན་མོ་དེར་ཁོང་དང་ལྷན་ཏུ་ཁ་བརྡ་ལྷོད་མོ་ཞིག་བཤད་མ་ཐུབ་པ་སྟེ། ཁ་གསལ་བོར་བརྗོད་ན་ཁོང་ལ་ཆེས་མཐའ་མཇུག་གི་ནད་འདྲི་ཡག་པོ་ཞིག་མ་ཐུབ་སྙམ་པའི་ནོངས་འགྱོད་ཅིག་གློ་རྡེག་གློ་རྡེག་ཏུ་སྐྱེས་ཡོང་བ་དེ་ཡིན།
ཉིན་དེར། ང་རང་བྲེལ་རྟབ་ཚབ་ཚུབ་ཀྱིས་ཁོང་ཚང་གི་སྒོ་ནང་ལ་འཛུལ་དུས། ཁོང་གིས་མི་ཞིག་ཁྱིམ་ལ་འཛུལ་བ་ཚོར་བས་ཐད་ཀར་མགོ་བོ་ཡར་དགྱེ་སྟེ་ངའི་ཕྱོགས་སུ་བལྟས་བྱུང་། སྐམ་རིད་དུ་གྱུར་བའི་ངོ་གདོང་དང་གཏིང་ལ་ལྷུང་བའི་མིག་ཟུང་། ཅུང་ཟད་སེར་ཁ་གས་པའི་མཆུ་ཏོ་བཅས་ལ་བལྟས་ན། ཨ་རག་བཏུང་ནས་ར་རོ་བར་གྱུར་ཏེ་བཟའ་བཏུང་ཅི་ཡང་མ་ཐུབ་པ་རྟོགས་སླ་མོད། འོན་ཀྱང་། དེ་ནི་སྣུམ་ཟད་ཀྱི་མར་མེ་བཞིན་ཚེ་སྲོག་གི་མཇུག་མཐའི་དུས་སྐབས་སུ་སླེབས་བཞིན་ཡོད་པ་ཞེ་སྣང་བ་བརྒྱད་པོར་མ་ཤར། དེ་ལས་ལྡོག་སྟེ། བྱིས་པ་བསམ་མེད་ཅིག་གི་བརྟུལ་ཞུགས་བཟུང་བའི་བྱ་སྤྱོད་ལ་འཁོན་སེམས་ཏོག་ཙམ་ཤོར་སོང་ལ། ཁྲག་དང་ཟས་སོགས་ཅི་ཡང་མ་འདྲེས་པའི་ཆུ་ལྟ་བུ་ཞིག་པང་གཅལ་དུ་བསྐྱུགས་ཡོད་པར་ཞེ་མེར་བ་ཞིག་ཀྱང་བྱུང་།
“ཆོས་རྒྱལ་སླེབས་བྱུང་ངམ།” ཁོང་གིས་མགོ་བོ་ཡར་དགྱེ་སྟེ་ང་མཐོང་བ་དང་སྙིང་ཉེ་ཉེས་དེ་ལྟར་བཤད།
“ཡིན་ལགས། ཁྱེད་ག་འདྲ་འདུག སྨན་ཁང་དུ་འགྲོ་དགོས་སམ།” ངས་ཀྱང་སྐྱེ་ཕོ་རབ་ཅིག་གི་འགན་ཁུར་ཕྲག་ཏུ་བླངས་ནས“འདི་ལྟར་ཨ་རག་ཚད་མེད་དུ་བཏུང་ན་གཟུགས་གཞིའི་བདེ་ཐང་ལ་གནོད་ངེས་ཅན་ཡིན་པས། ད་ནས་ཉུང་འཐུང་བྱས་ན་བཟང”ཞེས་བཤད་པ་ཡིན།
“ང་ལ་སྐྱོན་མི་འདུག ད་སྡོད་དང་ངས་ཇ་སྐོལ་ཡོང”ཟེར་ནས་མལ་ཁྲི་ལས་ཡར་ལངས་གྲབས་བྱས་པས། ང་དེ་མ་ཐག་ཁོང་གི་མལ་ཁྲིའི་མདུན་དུ་བཅར་ནས་བཞེངས་སུ་མ་བཅུག
“ཇ་འཐུང་མི་དགོས། ཁྱེད་ཀྱིས་ངལ་གསོ་ལེགས་པོ་མཛོད། ང་ཨ་ནེ་བདེ་སྐྱིད་སྐྱེལ་དུ་ཡོང་བ་ཡིན། མགྱོགས་མྱུར་ཕྱིར་མ་སླེབས་ན་ཡང་ལས་ཞུགས་ལ་རྗེས་ལུས་ཁུར་འགྲོ།” ཉིན་དེར། ང་དེ་ལྟར་བྲེལ་བྲེལ་འཚུབ་འཚུབ་ངང་ཕྱིར་རྫོང་ཐོག་ཏུ་ལོག་པ་ཡིན།
གཉིས།

ཨ་ནེ་བདེ་སྐྱིད་ངེད་ཚང་ལ་སླེབས་ནས་ཉིན་བཅུ་ལྷག་འགོར་བའི་སྔ་དྲོ་ཞིག་ལ། ཁོང་ཚང་གི་ཁྱིམ་མཚེས་རྒན་མོའི་ཁ་པར་ཡོང་སྟེ། ཨ་ནེ་བདེ་སྐྱིད་ལ་མགྱོགས་པོར་ཕྱིར་ཡོང་ན་བཟང་ཚུལ་བཤད།
“མདང་ནུབ་ཁྱེད་ཚང་ལ་ཆང་རྐྱལ་རྡོར་མགོན་ཐོན་པས། ཁོང་གཉིས་ཀྱིས་མཚན་གང་བོར་བརྒྱགས་ཐག་ཆོད་པ་ཞིག་བཏུང་ཡོད་ཚོད་རེད། ད་ནངས་སྔ་མོར་རྒྱ་སྒོར་ཕྱིན་ནས་འབོད་དུས་ཨ་ལན་སྟེར་མཁན་མི་འདུག ཁྱེད་ཚང་གི་བཏགས་ཁྱིའང་མངགས་འདུག་པས། ང་ཅག་ནང་ལ་ཕྱིན་ནས་ལྟ་ཐབས་མི་འདུག” ཁྱིམ་མཚེས་རྒན་མོས་དབུགས་ཐེངས་གཅིག་གིས་དེ་ལྟར་བཤད་པས། ང་ཚོ་རེ་ཞིག་ལ་བློང་བློང་བོར་གྱུར་ཅིང་དོན་ངན་ཞིག་བྱུང་སོང་བ་མིན་ནམ་སྙམ་སྟེ་འཇིགས་དངངས་ཚབས་ཆེན་ལངས་མོད། འོན་ཀྱང་། ཡུན་རིང་མ་འགོར་བར་ཁོང་གིས་ང་ཚོར་ཁ་པར་བཏང་བྱུང་བས། ད་ཅིའི་དྲན་སྟངས་ནི་དངངས་འཚབ་ཐེངས་ཤིག་ཡིན་པ་གཞི་ནས་རྟོགས་ཏེ་བློ་སེམས་བདེ་ལ་བབས།
དགོངས་དག ངས་ད་དུང་ཨ་ནེ་བདེ་སྐྱིད་ཀྱི་ཡོང་དོན་གླེང་རྒྱུའང་བརྗེད་འདུག རེད། དྲང་མོར་བཤད་ན། ཨ་ནེ་བདེ་སྐྱིད་ངེད་ཚང་ལ་ཡོང་དོན་ནི་ངེད་ཚང་ཁོ་ནའི་ཆེད་དུ་ཡིན་ཏེ། སྐབས་དེར་ངའི་ཆུང་མར་བྱིས་པ་བཙས་ཏེ་ཟླ་ཁ་གང་མེད་ལ། ཏག་ཏག་བང་ཟླ་འདུག་བཞིན་པའི་སྐབས་ལ་ཁེལ་ཡོད་པས། ཨ་ནེ་བདེ་སྐྱིད་དམ་ངའི་ཆུང་མའི་ཨ་མ་ནི་རང་གི་བུ་མོས་ཟླ་ངོ་གཅིག་གི་རིང་ལ་ལུས་ཁམས་ཡག་པོ་ཞིག་གསོ་ཐུབ་ན་སྙམ་ནས་ང་ལ་རོགས་རམ་གྱི་ཚུལ་དུ་ཡར་ཡོང་བ་ཡིན།
ཉིན་དེར། ཁྱིམ་མཚེས་རྒན་མོའི་ཁ་པར་སླེབས་རྗེས། ཁོང་མ་སྨད་གཉིས་ཀྱིས་སེམས་ཁྲལ་ཆེན་པོ་བྱས་སོང་ལ། ཨ་ནེ་བདེ་སྐྱིད་དལ་འགོར་མེད་པར་ཕྱིར་ལོག་རྒྱུའི་ཐག་བཅད། སྐབས་དེར། ངའི་ཆུང་མར་བྱིས་པ་བཙས་ཏེ་ཟླ་ཁ་གང་བར་ཉིན་འགའ་ལས་མེད་པས། ངའི་སྣང་ངོར་ད་ནི་ཆེས་མཇུག་མཐའི་ཉིན་འགའ་ལས་མེད་པས། དེའི་རིང་ལ་ཨ་ནེ་བདེ་སྐྱིད་འགྲོ་མ་དགོས་ན་ཅི་མ་རུང་སྙམ་པ་ཡིན་ལ། ལོ་འགའི་སྔོན་ཏེ་ངེད་གཉིས་ཀྱི་བུ་ཆེ་བ་བཙའ་བའི་སྐབས་ཀྱང་། ཨ་ནེ་བདེ་སྐྱིད་ངེད་གཉིས་ལ་རོགས་རམ་དུ་ཡོང་བའི་རིང་ལ་ཁོང་གིས་ཤུལ་ནས་ཨ་རག་ཚད་མེད་པ་བཏུང་ཡང་དོན་དག་ཅི་ཡང་མ་བྱུང་བ་མིན་ནམ་སྙམ་སྟེ་སྒེར་སེམས་ཉི་ཚེ་བ་ཞིག་སྐྱེས་མོད། འོན་ཀྱང་། སྐབས་དེར་ང་ལ་སྐད་ཆ་དེ་དག་བཤད་པའི་སྤོབས་པ་ནི་ལར་ནས་མི་འདུག
གསུམ།

ཉིན་དེར། ངས་ཨ་ནེ་བདེ་སྐྱིད་བསྐྱལ་ནས་ཁོང་ཚང་དུ་སླེབས་དུས། ཁོང་ནི་དེ་ལྟར་མལ་ཁྲིའི་སྒང་ལ་སྟོད་རྗེན་དུ་ལོག་འདུག་ལ། ཁྱིམ་ནང་དུ་མི་ཞིག་འཛུལ་བ་ཚོར་མ་ཐག་ཐད་ཀར་མགོ་བོ་དགྱེ་སྟེ་མིག་གིས་ཕུར་ཚུགས་སུ་བལྟས་བྱུང་།
ཁོང་གིས་ང་ནང་ལ་འཛུལ་བ་མཐོང་མ་ཐག ལམ་སང་སྔས་འགྲམ་ནས་ཚི་ལེན་དཀར་པོ་ཞིག་བླངས་ཏེ་གྱོན་ཅིང་། ང་ལ་བལྟས་ནས“ཆོས་རྒྱལ་སླེབས་བྱུང་ངམ”ཞེས་སྐད་ཆ་བཤད་པ་དང་། ཡང་དེ་འཕྲལ་དུ་ཁོང་གིས་ནམ་ཡང་མགོ་ནས་འདོར་མི་སྲིད་ཅིང་ལུས་ཀྱི་རྒྱན་ཆ་གཙོ་བོ་ལྟ་བུར་གྱུར་བའི་ཐོད་ཆིངས་དམར་པོ་དེ་མགོ་ལ་ཡང་དཀྲིས་ཤིག་བྱས་བྱུང་།
ཉིན་དེར། ངས་དེ་ལྟར་ཁོང་དང་ཁ་བརྡ་ཚིག་འགའ་བཤད་དེ་ཕྱིར་ལོག་པ་ཡིན། འོན་ཀྱང་། དྲན་པའི་དགུ་ལའང་ཤར་མ་ཐུབ་པ་ནི། དེ་ནས་ཉིན་གསུམ་མ་འགོར་བར་ཁོང་ཉིད་འཇིག་རྟེན་དཀར་ངོགས་ནས་ང་ཚོ་དང་རྒྱང་དུ་བྲལ་སོང་།
ཁོང་ནི་ངའི་ཆུང་མའི་ཕ་རྒན་སྟེ། ངའི་གྱོས་པོ་ཡིན། ཡང་ན་ཨ་ནེ་བདེ་སྐྱིད་ཀྱི་ཁྱོ་ག་རེད།
ད་ལྟ་ཕྱིར་འདང་བརྒྱབ་ན། ཉིན་དེར་ངས་ལྷོད་ལྷོད་བྱས་ཏེ་ཁོང་དང་ཁ་བརྡ་མང་ཙམ་བཤད་མ་ཐུབ་པར་བློ་འགྱོད་རབ་ཏུ་སྐྱེས།
དེ་ལས་ཀྱང་བློ་འགྱོད་སྐྱེས་པ་ནི……


རྩོམ་ཡིག་རྗེས་མ།
ཁྲམ་པ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1