འཁྲུལ་སྣང་ཐེངས་ཤིག

ཁྱུང་ཐར་རྒྱལ། (མཚོ་སྔོན།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-31


ཁོས་ཕྱི་གསལ་ནང་གསལ་གྱི་ཤེལ་ཕོར་ཞིག་དུ་ཐོག་མར་ཇ་ལོ་འགའ་འཕངས་པ་དང་། དེ་ནས་ཆུ་ཁོལ་ཚ་བོ་ཞིག་བླུགས། ཡུད་ཙམ་ནས་ཁོས་མཉམ་འཇོག་མ་བྱས་པར་ཤུགས་ཀྱིས་ཧུབ་ཞིག་བྱས་པས་མགྲིན་པ་ནས་ཁོག་པའི་བར་མེ་ཡིས་སྲེག་པ་ལྟར་ཚ་ལམ་མེར་གྱུར་བ་དང་། མིག་ཟུང་ཅེར་ནས་ཤེལ་ཕོར་ལ་ལྟ་བཞིན “ལྟོས་ངན། ལྟོས་ངན་རང་རེད” ཅེས་ཁེར་ལབ་བྱེད་བཞིན་སུ་ཞིག་ལ་འཁང་ར་བྱེད་པར་ཐལ།
ཤེལ་ཕོར་ནང་གི་ཇ་ལོ་རྣམས་རིམ་བཞིན་ཞབས་སུ་ཉུལ་བར། ཁོས་ཡ་མཚར་བའི་ལྟད་མོ་ཅི་ཞིག་མཐོང་བའམ། ཡང་ན། འཁྲུལ་སྣང་ཐེངས་ཤིག་གིས་ཀླད་པ་འཁྲུག་པ་ནས་མིག་ཟུང་སྔར་ལས་ཆེ་རུ་བགྲད་དེ་མུ་མཐུད་དུ་ཤེལ་ཕོར་ནང་དུ་བལྟས།
“དཀོན་མཆོག་མཁྱེན། འགྲིག་མ་སོང་། ཚང་མ་དམྱལ་བར་ལྷུང་ཐལ” ཁོས་དབང་མེད་དུ་དེ་ལྟར་ཁེར་ལབ་བྱས་པ་དང་། རང་སྡེ་
ཕྱུག་མོའི་སྐྱ་སེར་ཕོ་མོ་མང་པོ་སེར་སྣ་ཙམ་ཡང་མེད་པར་དམྱལ་བར་ལྷུང་བ་ལ་སེམས་གཏིང་ནས་སྐྲག་སྣང་དང་འགྱོད་གདུང་ཚད་མེད་སྐྱེས། ཡིན་ནའང་གནད་འགག་གི་སྐབས་སུ་མ་ཎི་ཚར་འགའ་འདོན་རྒྱུའང་ཡིད་ལ་མ་དྲན།
བསམ་ཡུལ་ལས་འདས་པ་ཞིག་ལ་སྤྲུལ་སྐུ་གསང་སྔགས་ཚང་ཡང་དེའི་གྲས་སུ་ཡོད་པས། ཁོས་སྐད་ཤུགས་ཡོད་ཚད་བཀོལ་དེ“སྐུ་ལོ། སྐུ་ལོ་གསང་སྔགས་ཚང་། ཁྱེད་ཚང་དེ་ལྟར་ཕེབས་སྲོལ་ཞིག་ག་ལ་ཡོད། ཁྱེད་ཚང་དེ་ལྟར་ཕེབས་ཚེ། ང་ཚོ་འདྲེན་པའི་བླ་མ་སུ་ཞིག་ཡིན་ལགས” ཞེས་ནམ་མཁའ་སྟོང་བར་ལག་གཡུག་བྱས་ནས་བོས། ཁོང་གིས་མ་ཐོས་པ་ཡིན་ནམ། ཡང་ན། གསུང་མ་འབྱོན་པ་ཡིན། གང་ལྟར་ཕྱིར་ལན་བཏབ་མ་བྱུང་།
ཁོས་ཞིབ་ཏུ་བལྟས་པར་ཧྲུའུ་ཅི་གསེར་ཁ་དང་སྡེ་དཔོན་ཡང་མོ་གཉིས་ཀྱིས་ཀྱང་སྤྲུལ་སྐུའི་རྗེས་དེད་ནས་འགྲོ་བཞིན་འདུག “ཝེ། ཨ་ཁུ་གསེར་ཁ། ཁྱོད་ཀྱང་དེ་ལྟར་འགྲོ་རྒྱུ་ཡིན་ནམ། ངེད་ཚང་གི་ལྕགས་རའི་གནད་དོན་ད་དུང་ཐག་མི་གཅོད་དམ། ཁྱོད་རང་དེ་ལྟར་བུད་སོང་ན......” སྔར་བཞིན་སུས་ཀྱང་ཁ་གྲག་མ་བྱུང་།
“ཝེ། རིག་འཛིན”གློ་བུར་དུ་བུད་མེད་ཅིག་གིས་ཁོའི་མིང་ནས་བཟུང་སྟེ་བོས་པས། མྱུར་མོར་ཕྱོགས་དེར་བལྟས་པ་ན། དེ་ནི་ཨ་ཡེ་རིག་མོ་རེད། “རིག་འཛིན། ངའི་ཇ་ནག་དེའི་རིན་པ་མྱུར་མོར་འཕྲོད་དུ་ཆུགས”“ཡ་ཡ། ཨ་ཅེ་རིག་བྷོ། ངས་ཁྱོད་ལ་སྐད་ཅིག་གཏོང་། ཁྱོས་ཧྲུའུ་ཅི་གསེར་ཁ་ལ་བཤད་ཡག་གྱིས......” ཁོས་སྐད་བཏང་ནས་མ་ཚར་བར་ཨ་ཡེ་རིག་མོ་གང་སོང་ཆ་མེད་དུ་གྱུར།
ཁོས་རིག་པ་ཡོད་ཚད་བསྒྲིམས་ཏེ་ཨ་ཡེ་རིག་མོ་བཙལ། ཨ་ཙི། གན་ཆུང་མ་ཚེ་སྐྱིད་དང་བུ་ཆུང་དོན་གྲུབ་གཉིས་མིན་ནམ། ཁོ་རང་རྒྱུགས་ཐེངས་གཅིག་གིས་དེ་གཉིས་ཀྱི་སྔུན་བཀག་པ་དང“ཁྱོད་གཉིས་གང་ལ་འགྲོ་གྲབས་ཡོད། འདི་འགྲོ་ས་ཞིག་གཏན་ནས་མ་རེད། དམྱལ་བ་མནར་མེད་ཟེར་བ་དེ་མ་ཐོས་སམ” ཞེས་གསལ་བཤད་བྱས་ནས་མ་ཚར་གོང་ཆུང་མ་ཚེ་སྐྱིད་ཀྱིས་ངེས་ཤེས་ཅི་ཞིག་རྙེད་པ་ལྟར་བུ་ཆུང་དོན་གྲུབ་དམ་པོར་བསྡམས་ཏེ་སྐད་ཆེན་པོས་ངུས་བྱུང་། “ཚེ་སྐྱིད། ཁྱོད་རང་ངུས་ནས་ཅི་བྱེད། དེ་བས་ང་ཚོས་ཅིས་ཀྱང་ཐར་ལམ་ཞིག་བཙལ་ན་བཟང” ཁོས་ཆུང་མ་དང་བུ་ཆུང་གི་ལག་མགོ་གཉིས་ནས་ཁྲིད་དེ། ཕྱིར་འབྲོ་རྩིས་བྱེད་སྐབས་མུན་ནག་གི་རླུང་རྒྱུན་ཞིག་གམ་སྨུག་ལོང་ཞིག་གིས་བཏུམས་པས་ཅི་ཡང་མི་མཐོང་བར་གྱུར། སྐབས་དེར་ག་ཤེད་ཅིག་ནས“རྒྱོབ་རྒྱོབ་དང་སོད་སོད”ཟེར་བའི་ལས་མཁན་མང་པོའི་སྐད་སྒྲ་དང་ཤི་བོ་མང་པོའི་ངུ་འབོད་ཐོས་པས་ཆུང་མ་དང་བུ་ཆུང་ཡང་བསྐྱུར་ཏེ་བོས། འཇིགས་སྐྲག་ཟེར་བ་དེ་ཐེངས་དང་པོར་ཁོ་རང་གི་མགོར་ཡོང་བ་ཡིན་པས་དམིགས་ཡུལ་མེད་པར་གང་ཞིག་ཏུ་བྲོས་བྲོས་མཐར་མུན་ནག་གི་རླུང་རྒྱུན་དེ་དང་སྨུག་ལོང་དེ་རིམ་བཞིན་ཡལ་བར་གྱུར། ཡིད་སྐྱོ་བ་ཞིག་ལ་ཁོ་རང་ཐག་རིང་ཞིག་ཏུ་སོང་མེད་པར་ཕྱིར་ཆུང་མ་དང་བུ་ཆུང་གཉིས་ཀྱི་གམ་དུ་སླེབས་འདུག
“ཁྱོ་ག་ཁྲེལ་མེད་པོ” ཆུང་མ་ཚེ་སྐྱིད་ཀྱིས་ཁོའི་མིག་ནང་དུ་མེ་སྟག་མཆེད་པའི་འགྲམ་ལྕག་ཅིག་གཞུས་ཏེ་བུད་སོང་།
“ཕ་རྒན་མདོ་མེད་པོ”བུ་ཆུང་དོན་གྲུབ་ཀྱིས་ཁོའི་རྣ་ནང་དུ་འབྲུག་སྒྲ་ལྟ་བའི་འགྲམ་ལྕག་ཅིག་གཞུས་པས་ཁོ་རང་གཞི་ནས་རྨི་ལམ་མ་ཡིན་པའི་འཁྲུལ་སྣང་གི་རྨི་ལམ་དེ་ལས་ཕྱིར་སད་བྱུང་།
ཁོས་ཡང་བསྐྱར་མིག་ཟུང་ཆེ་ཆེར་བགྲད་དེ་ཞིབ་ཏུ་བལྟས་པར། ལག་ཏུ་དམ་པོར་འཆང་པའི་ཤེལ་ཕོར་གྱི་ཁ་སྟོད་དུ་ཇ་སྡོང་རྐང་གསུམ་གཅིག་ལ་གཅིག་འཁྲིལ་ནས་རང་འཁོར་རྒྱག་བཞིན་འདུག ཁོའི་བསམ་པར་དེ་རིང་དངོས་གནས་རང་གིས་ལྟོས་ངན་ཞིག་མཐོང་བྱུང་བསམ།


རྩོམ་ཡིག་སྔོན་མ།
ཁྲམ་པ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1