འཆི་བ།

དུར་མིག (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-31


ཉིན་མཚན་རེ་རེ་བཞིན་རི་ཁྲོད་འདི་ནས་ཆོས་པ་དག་མཇལ་མོད།


 གྲྭ་བཙུན་སྐོར་ཞིག་གིས་འཁོར་བ་ལ་གྱེས་ཕྱག་ཕུལ་བཞིན་འདུག


 རྡུལ་ཕྲན་སྟེང་ན་གཡོ་བའི་ཉི་ཤར་དང་ཉི་ནུབ།


 ཆུང་དུས་ཀྱི་དྭངས་གཙང་གི་བྱིས་སེམས་སྣེ་ནས།


 འཚོ་བའི་སྲུབས་ཀ་ལས་མི་རྟག་པ་སྙིང་ལ་གཟེར།


 ངལ་དུབ་ཀྱིས་མིག་ཟུང་གི་སུན་སྣང་མང་ཙམ་གླེང་གིན་འདུག


 བདག་གི་ལག་མཐིལ་ལས་དུས་ཚོད་ཀྱི་མཚན་མོ་རེ་རེ།


 མག་མོག་གི་རང་ཉིད་དྲན་དུ་བཅུག


 འཆི་བ།  མི་རྟག་པ།  ཡོད་ཚད་ཆུ་རུ་གྱུར།


 དེའི་རྐྱེན་གྱིས།


 མི་རྣམས་འདི་ལྟར་ཞགས་པའི་ནང་དུ་དྲུད་ནས་བགྲོད་བཞིན།


 རྣམ་གཡེང་གི་ཁྲོད་ནས་སེམས་ནང་ལ་སྨྲེང་བ་ལྷུངས་པ་ལྟ་བུ།


 སེམས་ཆུང་ཞིག་གནང་ས་མེད་པར་སྡུག་རྩུབ་སླར་ཡང་མངོན་ཡོང་།


 ངས་ཕ་ཡུལ་གྱི་དགུན་ཁ།


 སྐྱེ་འཆིའི་ལམ་གྱི་འགྲུལ་བཞུད་པ་དྲན་བཞིན་ཡོད་དམ།


 ཡང་ན།  ལམ་ཐིག་གཡས་གཡོན་གྱི་འགྲུལ་བ་རྒྱང་ལ་བཞུར་དུས།


 རང་ཉིད་གཅིག་པུ་ལ་འཆི་བ་འདི་དྲན་ཁོམ་ཨེ་ཡོད་སྙམ།


 སྐྱོ་དུབ་ཀྱི་ཁེར་རྐྱང་ནི་སྡོང་བོ་བགྲེས་པོ་ཞིག་དང་ཧ་ཅང་མཚུངས།


 སེམས་འགུལ་ཐེབས་པའི་རྨི་ལམ་སྟོང་བ།


 འཇིག་རྟེན་པ་སྐྱོ་ཡོང་ཞུ་དུས།


 ན་ཚོད་ཀྱི་རང་ཉིད་འབོར་བཞིན་སླར་ཡང་ངུས་བྱུང་།


 ༢


 ང་ཡི་ལག་ཟུང་འཁྱག་བྱུང་།


 མུན་པའི་ནང་དུ་གཙང་པོ་འདི་ཁེར་རྐྱང་ལ་བཞུར།


 ནམ་ཡིན་རུང་།  བྱེའུ་རྫོགས་མེད་ཅིག་ཐག་རིང་ལ་འཕུར།


 ལྷག་རླུང་ནང་དུ་མར་མེ་ཙག་སྒྲ་དང་བཅས་འབར་ཡོང་དུས།


 མི་རྟག་པའི་དར་ལྕོག་རླུང་གིས་གཡོ་ཙམ་གཡོ་ཙམ་བྱས།


 གྲྭ་ཤག་གི་སྟེང་གི་བྱ་སྐད་འདི་དག་ཞི་འཇགས་སུ་སོང་རྗེས།


 རུལ་དྲི་འཐུལ་བའི་དགོན་འདབས་སུ་མི་ཞིག་སླེབས།


 སྐབས་དེར།  སྐྱོ་གདུང་ལྷག་མ་རྡུང་ག་རྒྱག་གིན་འདུག


 ངས་ང་རང་ཁེར་རྐྱང་ཡིན་པ་གཞི་ནས་དྲན་ཡོང་།


 རེ་རེ་བཞིན་ཡིད་ལ་དྲན་ནས་ཡོང་།


 ཚེ་སྲོག་གི་སྐུད་པ།


 ནམ་ཞིག  ཕྱིར་འོང་མེད་པར་རྡོ་བ་འཁྱག་པ་ལ་འཐིམ་སྲིད།


 རྒས་ཉམས་ཀྱིས་དེད་པའི་མེ་ལོང་ནང་གི་རང་ཉིད།


 དངངས་སྐྲག་དང་སེམས་ཁྲལ་སྟེར་གྱིན་འདུག


 དེ་དང་དུས་མཉམ་དུ་ནར་སོན་པ་ནི་འཆི་བ་ཁོ་ན་སྒུག་ཡོད་པ་དང་འདྲའོ།


 (སྙན་ངག་བསྐུར་སའི་ཡིག་སྒྲོམ། 1171021424@qq.com) 


རྩོམ་ཡིག་རྗེས་མ།
ཕྱིར་ལོག་པའི་མི།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1