བོང་བུ་དང་འདྲ་བར་འཚོ་ཐུབ་ན།

མཛེས་སེ། (ཟི་ལིང་།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-31


དུད་འགྲོ་ཡིས་རང་གི་ན་ཚོད་རྒན་གཞོན་ལ་དོ་སྣང་བྱ་སྲིད་དམ།


 ང་ལྟ་བུའི་མི་སྤྱིར་བཏང་བ་ཞིག་གིས།དུད་འགྲོ་རྣམས་ཀྱི་ན་ཚོད་དང་དེ་ཚོའི་སེམས་སུ་ཅི་ཞིག་དྲན་གྱིན་ཡོད་མེད་རྟོགས་ག་ལ་ནུས།


 དུད་འགྲོའི་ནང་གསེས་བོང་བུ་ཡི་གདོང་ལ་གཉེར་མ་བབས་མི་འདུག་སྟེ།དེ་ཚོ་ངུ་སྐབས་སམ་དགོད་དུས་གང་ཡིན་རུང་།སྐད་གདངས་ལ་དབྱེ་བ་མེད་པ་འདྲ།


 བོང་བུའི་ལུས་ཡོངས་ཀྱི་སྤུ་མདོག་ནི་ཁ་བའམ་དངུལ་དཀར་དང་མཚུངས་པ་ཞིག་མིན་ཚེ།དེ་ཚོའི་མགོ་རུ་སྐྲ་དཀར་པོ་སྐྱེས་ཡོད་པ་ངས་གཏན་ནས་མཐོང་མ་མྱོང་།


 ང་རང་ཆུང་ངུའི་དུས་སུ་གྲོགས་པོ་བོང་བུ་དཀར་པོ་ཞིག་ཡོད་མྱོང་།དེང་སང་ང་ཚོའི་གྲོང་སྡེ་ནང་དུ་བོང་བུའི་སྐད་ཙམ་ཡང་ཐོས་དཀའ་བས། ང་ལ་བོང་བུ་གྲོགས་སུ་དགུག་པའི་གོ་སྐབས་བྲལ།


 ངའི་གྲོགས་པོ་མི་རྣམས་ཀྱིས་ཆེས་མི་འདོད་པ་ནི་ལོ་ན་ཇེ་ཆེར་སོང་ནས་རྒ་བའི་སྡུག་བསྔལ་མྱང་རྒྱུ་དེ་རེད།ཁོང་ཚོ་ལོ་རྙིང་བའི་མཐའ་མཇུག་གི་དུས་སྟོན་དང་ལོ་གསར་བའི་དུས་སྟོན་ཐོག་མ་དེ་ལ་རོལ་རྒྱུར་སྤྲོ་བ་ཡལ་ཚར།ཁོང་ཚོའི་ཐུགས་འདུན་ནི།ཟླ་བ་རེ་ལ་ཟླ་ལྷག་རེ་ཡོད་ན་ཅི་མ་རུང་སྙམ་པ་དེ་ཁོ་ནའོ།།


 མི་ཞེས་ཟེར་བའི་སྐྱེ་འགྲོའི་རིགས་འདི།ལན་རེར་བོང་བུ་རུ་གྱུར་ནས།ལོ་ཐོ་ལ་བལྟ་མི་དགོས་པའི་འཚོ་བ་རོལ་ཐུབ་ཚེ།དེ་ནི་བདེ་སྐྱིད་ཅིག་ཡིན་ཡང་སྲིད།


རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1