འཚོ་བའི་བཟི་སྣང།

མ་བྱན། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-31


འཚོ་བའི་བརྡབ་གསིག་གི་རྦ་རླབས་དྲག་ཏུ་འཕྱུར་གྱིན་པའི་དུས་སྐབས་འདིར། མི་རྣམས་ཀྱིས་རང་རང་ལ་དབང་བའི་འཚོ་བ་རེ་བསྲུང་ནས་ཡོད་པས། འཇིག་རྟེན་ནས་འཚོ་བ་རོལ་རྒྱུ་ནི་འཇིག་རྟེན་པ་ཞིག་གིས་ཅིས་ཀྱང་བསྒྲུབ་དགོས་ལ་འཁྱོངས་དགོས་པའི་དོན་དག་འགངས་ཆེན་ཞིག་ཡིན།


 འཚོ་བའི་འགྲན་རྩོད་ཀྱི་སེམས་ཤུགས་ཆེ་རུ་འཕར་གྱིན་པའི་དུས་ཚོད་འདིར། མི་རྣམས་ལ་ཕན་ཚུན་འགྲན་རྩོད་ཀྱི་སེམས་པ་འགོག་ཏུ་མི་བཏུབ་པ་ཞིག་ཡོད། ཁང་བ་དང་རླངས་འཁོར་སོགས་ཕྱི་ཡི་རྣམ་པའི་འགྲན་རྩོད་ཀྱིས་གཙེས་ནས་ཡི་ཆད་དུ་འཇོག་ལ། ཡོད་མེད་ཀྱི་རྒྱལ་ཕམ་བརྩད་ནས་དུས་ཚོད་སྟོང་ཟད་དུ་གཏོང་། མི་རྣམས་ཀྱིས་འཚོ་བར་ཁ་ལོ་བསྒྱུར་བ་ལས་འཚོ་བས་མི་རྣམས་ལ་ཁ་ལོ་བསྒྱུར་བ་མ་ཡིན་པར། རྒྱུན་ལྡན་འཚོ་བའི་ཁྲོད་ཕྱི་ཡི་ཟང་ཟིང་ཁོ་ན་ལ་དམིགས་པ་གཏད་ནས་འཚོ་བའི་ཆུ་ཚད་བསྡུར་རྒྱུ་མ་ཡིན་པར། རང་གི་དགའ་ཕྱོགས་ལྟར་རྩ་དོན་དང་དོན་སྙིང་ཡོད་པའི་སྒོ་ནས་འཚོ་བ་རོལ་རྒྱུ་ནི་གང་ལས་ཀྱང་དོན་ལྡན་ཞིག་ཡིན་པར་སེམས། དོན་དམ་པས་འཚོ་བའི་ཆུ་ཚད་ནི་ནང་སེམས་སྨིན་པ་ནས་འགོ་ཚུགས་དགོས་པ་ལས། ནང་སྨིན་ཡོང་བར་བསམ་གཞིག་མ་བཏང་ན་མིའི་འདོད་པ་ལ་ཚད་མེད་པས་རང་གི་འདོད་པ་ལྟར་གྱི་འཚོ་བ་ཞིག་སྲིད་མཐའ་ཙམ་སྟེ། འཚོ་བ་ལས་བདེ་སྐྱིད་ཅིག་རྙེད་པ་དཀའ་བར་སྙམ།


 འཚོ་བའི་རླབས་རྒྱུན་ཛ་དྲག་ཏུ་འགྱུར་གྱིན་པའི་དུས་ཚོད་འདིར། མི་རྣམས་ནི་ཤོག་བུས་བཟོས་པའི་ཤོག་བྱ་བཞིན་རང་ཚུགས་མེད་པར་རླུང་བའི་རྒྱུ་ཕྱོགས་དང་འགྲོགས་ནས་གང་སར་སྤུར་ལ། ནང་སྙིང་དང་རང་ཚུགས་བོར་བའི་ཤོག་བྱ་ཇི་བཞིན་གཡམ་རྒྱུགས་ཁོ་ན་ལ་གཡེང་ནས་དུས་འདའ་བ་ནི་མི་འོས་པ་ཞིག་སྟེ། རྙོག་འཛིང་གི་འཚོ་བ་ཇི་ལྟར་འུར་འུར་ཟིང་ཟིང་ཆེ་ཡང་རང་ཚུགས་དང་ལྡན་པར་འཚོ་བར་རོལ་རྒྱུ་ནི་འཚོ་བའི་སྲོག་ཤིང་ལྟ་བུ་ཡིན། སྲོག་ཤིང་མེད་པའི་འཚོ་བ་ནི་གསོག་གསོབ་ཅིག་ཡིན་པས། འཐུས་ཚང་གི་འཚོ་བ་ནི་སྲོག་ཤིང་སྲ་བརྟན་ཡོད་པ་ཞིག་ནས་འགོ་བརྩམ་དགོས།


 འཚོ་བའི་ཁ་ཕྱོགས་དམིགས་མེད་དུ་འགྱུར་བཞིན་པའི་དུས་ཚོད་འདིར། མི་རྣམས་ལ་ཕུགས་བསམ་དང་རེ་སྙེག་གང་ཡང་མེད་པར་ཐོ་ཡོར་ཞིག་དང་འདྲ་བར་ཀེར་ཀེར་གྱིས་འགྲེངས་ཡོད། མི་ཡུལ་ལན་གཅིག་འགྲིམས་པའི་སྐལ་བ་བཟང་པོ་ལ་ཤི་ཡང་ཕྱིར་མིག་ལྟ་སའི་རེ་སྙེག་ཅིག་ཡིད་ལ་བཅངས་ནས་བརྩོན་པ་བྱེད་པ་ལ་དོན་སྙིང་ཞེས་བྱ་ལས། དམིགས་འདུན་དང་ཁ་ཕྱོགས་མེད་པར་འཇིག་རྟེན་ཐོག་གསོན་པ་ནི་དོན་མེད་ཀྱི་ལས་ཤིག་མ་ཡིན་ནམ། དམིགས་ཡུལ་དང་ལྡན་པར་འཚོ་བ་ནི་སྤྲོ་སྣང་ཞིག་ཀྱང་ཡིན།


 གླུ་ཚིག་ཅིག་ཏུ་འཚོ་བ་ནི་གྱོན་གོས་འཁྱགས་པ་ཞིག་སྟེ། མ་གོན་ན་འཁྱགས་ལ་གོན་ན་ལྷག་ཏུ་འཁྱགས་ཞེས་པས་ཡིད་སེམས་ཡོམ་ཡོམ་དུ་སྒུལ་ལ། འཚོ་བར་སྡོམ་ཚིག་འདི་ལས་གཞན་མི་དགོས་སོ།། འཚོ་བ་ནི་རང་གི་འདོད་མོས་ལྟར་ཡོང་མིན་ནི་རང་ལ་རག་ལས་པས། ནན་ནན་ཏན་ཏན་གྱིས་འཚོ་བ་ལ་གོམས་པར་བྱས་ནས་འཚོ་བའི་སྒེའུ་ཁུང་ནང་རང་ཉིད་ལ་དབང་ཆོག་ཆོག་གི་ཉི་མ་ཞིག་འཆར་བར་ཤ་ཟད་རུས་ཐུག་གིས་འབད་བརྩོན་ཞིག་བྱེད་དགོས་པ་མ་ཡིན་ནམ།།


རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1