གསལ་བའི་འོད་དང་སེམས་ཀྱི་དྲོད།___གྲོགས་ཤིག་ལ་ཕུལ་བ།

སྒོ་རང་གྲོལ། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-31


རྟག་པར་ཆུ་ཕྲན་དྭངས་མོ་ཞིག་ལྟར་ཤར་ཤར་བཞུར་བའི་ཁྱེད་ཀྱི་སེམས་པ་ཨང་། ད་ལྟ་དེ་རིང་གི་གནམ་གཤིས་ལྟར་ཁ་བ་ཡུག་ཡུག་དང་གྲང་རླུང་འུར་འུར་བྱེད་ཀྱིན་ཡོད་པ་ངས་ལོས་ཤེས། གྲོགས་པོ། ད་ལོ་དགུན་ཁ་སླེབས་པ་དེ་འདྲའི་འཇམ་ཞིང་།


 ཡང་དེ་འདྲའི་ཀྱག་ཀྱག་ཆེ་བ་ལ། དེ་རིང་། ཁ་བ་འཚུབ་དྲག་པས་བདག་གི་རྒྱང་མིག་བཅད་སོང་། བདག་གི་དྲན་ཤེས་ཀྱང་དཀྲུགས་སོང་། ཁ་བའི་འདབ་མ་འདི་དག་གང་ནས་འོང་ངམ། ཡང་གང་དུ་བུད་འགྲོའམ། བདག་གིས་བུ་ཡུག་ཁྲོད་ཀྱི་འདབ་མ་རེ་རེ་རྣམ་ཤེས་རེ་རེར་ངོས་བཟུང་ནས་དེ་དག་རང་གི་ལག་མཐིལ་དུ་ལོན་ཐབས་བྱས་ཀྱང་། ཐ་ན་སྐར་ཆ་གཅིག་ཙམ་ལ་ཡང་བདག་གི་ལག་དྲོད་ཁུགས་སུ་འདུག་འདོད་མི་འདུག གྲོགས་པོ། འཇིག་རྟེན་ན་དུས་ཚོད་ཀྱིས་མ་བདས་པའི་རང་དབང་ཅན་ཞིག་དང་འཁོས་ཅན་ཞིག་གང་ན་ཡོད། འདྲེན་བྱེད་དང་སྐྱོབ་རོགས། སྐྱབས་བཅོལ་ཟེར་སའི་རང་དབང་ཅན་དང་ནུས་པ་ཅན་དེ་ཡང་གང་དུ་ཡོད་དམ། སྐར་ཆ་དང་སྐར་མ། ཉིན་མཚན། ལོ་ཟླ་གང་དུ་དེད་ཀྱང་རུང་ལ་བསྐལ་བ་སྟོང་ཞེས་བརྗོད་ཀྱང་རུང་སྟེ། མི་ཞིག་ལ་མཚོན་ན། ཡོད་ངོ་མ་ནི་ཚེ་རབས་འདིའི་འཇིག་རྟེན་ནམ། དངོས་ཡོད་དང་མངོན་སུམ་གྱི་དུས་ཚོད་སྟེ། སོ་དཀར་གྱི་ལང་ཚོ་ཡལ་བ་ནས་སྐྲ་དཀར་གྱི་ཕོ་ཉ་སླེབས་པའི་བར་རམ། ཡང་ན་ཅི་ལྟར་ཡིད་ཀྱི་བཙོན་ནས་ཐར་ཐབས་བྱས་ཀྱང་། དེ་ལྟར་སེམས་ནས་ཅི་ཞིག་བཤངས་འགྲོ་བ་དང་ལག་ནས་ཅི་ཞིག་ཤོར་འགྲོ་བ། སྐར་མདའ་བཞིན་གང་ཞིག་ཡལ་འགྲོ་བའི་དུས་ཚོད་དག་ལས་འདའ་ཐབས་མི་འདུག་ཨང་།


 འཇིག་རྟེན་སྐད་ཅིག་ཉིད་ལ་ཐོག་འོག་བརྗེ་པའམ། ཡང་ན་གནམ་ངོ་ཁྱུག་ཙམ་གྱིས་ཐང་དུ་བརྡིབ་ཀྱང་། དོན་ངོ་མར་སྐྱོ་དགོས་མི་འདུག སྲིད་ཁམས་ཀྱི་བྱ་དངོས་ཐམས་ཅད་དང་། སེམས་ཅན་གྱི་ཚོར་སྣང་མ་ལུས་པ། སོ་སྐྱེས་ཀྱི་མིག་མཐོང་རྣ་ཐོས་འདི་དག་སོགས། ངས་བལྟས་ན《ནུབ་བསྐྱོད་ཟིན་ཐོའི》 ནང་གི་ལྷ་མི་འདྲེ་དང་བཅས་པ་ཐམས་ཅད་སྤྲུལ་པའི་རང་བཞིན་དུ་གནས་པ་དེ་འདྲར་ཟད་པ་མིན་འགྲོ།


 གྲོགས་པོ། ངས་ཁྱེད་ལ་གྲོགས་པོ་ཞེས་བརྗོད་ན་མི་འཐུས་པ་འདྲ། མི་ཚོགས་ཀྱི་ཁྲོད་ནའམ། ངའི་རྣམ་རྟོག་གི་རབ་ཁ་རུ། ཁྱེད་ལས་གསལ་བའི་འོད་ཅིག་དང་ཁྱེད་ལས་ལྷག་པའི་དྲོད་ཅིག་མེད་པ་འདྲ། སེམས་ཞེས་པ་ནི་བཙལ་ནས་རྙེད་ཐབས་ཡོད་པ་ཞིག་མ་རེད། དེ་ཉིད་ནི་འགྱུར་བའི་རང་བཞིན་ཞིག་ལས་བསྒྱུར་ཏུ་རུང་བ་ཞིག་ཀྱང་མིན་པ་འདྲ། གང་ལྟར་། དེ་ཉིད་ཡོད་ངེས་ཅན་ཞིག་ཡིན་ལ་རྣམ་ཤེས་ཟེར་བའི་ངོ་བོས་རྒྱུན་མཐུད་རང་བཞིན་ཅན་ཞིག་ཡིན་བཏང་ན། ངས་སྐྱེ་བ་སྔ་ཕྱི་ཚང་མར་ཁྱེད་ཀྱི་ནང་སེམས་དང་ཁད་ཤིན་ཏུ་ཉེ་ན་འདོད། གྲོགས་པོ། ངས་ཆོ་མེད་པའི་སྐད་ཆ་དེ་འདྲ་བཤད་པ་ལར་ནས་མིན། ངས་ཚད་མར་མི་འགྲོ་བའི་རང་སེམས་ཀྱི་ཕྱི་ནང་གསེང་གསུམ་ཅི་ལྟར་བསློགས་ཀྱང་། རླུང་བུ་ལྟ་བུའི་ངེས་མེད་དང་གཟུགས་མེད་ཅིག་ལས། ནམ་མཁའ་ལྟ་བུའི་རྟག་བརྟན་དང་མཐའ་ཡས་ཤིག་ཚོར་ཏུ་མ་བྱུང་།


 གྲོགས་པོ། ཁྱེད་ཀྱིས་ཤེས་སམ། རང་སེམས་ནས་ཞིབ་རྩིས་རྒྱག་དུས། ང་རང་ལྷིང་པོ་བྱས་ནས་སྡོད་ཁོམ་ཡོད་དུས་ནི་ཁྱེད་དང་མཉམ་དུ་ཡོད་པའི་དུས་ཚོད་དག་ལས་འདས་མི་འདུག ངོ་མ་འདས་མི་འདུག ལྟོ་ཕད་རེའི་ནང་དུ་རྩམ་ཁུག་རེ་དང་འཁུར་བ་ཉུང་ཤས་རེ། དཔེ་ཆ་ཁ་ཤས་མཉམ་དུ་བརྫངས་ནས་ཟླ་བ་བཞིའི་འཚོ་ཆུས་འཐུས་པར་བྱས་ཤིང་། སློབ་གྲྭའི་ཁོར་ཡུག་ཏུ་རང་གཉིས་ལས་སུས་ཀྱང་མི་གོ་བའི་སྨྱོ་རྟགས་འདྲ་མིན་གྱིས་དུས་ཚོད་སྐྱེལ་སྟངས་ལ་ཕྱིར་འདང་རེ་བརྒྱབ་ན། ཅི་འདྲའི་ཡིད་ཡུལ་དུ་འོང་པ་ཞིག་རེད། ཅི་འདྲའི་རྣམ་དག་དང་ལྷད་མེད་ཅིག་རེད། གྱོན་གོས་ལ་ཁྱོད་ཀྱི་དང་ང་ཡི་ཁྱད་པར་མེད་ཅིང་། སྒོར་མོ་དག་ཁྱོའི་རེད་དང་ངའི་ཟེར་མི་སྲིད་པའི་ལོ་ཟླ་རིང་མོའམ། ཁྱེད་ཀྱི་དོན་ས་རུ་ང་རང་ཡོད་ཅིང་ང་ཡི་སེམས་ཁུར་ལ་ཁྱེད་ཀྱང་སྐྱོ་དགོས་པའི་ཉིན་མཚན་མང་པོ། ཐ་ན་དགེ་རྒན་གྱི་རྡུང་རྡེག་རེག་པར་ཡང་མང་ཉུང་མེད་པའི་དུས་ཚོད་དག་བསམ་ན། དེ་ལས་ལྷག་པའི་དུས་ཚོད་ཡིད་འགྲོ་ཞིག་སེམས་ཀྱི་འཆར་སྒོར་ཡང་ཤར་ཐབས་མི་འདུག བདག་གི་གྲོགས་པོ།


 ལོ་ཟླ་དེ་དག་ཏུ། རང་གཉིས་ལ་མངའ་བ་ནི་སེམས་པ་སེམས་ཀྱིས་ཤེས་ཤིང་བློ་ཁོག་སྐད་ཆས་མི་འདྲུད་པའི་ནང་སེམས་སྟེ། བཟང་ནས་མཉམ་དུ་དཔེ་ཆར་བལྟས་ཀྱང་རུང་ལ། ངན་ནས་གྱང་མཆོངས་བརྒྱབ་ནས་སློབ་གྲྭའི་ཕྱི་རོལ་ཏུ་དྲ་བའི་རོལ་རྩེད་ལ་རོལ་ཀྱང་རུང་། མདོར་ན་ལེགས་ཉེས་གང་དུ་སོང་ཡང་རང་གཉིས་ལས་གཞན་ཟེར་གྱི་རྗེས་འབྲངས་མི་སྲིད་པའི་ཡིད་ཆེས་དང་བློ་གཏད་དེ་དག ད་ལྟ་བསམ་ན་ཅི་འདྲའི་སྤམ་རྫུ་བྲལ་བའི་འཚོ་བ་ཕངས་སེམས་སྐྱེས་མི་དགོས་པ་ཞིག་མ་རེད་དམ།


 གྲོགས་པོ། ཁྱེད་ནི་མི་ཡ་རབས་ཤིག་ཡིན། རང་གཉིས་ཀྱི་སྐད་ཆས་བཤད་ན་མྱི་མཐོན་པོ་ཞིག་ཡིན། ད་རུང་རང་གཉིས་ཀྱི་སྐད་ཆ་ཞིག་གིས་ཁ་གསལ་བར་བྱས་ན། ཁྱེད་རང་མི་འགྲོ་ལུགས་ཤེས་མཁན་དང་ཚུགས་ཀ་ཡིས་ཐོན་མཁན་ཞིག་ཡིན། དྲང་པོར་བརྗོད་ན། ངས་ཁྱེད་ཀྱི་བྱ་སྤྱོད་དང་བསམ་ཕྱོགས་མང་པོ་ལས་ཡ་རབས་ཀྱི་བྱེད་སྟངས་ཅི་རིགས་ཤེས་པར་གྱུར་ཅིང་། མི་ཞིག་གི་མ་མཐའི་འགྲོ་སྟངས་དང་མི་གཞན་པར་ཅི་ལྟར་གཤིབ་དགོས་ལུགས་སོགས་ཚེ་ནོམ་ལྟ་བུའི་སྤྱོད་གཤིས་མང་པོ་ད་ལྟ་རང་ལུགས་སུ་ཆགས་ནས་འདུག


 གྲོགས་པོ། རང་གཉིས་ཀྱིས་ཕན་ཚུན་ལ་གདུག་སེམས་ཤིག་འཛིན་པ་ལྟ་ཅི། ཐ་ན་མི་དང་བྱ་བ་གཅིག་ལ་ཡང་མིག་ཚ་མི་དགོས་ཤིང་། རང་གཉིས་ལ་ཡང་མེད་མུག་གི་བསམ་པ་སྐྱེས་མི་སྲིད་ཅིང་། ཡང་རང་གཉིས་ཀྱི་སྐད་ཆ་ཞིག་སྤྱད་ནས་བཤད་ན། ངེད་གཉིས་ཀྱིས་རང་གཉིས་དམའ་སྣང་ཞིག་སྐྱེས་མ་མྱོང་ཨང་།


 དེའི་རྒྱུ་རྐྱེན་ཡང་རང་གཉིས་ཀྱི་དྭངས་གཙང་གི་ནང་སེམས་ལ་རག་ལས་ཤིང་། ཕན་ཚུན་ལ་ཞེ་མཐུན་ཞིང་ཡིད་ཆེས་པས་རེད་ལ། ཁྱེད་ཀྱི་གྲོགས་པོ་ང་ལ་ཁྱེད་མགུ་ཞིང་། ང་ཡི་གྲོགས་པོ་ཁྱེད་ལ་ང་རང་མགུ་བར་མ་ཟད། ཨ་གསར་གྱི་འགྱུ་ཕྱོགས་ཤིག་དྲུངས་ནས་བྱུང་མ་མྱོང་བས་རེད། གྲོགས་པོ། ངས་ཁྱེད་ལ་འདི་ལྟར་བརྗོད་ན་ཚིག་ལྷག་ཅིག་ཏུ་མི་འགྱུར་གྲང་།


 གྲོགས་པོ། ད་ལྟ་ང་རང་དམའ་བཞིན་འདུག ང་ཡོད་སའི་ཁོར་ཡུག་དང་ང་ཆས་པའི་ལམ་དག་ཏུ་མྱི་དམའ་མོ་ཤིན་ཏུ་མང་། མ་གཞི་འཇིག་རྟེན་འདིར་མྱི་མཐོན་པོ་ཤིན་ཏུ་ཉུང་ཨང་། རྫི་བག་དང་འཁྲབ་སྟོན་གྱི་གྲི་སོ་ཅི་འདྲའི་རྣོ་ཞིང་། རང་ཚུགས་དང་རིན་ཐང་གི་མདུང་རྩེ་དེ་འདྲའི་རྣོ་མེད་པར་ཆགས་མི་འདུག་གམ། དེ་བས་ང་རང་ཁྱེད་ལྟ་བུའི་མྱི་མཐོན་པོ་ལ་ཤིན་ཏུ་དགའ་ཞིང་དད། ཁྱེད་ལ་སྤམ་རྫུ་དང་གཡམ་རྒྱུག་གི་ངན་གཤིས་མེད་ཅིང་། ཁྱེད་ཀྱིས་རང་ཉིད་གང་ནས་འོང་བ་ཤེས་ཤིང་། གང་དུ་འགྲོ་དགོས་པའི་རྒྱང་མིག་ཀྱང་ཁྱེད་ལ་མངའ།


 སྡེ་མཐའ་ཤྭ་མོ་ཉུལ་ཉུལ་དང་ལུང་བ་ཕུ་དུང་གཏུབ་གཏུབ་ཅེས་ན་ཚད་ལས་འགོངས་འགྲོ་ཡང་། ང་རང་ཡང་ཟློག་མི་ཐུབ་པའི་དུས་ཚོད་དང་ན་ཚོད་ཀྱིས་དེད་ཅིང་། ལོ་ངོ་ཉི་ཤུར་སོན་མ་སོན་ནས་གཞན་སྡེ་ཏག་ཏག་འགྲིམ་ནས་ཆས་ཤིང་། ཁེར་རྐྱང་གི་འཚོ་བ་རྟག་བརྟན་མེད་པ་ཞིག་བསྐྱལ་ནས། ཡུལ་ངེས་མེད་ནས་དུས་ངེས་མེད་དུ་ཅི་ལྟར་འདུར་ཀྱང་། མཚམས་ལན་རེར་ངུ་དགོས་པ་དང་དགོད་དགོས་པ་ཡང་མི་ཤེས་པའི་ཚད་དེ་ཙམ་དུ་སླེབས་འགྲོ། སྐབས་དེ་དག་ཏུ། སྙིང་རྗེ་མེད་པའི་དངོས་ཡོད་དང་མི་ཚོགས་ཀྱིས་ང་ལ་ཞེ་བློ་མེར་བའི་བསམ་གཞིག་རེ་སྤྲད་ཅིང་ཡིད་ཆད་དུ་འཇུག་པ་ལས་གཞན། ག་དུས་ག་པར་ཡང་ང་དང་འབྲེལ་ཐག་ཆད་མེད་པ་ནི་ཁྱེད་ལས་སུ་ཡོད་ཨང་། གྲོགས་པོ། ང་རང་ཇི་ལྟར་སེམས་ངལ་གྱི་རྒྱ་མཚོའི་འཇིངས་སུ་ནུབ་ཅིང་། ཇི་ལྟར་ལུས་ངལ་བའི་རྡོ་བའི་ཐག་པས་དྲུད་ཀྱང་། ཁྱེད་དང་ལན་གཅིག་མཇལ་བས་ང་རང་སྐད་ཅིག་ཉིད་ལ་འདས་ཟིན་པའི་རང་གཉིས་ཀྱི་དག་གཙང་གི་དུས་ཚོད་ལྟ་བུར་ཁྲིད་ནས་འགྲོ་ཞིང་། གང་ནས་ཀྱང་རྙེད་ཐབས་མེད་པའི་སེམས་ཀྱི་ལོངས་སྤྱོད་དང་ཡིད་ཀྱི་དགོད་སྒྲ། ངོ་ཡི་འཛུམ་མདངས་ཤིག་རྒྱས་ཀྱི་ཡོད་པ་ཁྱེད་ཀྱིས་ཤེས་སམ།


 གྲོགས་པོ། ཁྱེད་ཀྱིས་ལོས་ཤེས་ཏེ། ང་རང་རྒྱུ་ཆེན་སྦྱིན་བདག་དང་འགྲོགས་མ་མྱོང་ལ་འགྲོགས་ཀྱང་མི་འདོད། ཤེས་ཆེན་མཁས་པ་དང་འཆད་མ་མྱོང་ལ་བཤད་ཀྱང་མི་འདོད། དཔྱོད་ཆེན་དཔོན་པོ་ཞིག་ཤེས་མ་མྱོང་ལ་ཤེས་ཀྱང་མི་འདོད། ང་ལ་མེད་དུ་མི་རུང་བ་ནི་རང་གཉིས་བར་གྱི་སྐད་ཆའི་རོལ་རྩེད་དང་། བྱ་བའི་སྨྱོ་རྟགས། སེམས་ཀྱི་གཤིས་ལུགས་སོགས། རང་གཉིས་ཀྱི་བར་ནས་བྱུང་བའི་འཚོ་བ་ཁྱབ་མི་ཆེ་ཡང་ཤིན་ཏུ་ཁྱད་པར་བ་དེ་ཡིན་ལ། གཞན་སུ་ཡིས་ཀྱང་སྤྲོད་ཐབས་མེད་ཅིང་། གཞན་གང་ནས་ཀྱང་རྙེད་དུ་མེད་པའི་རྫུན་འབག་བྲལ་བའི་སྤྱོད་ཚུལ་བྱིངས་དང་མི་འདྲ་བ་དེ་དག་ཅི་འདྲའི་རིན་ཐང་བྲལ་བས། ང་ལ་མེད་ན་ཐབས་མེད་ནི་དེ་དག་ཡིན་ཞིང་། དེ་དག་ནི་དངོས་གནས་འཚོ་བ་གཞན་གནོད་མེད་པའི་རང་ཡིད་དགའ་བ་ཉག་གཅིག་དེ་མ་རེད་དམ།


 གྲོགས་པོ། དེ་རིང་རང་གཉིས་མཉམ་དུ་ཡོད་ཀྱང་། ངོ་གདོང་ལ་འཛུམ་དཀར་མི་འདུག ཡིད་སེམས་ཀྱང་སྤྲོ་མོ་མི་འདུག རྩེད་མཚར་དང་སྨྱོ་རྟགས་ཀྱང་མི་འདུག དེ་རིང་གི་མི་ཚོགས་འདི་ཡང་ཅི་འདྲའི་སྟུག་པ་ལ། གྲོགས་པོ། འདི་འདྲའི་མི་ཚོགས་རུབ་པའི་ཁྲོད་ནས་རང་གཉིས་རིངས་པར་གྱུར་པ་ཐེངས་དང་པོ་མ་ཡིན་ནམ། ངས་ཀྱང་ཁྱེད་ཀྱི་མདུན་ནས་ངག་མི་འཆལ་བ་ཐེངས་དང་པོ་མ་རེད་དམ། དེ་རིང་ངས་རང་གཉིས་ཀྱི་རྩེད་མཚར་དང་སྨྱོ་རྟགས་ཀྱང་རྟག་བརྟན་ཐེར་ཟུག་ཅིག་མིན་པ་ཤེས་སོང་།


 ཡིན་ནའང་། གྲོགས་པོ། མི་ཞིག་ལ་མཚོན་ན། མི་ཚེ་ཟད་ཅིང་རྫོགས་པ་ནི་བཟློག་ཏུ་མེད་པའི་ཆོས་ཉིད་ཅིག་ཏུ་གྲུབ་པས། གལ་སྲིད་མི་ཞིག་གི་མི་ཚེ་རྫོགས་པར་ཡིད་ངོ་ནས་ངེས་ཤེས་མི་རྙེད་པར་འཛིན་པ་ཚད་འདས་བྱས་པ་ནི། དགུང་ཁའི་ནུབ་རིའི་རྒྱབ་ཀྱི་ཉི་མ་འཆར་ཀའི་ཚུལ་གྱིས་ཕྱིར་ལྡོག་པར་སྒུག་པ་དང་མཚུངས་པས། མི་ཞིག་ལ་མཚོན་ན་འཆི་བ་ནི་ཆེས་དང་ལེན་འོས་པའི་མཇུག་མཐའི་ལོག་མལ་དེ་རུ་སེམས་དགོས་པ་ལས། དེ་ཉིད་དངངས་སེམས་ཤིག་དང་བློས་མི་ཐོངས་བའི་དོན་དག་ཅིག་གཞར་ཡང་མིན་གྱི། དགའ་འོས་པ་ནི་བདག་གི་ཞང་པོ(ཁྱེད་ཀྱི་ཨ་ཕ།)དཀར་ངོགས་འདིར་ཡོད་དུས་ཀྱི་དུས་ཚོད་སྟེ། ཁོང་ཉིད་གཅམ་བུའི་ལས་ལ་མ་བྲེལ་ཞིང་། བསམ་དཀར་གཞུང་དྲང་དང་། དཀྱེལ་པོ་ཆེའི་ཚུལ་གྱིས་འདས་པའི་མི་ཚེ་དེ་རེད་ལ། གལ་སྲིད་མི་ཞིག་ལ་གཏན་བདེ་ཐོབ་པ་ཞིག་ཡོད་འོས་ན། དེ་ནི་བདག་གི་ཞང་པོ་ལྟ་བུའི་མི་བུ་འཚེ་མེད་དག་ལ་ཐོབ་འོས་པ་ལས། གཏམ་འདོད་ཚ་པོ་དང་གཡོ་ཁྲམ་ཅན་གྱི་མི་དག་ལ་ཅི་ནས་ཀྱང་ཐོབ་མི་སྲིད།


 གྲོགས་པོ། ཞེ་མ་སྨྲེང་། ཡིད་མ་ཕངས་དང་། སང་ཞོགས་ཤར་ཕྱོགས་ཀྱི་གནམ་སའི་ཁ་མཚམས་ནས་གསེར་འོད་ཀྱི་མདངས་བཀྲག་ཅིག་རྒྱས་འོང་པར་སོམས་དང་། སེམས་བཟང་གི་མི་ལ་བདེ་སྐྱིད་ཀྱི་དཔལ་འབར་བར་སོམ་ཉི་མི་དགོས། དགེ་སེམས་ཅན་གྱི་མི་ལ་མཐོ་རིས་ཀྱི་ཐར་བ་ཐོབ་པར་ནེམ་ནུར་ཅི་ཡང་བྱེད་མི་དགོས། གྲོགས་པོ། ཤུལ་ལུས་ཀྱི་མི་བུ་དག་གིས་བྱེད་འོས་པ་ནི་འདས་པོ་ཁོང་གི་ལུས་ངག་ཡིད་གསུམ་གྱི་སྤྱོད་པའི་དྭངས་མ་སེམས་སུ་ཉར་ནས་དེ་དག་རེ་རེ་བཞིན་རང་རྒྱུད་དུ་ཆགས་པར་འབད་པ་བྱེད་ཅིང་། དེ་ལྟ་བུའི་མི་བུ་བདེན་པ་ཞིག་འཇིག་རྟེན་འདིར་སླེབས་མྱོང་བ་ནི་ཁྱེད་ཀྱི་གཟི་བརྗིད་དང་ཁྱེད་ཀྱི་ཁྱིམ་མི་ཚོའི་བསོད་ནམས་ཡིན་པ་མི་བརྗེད་པར་བྱེད་པ་དང་། དེ་ལ་རྣམ་ཀུན་ཏུ་དྲན་གསོ་དང་བཀའ་དྲིན་ཞུ་དགོས་པ་དེ་རེད་འདོད།


རྩོམ་ཡིག་རྗེས་མ།
སྐེ་རགས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1